ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་གདེང་འཇོག
༄༅། །མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་སློབ་གསོའི་གླེང་མོལ་སྟེང་གི་གཏམ་བཤད།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།

མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་སློབ་གསོའི་གླེང་མོལ་སྟེང་གི་གཏམ་བཤད།

 ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།      བན་གོ
 
   གུས་པར་འོས་པའི་འགོ་ཁྲིད་རྣམ་པ།  མཛའ་བརྩེ་ལྡན་པའི་གྲོགས་པོ་རྣམ་པ། སྔ་དྲོ་བདེ་ལེགས།དེ་རིང་ང་ཚོ་ལྷན་དུ་གནའ་མཁར་ཟི་ལིང་ལ་འཛོམས་ཏེ། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་མི་རིགས་སློབ་གསོའི་གླེང་མོལ་ཚོགས་འདུའི་སྟེང་ལ་སྤྲོ་སྣང་ཆེན་པོའི་ངང་ནས་ཞུགས་ཐུབ་སོང༌། མཚོ་ལྷོ་ནི་ངའི་ཕ་ཡུལ་ཡིན་པ་དང༌། ངའི་མི་ཚེའི་སློབ་གསོའི་སྒོ་འཕར་ཕྱེས་ས་ཡིན་པར་མ་ཟད། ངའི་ལང་ཚོ་རྒྱས་ས་དང་རིག་གནས་ཤེས་བྱའི་རྨང་གཞི་བཏིང་ས་ཡིན་ལ། དེང་རབས་སློབ་གསོའི་འདུ་ཤེས་ཀྱི་གོམ་ཁ་དང་པོ་སྒྱུར་ནས་སྐད་གཉིས་སློབ་གསོ་ལ་ཚོད་ལྟའི་ལག་ལེན་བྱེད་ས་ཡང་ཡིན། དེ་རིང་འདིར་བཞུགས་ཀྱི་འགོ་ཁྲིད་རྣམ་པ་དང་གྲོགས་པོ་ལྷན་རྒྱས་ཚོ་དང་མཉམ་དུ་འཛོམས་ནས་མཚོ་ལྷོ་ཁུལ་གྱི་སློབ་གསོའི་ བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བཤུལ་ལམ་རྗེས་དྲན་བྱེད་པ་དང༌། གཡུར་དུ་ཟ་བའི་མི་རིགས་སློབ་གསོའི་འབྲས་བུའི་དཔལ་ལ་རོལ་པ་དང་ཆབ་ཅིག   རང་རྒྱལ་གྱི་སྤྱི་ཚོགས་དབྱིབས་འགྱུར་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པའི་སྐབས་ཀྱི་མི་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ཀྱི་ལོ་རྒྱུས་འོས་འགན་བགྲོ་གླེང་བྱ་རྒྱུ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱ་བཞག་གལ་ཆེན་ཞིག་རེད།
ཐེངས་འདིའི་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བཅོས་སྒྱུར་ནི་སྔར་ཡོད་ཀྱི་སློབ་གསོའི་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང༌། མ་འོངས་དམིགས་འབེན་གྱི་ཁ་ཕྱོགས་ལེགས་པར་བསྟན་པའི་རྨང་གཞིའི་སྟེང་ནས་དེང་རབས་སློབ་གསོའི་རྣམ་པ་ལ་ཇི་ལྟར་བློ་ཁ་ཕྱོགས་པའི་ཐད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། འདི་ནི་མདུན་སྐྱོད་རང་ བཞིན་དང་ཚོད་ལྟའི་རང་བཞིན། ལམ་སྟོན་རང་བཞིན་བཅས་ལྡན་པའི་བཅོས་སྒྱུར་ཤིག་ཀྱང་ཡིན། འདིའི་ཁྲོད་དུ་སློབ་གསོའི་ལས་དོན་པ་གང་མང་ཞིག་གི་སེམས་ཤུགས་འདུས་ཡོད་པར་མ་ཟད། སྤྱི་ཚོགས་དབྱིབས་འགྱུར་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་སྐབས་ཀྱི་མི་རིགས་སློབ་གསོའི་དུང་སེམས་དང་ཡིད་སྨོན་མཚོན་ཡོད་པས། ཚོགས་ཞུགས་པ་རྣམས་ཀྱིས་སློབ་གསོའི་བློ་ཁ་གཏན་འབེབ་བྱེད་པའི་ཐད་ལ་བསལ་བློའི་ལྟ་བ་འདོན་དགོས་པར་མ་ཟད། རང་རང་གི་མྱོང་བ་དངོས་ཀྱི་སྟེང་ནས་དགེ་སྐྱོན་གྱི་ཉམས་མྱོང་བརྗོད་པ་དང༌། མ་འོངས་འཕེལ་ཕྱོགས་ཀྱི་དཔེ་གཞི་ལ་བགྲོ་གླེང་ནན་མོ་བྱེད་དགོས་འདུག་པས།   བདག་གིས་གཤམ་གྱི་དོན་ཚན་འདི་དག་བཤད་རྒྱུ་ཡིན།
གཅིག འགྲན་རྩོད་དང་གོ་སྐབས་མཉམ་འཛོམས་བྱུང་ཞིང༌། ཁྱབ་མཉམ་དང་ཁུལ་བསྡུ་ལྷན་སྤེལ་བྱེད་པ།
ཚང་མས་ཤེས་གསལ་ལྟར། དུས་རབས་ཉེར་གཅིག་ལ་སླེབས་པའི་སྐབས་འདིར་འཛམ་གླིང་དཔལ་འབྱོར་སྣ་གཅིག་ཅན་དུ་འགྱུར་བཞིན་པ་ལྷན་དུ་མི་རིགས་རིག་གནས་ལའང་འཕོ་འགྱུར་གསར་བ་འབྱུང་བཞིན་ཡོད། དེའི་སྣ་མང་རང་བཞིན་དང་མཐུན་མིན་རང་བཞིན་སོགས་མཉམ་སྒྱུར་བྱས་ཤིང༌།      ཇེ་ཞན་དང་ཉམས་དམས་སུ་འགྲོ་བཞིན་ཡོད་ལ།ལྷག་པར་དུ་དཔལ་འབྱོར་ཐོན་སྐྱེད་དང་ཚོང་རའི་ཁྱབ་ཁོངས་སུ་གཞི་མཚུངས་ཅན་དུ་འགྱུར་བཞིན་པ་མངོན་གསལ་དོད་པོ་རེད། ཕྱོགས་གཞན་ཅིག་ནས་མི་རིགས་མི་འདྲ་བའི་རིག་གནས་སྣ་མང་བརྗེ་རེས་དང་ཁ་གསབ། སྤྱི་བསྡུས་སོགས་བྱས་པའི་རྣམ་པ་གསར་བ་ཞིག་ཀྱང་འབྱུང་བཞིན་ཡོད་ལ། སྲོལ་རྒྱུན་རིག་གནས་ཀྱི་རྫོང་སྟུག་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང༌། ཕྱི་རོལ་ལ་འབྲེལ་འདྲིས་ཉུང་པའི་རིག་གནས་ལ་མཚོན་ན། སྤྱི་ཚོགས་དབྱིབས་འགྱུར་དང་བསམ་བློ། ལྟ་བ། འདོད་མོས་སོགས་དབྱིབས་འགྱུར་བྱེད་པའི་འགག་རྩར་ཐུགས་ཡོད་ལ། རིག་གནས“མཐུན་ལ་མི་མཚུངས་པའི་”བསམ་ཚུལ་གྱི་མཐོ་རླབས་ཡང་བསྐྱར་འཕྱུར་བཞིན་ཡོད། བོད་ཀྱི་རིག་གནས་ཀྱང་དེ་ལས་མ་འདས་པ་དང་ལྷག་པར་དུ་བོད་ཁུལ་གྱི་སློབ་གསོའི་གནས་བབས་ལ་མཚོན་ན། དེ་མཚུངས་ཀྱི་ས་ཁུལ་ཁོར་ཡུག་གི་ཚད་བཀག་དང་དཔལ་འབྱོར་འཕེལ་རྒྱས་ལྟོས་བཅོས་ཀྱིས་རྗེས་ལུས་ཡིན་པ་དང༌།   སྤྱི་ཚོགས་དབྱིབས་འགྱུར་གྱི་གོ་རིམ་ཁྲོད་ནས་ཐོན་པའི་སྙོམས་སྒྲིག་གི་འགྲོས་དལ་པ་དང་གསར་གཏོད་ཀྱི་ཤུགས་ཞན་པའི་གནད་དོན་སོགས་ཡོད། རང་རྒྱལ་གྱི་ད་ཡོད་སློབ་གསོའི་རྒྱུགས་སྤྲོད་ལྟ་བའི་འོག་ཏུ་བོད་ཁུལ་གྱི་སློབ་གསོ་ལ་ཛ་དྲག་གི་འགྲན་རྩོད་ལྡན་པ་དང༌། ས་ཁུལ་མང་པོའི་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་བྱེད་མི་ཐུབ་ལ། སློབ་བྱོལ་གྲངས་ཚད་ཐེ་དམར་གཏོང་དཀའ་བ་སོགས་ཀྱིས་སྐད་གཉིས་སློབ་གསོ་ལ་དཀའ་ཁག་མང་པོ་བཟོས་འདུག ཡིན་ནའང་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་འདི་ལྟ་བུའི་གནས་ཚུལ་འོག་ཏུ་གོམ་ཁ་སྔོན་སྒྱུར་དང༌།   རང་ས་ལེགས་སྒྲུབ། ཞིང་ཆེན་ཡོངས་ལ་ཁ་གཏད་ནས་རོང་འབྲོག་སློབ་གསོའི་འཕེལ་རྒྱས་ཀྱི་དཔེ་གཞི་གསར་བ་སྐྲུན་པའི་བློ་སྤོབས་དང་སེམས་ཤུགས་བསྐྱེད་ཡོད་པ་དང༌། ཁུལ་ཨུ་དང་སྲིད་གཞུང་གི་གོམ་འགྲོས་རིམ་བགྲོད་དང༌། འོས་མཐུན་བདེ་ལམ་དུ་སྐྱོད་པའི་བསམ་བློ་འདི་ལ་ཤེས་ལྡན་ཡོངས་ཀྱི་བརྩི་བཀུར་དང་བསྟོད་བསྔགས་    འཐོབ་ངེས་ཡིན།
2006ལོར་ཀྲུང་གོའི་སློབ་གསོའི་ཞིབ་འཇུག་མདུན་སྤེལ་སྙན་ཞུའི་སྟེང་དུ་སློབ་གསོ་འདྲ་མཉམ་དང་ཁྱབ་མཉམ་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མིག་སྔར་རང་རྒྱལ་གྱི་སློབ་གསོའི་ཞིབ་འཇུག་ཁྲོད་ཀྱི་མདུན་སྤེལ་རང་བཞིན་དང་འགག་སྒོའི་གནད་དོན་རེད་ཟེར་ལ། ཤེས་ལྡན་མང་པོས་སློབ་གསོ་འདྲ་མཉམ་ནི་སློབ་གསོའི་ཐོན་ཁུངས་སྙོམས་སྒྲིག་བྱེད་སྐབས་ཀྱི་འོས་འགན་ཅན་གསུམ་གྱི་རྩ་དོན་ཏེ། འདྲ་མཚུངས་བརྩོན་ལེན་དང་ཁྱད་པར་བརྩི་འཇོག   བར་ཁྱད་ཁ་གསབ་བཅས་ཡིན་པར་སེམས། ལྷག་པར་དུ་འོས་འགན་སློབ་གསོའི་ཁྱབ་ཁོངས་ལ་མཚོན་ན། སྲིད་གཞུང་གི་བདག་གཉེར་འབུར་ཐོན་དང་།   འོས་འགན་སློབ་གསོ་བཅོས་སྒྲིག་བྱ་རྒྱུ་ནི་རང་རྒྱལ་ཀྱིས་སྤྱི་ཕན་ལས་འགན་ལ་ཁག་ཐེག་བྱས་པའི་མཚོན་བྱེད་ཅིག་ཡིན། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་མཚོན་ན《སློབ་གསོའི་བྱ་བའི་ཐད་ཀྱི་ཆོད་ཡིག》དང་《བཅོས་སྒྱུར་འཆར་གཞི》གཉིས་ཀྱི་སྟེང་ནས་གནད་དོན་འདིའི་གསལ་ཁ་ཐོན་པར་བྱས་ཡོད་ལ། ཚད་ལྡན་སློབ་གྲྭའི་འཛུགས་སྐྲུན་དང་མི་ཤུགས་ཐོན་ཁུངས་མཉམ་བསྲེས། འོས་མཚམས་ཀྱིས་ཐོན་ཁུངས་བཅོས་སྒྲིག དོ་དམ་དཔེ་གཞི་གསར་གཏོད་བཅས་བྱས་ནས་སློབ་གྲྭ་རྒྱ་བསྐྱེད་པ་དང༌། ཞིག་བསྲེས་བྱེད་པ། སློབ་མ་ཡུལ་སྤོ་བྱེད་པ་སོགས་ཀྱི་རྒྱུ་རིམ་ཁྲོད་དུ་སྲིད་གཞུང་གི་འགན་ཁུར་གསལ་བོར་མངོན་འདུག
《མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་བྱ་བའི་ཆོད་ཡིག》(གཤམ་དུ་ཆོད་ཡིག་ཟེར)ཁྲོད་དུ་ཐེངས་འདིའི་བཅོས་སྒྱུར་གྱི་བསམ་བློ་འཛུབ་སྟོན་དང༌།   རྩ་བའི་རྩ་དོན། འཕེལ་རྒྱས་དམིགས་འབེན་བཅས་གསལ་བོར་བཏོན་པ་དང༌། འདྲ་མཉམ། ཚད་ལྡན། བཅོས་སྒྱུར། འཕེལ་རྒྱས་བཅས་ཀྱི་བརྗོད་སྙིང་འབུར་དུ་ཐོན་ཡོད། འདི་ནི “འཛམ་གླིང་ཅན་”དང“དེང་རབས་ཅན”གྱི་རིག་གནས་རྒྱབ་ལྗོངས་ཆེན་པོའི་ནང་གི་བོད་ཁུལ་དེང་རབས་སློབ་ གསོའི་ལམ་ལུགས་ཀྱི་འཚོལ་རྟོགས་དང་གསར་བཞེངས་ཐེངས་གཅིག་རེད། མཚོ་ལྷོ་ཁུལ་གྱི་རྨང་གཞི་སློབ་གསོའི་བཅོས་སྒྱུར་གཏིང་ཇེ་ཟབ་དུ་གཏོང་བ་དང༌། རྨང་གཞི་སློབ་གསོ་ཇེ་ལེགས་སུ་ཡོང་རྒྱུའི་ཉེར་མཁོའི་དགོས་དབང་ཡང་རེད། མིག་སྔར་བོད་ཁུལ་སློབ་གསོའི་ལམ་ལུགས་ཀྱི་འཚོལ་རྟོགས་དང་ཚོད་ལྟའི་སྤྱིའི་ཆ་ནས་བལྟས་ན། དེང་རབས་སློབ་གསོའི་ལམ་ལུགས་ཀྱི་འཛུགས་སྐྲུན་དང་ལེགས་བཅོས་ཁྲོད་དུ་ངེས་པར་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པ་དང་ངེས་པར་དུ་སློབ་གྲྭའི་སློབ་གསོའི་ནུས་པ་རྒྱུན་འཁྱོངས་བྱེད་དགོས། མཚོ་ལྷོ་ཁུལ་གྱི《ཆོད་ཡིག》ནི་སློབ་གསོའི་ཡུལ་དངོས་ལ་རྟག་ཞིབ་མང་དུ་མཛད་པའི་རྨང་གཞིའི་སྟེང་ནས་གྲུབ་པ་ཡིན་པས། འོས་འཚམས་ཀྱིས་སྔོན་བརྒལ་བྱེད་པའི“སྐེ་རིམ་”གྱི་བསམ་མདུན་རྒྱུན་འཁྱོངས་དང༌། སྔོན་བརྒལ་ནན་བཤད་དང་ཚད་མཐུན་རྒྱུན་འཁྱོངས་བྱེད་པ། མི་རིགས་སློབ་གསོའི་ཐད་ཀྱི་མཐུན་སྤེལ་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་དང་ལག་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང༌། མི་རིགས་ས་ཁུལ་གྱི་མིག་སྔའི་གནས་བབས་ལའང་བསམ་བློ་བཏང་ཡོད་པ་རེད། དེ་ཡང་སློབ་གསོའི་དེང་རབས་ཅན་གྱི་འཚོལ་རྟོགས་དང་ཁྱད་ཆོས་མ་ཤོར་བའི་ཐད་དུ་བསྐྱེད་འཕོ་ཚད་ཡོད་དང་འདྲ་མཉམ་བརྟན་ཆགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ ཤིང༌། སྲིད་གཞུང་གིས་སློབ་གསོ་ལ་མཐོང་ཆེན་བླ་མེད་གནང་བ་དང་རང་གི་ས་གནས་སློབ་གསོའི་ཁྱད་ཆོས་ཀྱི་དམིགས་འབེན་བཟོ་བཀོད་གསལ་བོ་བྱས་པ་རེད། 《ཆོད་ཡིག》འདིས་སློབ་གསོའི་འདྲ་མཉམ་འཕེལ་རྒྱས་ཀྱི་ཐད་ནས་མཚོ་ལྷོ་ཁུལ་གྱི་མིག་སྔའི་སློབ་གསོའི་མཁོ་སྤྲོད་དང་དགོས་མཁོ་འོས་མིན་གྱི་ཆ་ལ་སྤྱི་ཡོངས་ནས་དབྱེ་ཞིབ་མཛད་པ་དང༌། སློབ་གསོ་ནི་མི་དམངས་ཀྱི་འཚོ་བ་ལེགས་སྒྲིག་བྱེད་པའི་རྩེ་མོར་བཞག་ཡོད་ལ། སྲིད་གཞུང་གི་དོ་དམ་བརྒྱུད་ནས་སྲིད་གཞུང་གིས་སྤྱི་སྤྱོད་ཞབས་ཞུ་མཁོ་སྤྲོད་ཞུ་བ་དང་འོས་འགན་སློབ་གསོ་འདྲ་མཉམ་དང་ཁྱབ་མཉམ་གྱི་འཕེལ་རྒྱས་ཁག་ཐེག་བྱས་ཏེ་སྤྱི་ཡོངས་ནས་མིག་སྔར་གྱི་སློབ་གསོའི་ཐོན་ཁུངས་ཁྱབ་མཉམ་མིན་པའི་གནས་བབས་ལ་དབྱེ་ཞིབ་མཛད་ཡོད་པ་དང། གྲངས་ཀ་འབོར་ཆེན་དང་དཔེར་བརྗོད་མང་པོ་བཀོད་ནས་འོས་འགན་སློབ་གསོ་ཁྱབ་གདལ་འཕེལ་རྒྱས་དང་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་ལ་གཏོང་པར་སྐུལ་འདེད་དང༌། དེ་མིན་《ཆོད་ཡིག》དང་འབྲེལ་བའི་འཆར་བཀོད་ཀྱང་བཟོས་ཡོད་ལ། འདི་ནི་མཚོ་ལྷོའི་སློབ་གསོའི་ལོ་རྒྱུས་སྟེང་གི་བཅོས་སྒྱུར་གཞི་རྒྱ་ཆེས་ཆེ་བ་དང༌། འབྲེལ་ཡོད་མི་སྣ་ཆེས་མང་བའི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐད་ཀྱི་བཅོས་སྒྱུར་ཆེན་པོ་ཞིག་ཡིན་པས། བོད་ཁམས་ཡོངས་ཀྱི་དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་ཆེན་པོའི་ཐད་ནས་བལྟས་ན།   མཚོ་ལྷོ་ཁུལ་གྱིས་སློབ་གསོའི་བཅོས་སྒྱུར་ཐད་ཀྱི་སྔོན་བསྐྱོད་དཔའ་བོའི་ཚབ་བྱས་ཡོད་པར་མ་ཟད། བཅོས་སྒྱུར་ལག་ལེན་ཐད་ཀྱི་རྒྱལ་ཁའི་འབྲས་བུ་དང་ཕམ་ཁའི་ཉམས་མྱོང་གང་ཡིན་རུང་བོད་རིགས་ས་ཁུལ་གཞན་དག་གི་སློབ་གསོའི་བཅོས་སྒྱུར་ལ་མཚོན་དོན་རང་བཞིན་ཅན་གྱི་དཔེ་གཞི་ཞིག་བསྐྲུན་ངེས་པས་ལེགས་ཉེས་གང་བྱུང་རུང་ཟུར་ལྟ་དང་སྔོན་འགོག་གི་དོན་སྙིང་ཆེན་པོ་ལྡན་ངེས་རེད།
གཉིས། སྐད་གཉིས་སློབ་གསོ་ལ་ཤུགས་སྣོན་བྱས་ཏེ་སྐད་གཉིས་མཉམ་སྤྱོད་ཀྱི་འབྲེལ་མཚམས་ལེགས་པར་མཐུད་དགོས།
མཚོ་ལྷོ་ཁུལ་ནི་སྔར་ནས་ཆོས་ལུགས་དད་མོས་སྣ་མང་ཅན་དང་རིག་གནས་འཇུ་སྟོབས་ཅུང་བཟང་ལ། མི་རིགས་འཆམ་མཐུན་མཉམ་གནས་བྱེད་སའི་བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པས།བོད་ཀྱིས་ཁུལ་གཞན་དག་དང་བསྡུར་ན་ལེགས་བསྡུ་མཉམ་སྤྱོད་དང་འཆམ་མཐུན་བདེ་འཇགས་ཀྱི་ས་གནས་ཤེས་རིག་གི་ཁྱད་ཆོས་ལྡན་པ་ཞིག་ཡིན། སྐད་གཉིས་སློབ་གསོ་ལ་ཤུགས་བསྣན་ན་སློབ་མའི་མ་འོངས་རང་བདག་ནུས་པ་གསོ་སྐྱོང་མཛད་པ་དང་ཤེས་རིག་བསྡུ་ལེན་གྱི་ཐབས་ལམ་དང་བདེ་ཐང་ཅན་གྱི་མི་ཚེའི་ལྟ་ཚུལ་ལེགས་པོ་ཡོང་པར་ཕན་ཆེན་པོ་ཐོགས་ངེས་ཡིན། དུས་རབས 20པའི་ལོ་རབས 80པའི་སྐབས་སུ་མཚོ་ལྷོ་གྱི་བོད་ཀྱི་སྐད་ཡིག་གི་བྱ་བ་ནི་ཞིང་ལྗོངས་ལྔའི་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང༌། སྐད་གཉིས་སློབ་གསོ་ལ་གནའ་ནས་རིམ་པ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་པོ་མཛད་པ་ཡིན་པས།འདིའི་ཐད་ཀྱི་བྱ་བའི་འབྲས་བུ་ཡང་གཡུར་དུ་ཟ་བ་བླངས་ཡོད།<<སྐད་གཉིས་སློབ་ཁྲིད་ཀྱི་བྱ་བ་ལ་ཤུགས་སྣོན་དང་ཇེ་བཟང་དུ་གཏོང་ཐབས་ཀྱི་བསམ་འཆར>>ཁྲོད་དུ་སྐད་གཉིས་སློབ་གསོའི་ལག་བསྟར་བྱེད་ཚུལ་དངོས་གཞི་དང༌། ཁྲིད་ཐབས་དང་པོ་དང་གཉིས་པའི་བཟོ་བཀོད།ཁྲིད་གཞིའི་འདེམ་སྟངས།དགེ་རྒན་དཔུང་ཁག་གི་འཛུགས་སྐྲུན་ལ་སོགས་པར་འབྲེལ་ཡོད་ཀྱི་ཐག་གཅོད་མཛད་འདུག་ལ།    སྐད་གཉིས་སློབ་གསོའི་གལ་ཆེན་རང་བཞིན་ལ་ནན་བཤད་གནང་འདུག སྐད་ཆ་ནི་རིག་གནས་ཀྱི་སྣོན་གཞོང་ཡིན་ལ་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། མི་རྣམས་ལ་འདིའི་ཐད་ཀྱི་རང་སྟེང་གི་ལྟ་ཚུལ་ཅིག་ཆགས་ཡོད་ངེས་ལ། ལྟ་ཚུལ་དེར་རིག་གནས་རྒྱབ་ལྗོངས་འདྲ་མིན་དང་མི་རིགས་འབྲེལ་བ། སྤྱི་ཚོགས་དབང་སྟོབས། ཆོས་ལུགས་དད་མོས་དང་སྐད་གཉིས་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་མང་ཉུང་བཅས་ཀྱི་ཤན་ཤུགས་ཐེབས་ངེས་ཡིན། དེ་བས་སྐད་ཆ་ལ་ཚོར་སྣང་རང་བཞིན་ལྡན། མིག་སྔར་གྲངས་ཉུང་མི་རིགས་ཁྲོད་དུ་སྐད་གཉིས་བེད་སྤྱོད་གཏོང་མཁན་གྱིས་གྲངས་ཉུང་མི་རིགས་སྤྱིའི1/3ཟིན་ལ། སྐད་གཉིས་གྱི་ཁྱབ་ཡུལ་ནི་མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ཁྲོད་དུ་བར་ཁྱད་ཆེན་པོ་ཡོད་ནའང༌། མཚོ་ལྷོ་ཁུལ་གྱི་སློབ་གསོའི་གནས་བབས་ལ་བལྟས་ན་སྐད་གཉིས་ཁྱབ་གདལ་དུ་བཏང་བའི་ཚད་ཅུང་མཐོ་ལ།   ས་ཁུལ་ཁ་ཤས་མ་གཏོགས་མང་ཆེ་བར་སྐད་གཉིས་ཁྱབ་གདལ་དུ་བཏང་ཡོད་པས་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ཕ་སྐད་སློབ་གསོ་སྙིང་བོར་འཛིན་པ་དང༌། ཕ་སྐད་སློབ་གསོའི་རྨང་གཞིའི་སྟེང་ནས་སྐད་གཉིས་སློབ་གསོ་དར་སྤེལ་ལ་གཏོང་རྒྱུ་ནི་མིག་སྔར་སློབ་གྲྭ་ཆུང་འབྲིང་དང་ཐ་ན་སློབ་ཆེན་སློབ་གསོ་དང་བཅས་པས་ངེས་པར་དུ་ཁ་གཏད་དགོས་པའིདངོས་ཡོད་གནད་དོན་ཞིག་རེད། གནད་དོན་འདིར་མཚོན་ན་ཐོག་མར་སྤྱི་ཁྱབ་འདུ་ཤེས་ལ་ཤུགས་བསྣན་ནས་དངོས་ཡོད་གནས་ཚུལ་དང་བསྟུན་དགོས་པ་སྟེ། རིགས་དབྱེ་ནས་འཛུབ་སྟོན་བྱེད་པ་དང༌།   ཁྱིམ་བདག་དང་སློབ་མར་རང་འདེམ་བྱེད་དུ་འཇུག་དགོས། ཁྲིད་ཐབས་དང་པོའི་ཁུལ་བསྡུ་དང་ཉིང་བཅུད་ལེགས་སྒྲུབ་བྱེད་པའི་ཚད་ལ་ཤུགས་སྣོན་པའི་བསམ་འཆར་བཏོན་ནས་བོད་ཡིག་གི་གསོ་སྐྱོང་མ་དཔེ་དེ་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་རྨང་གཞི་ལེགས་པོ་སྐྲུན་པ་དང་དེར་བསྟུན་ནས་བོད་ཀྱི་སྐད་ཆ་དང་ཡི་གེའི་རྩ་བའི་རྨང་གཞི་ལེགས་པོ་ཆགས་ཐུབ་པ་བྱེད་དགོས། མཐོ་འབྲིང་གི་སྐབས་སུ་འོས་འཚམས་ཀྱིས་རིགས་དབྱེ་ནས་ཁྲིད་ཐབས་སྣ་གཅིག་ཅན་ཁོ་ན་མི་བྱེད་པ་དང༌། ཁྱད་ཆོས་མངོན་གསལ་མིན་པ་ཅན་མང་པོ་གསོ་སྐྱོང་བྱས་ནས་སློབ་འཕར་སྐབས་སུ་འཚང་ཁ་རྒྱག་པ་དང་བྱ་བ་བཙལ་སྐབས་ལམ་སྒོ་འགག་ནས་ལས་གནས་བཙལ་མི་ཐུབ་པའི་སྣང་ཚུལ་སྔོན་འགོག་བྱེད་དགོས། སློབ་ཆེན་ནང་གི་མཚོ་ལྷོའི་སློབ་མའི་གནས་ཚུལ་ལ་བརྟག་ན་ཕལ་ཆེ་བར་སྐད་གཉིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང༌། སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་དང་མཉམ་མཐུན་འདུ་ཤེས་ཅུང་དྲག་ལ། ཕུལ་བྱུང་རིག་གནས་གཞན་དག་བསྡུ་ལེན་བྱེད་སྤྲོ་བ་དང༌། སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་འབྲེལ་མཚམས་ལྟ་ཚུལ་སྟེང་ནས་ཀྱང་ཐད་ཀར་མཐའ་གཉིས་སུ་ལྷུང་མཁན་ཡང་ཧ་ཅང་ཉུང༌། འདི་དག་ནི་སློབ་གྲྭ་ཆུང་འབྲིང་སྐབས་ཀྱི་རིག་གནས་མ་ལག་གི་འོས་འཚམས་སྒྲིག་བཟོ་དང་དོ་མཉམ་ལྷན་རྒྱས་ཀྱི་སྐད་གཉིས་སློབ་གསོ་དང་འབྲེལ་བ་ ཆེན་པོ་ཡོད་པར་སེམས། 
སློབ་གསོའི་སྤུས་ཀ་ཇེ་བཟང་དུ་གཏོང་བ་ལ་རྒྱུ་སྤུས་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་དགོས་ལ། དེ་ནི་སློབ་གསོའི་བཅོས་སྒྱུར་ལེགས་འགྲུབ་འབྱུང་རྒྱུའི་ཁག་ཐག་གི་སྲོག་རྩའང་ཡིན།     སློབ་གསོའི་སྤུས་ཀ་ཇེ་མཐོར་གཏོང་པ་དང་དགེ་རྒན་གྱི་རྒྱུ་སྤུས་ཇེ་བཟང་ལ་གཏོང་རྒྱུ་ནི་《ཆོད་ཡིག་》ལག་བསྟར་བྱེད་སྐབས་ཀྱི་གནད་འགག་ཡིན། དགེ་རྒན་དཔུང་སྡེའི་སྤྱིའི་སྤུས་ཀས་སློབ་གྲྭའི་སློབ་གསོའི་རྒྱུ་སྤུས་ཀྱི་བཟང་ངན་ཐག་གཅོད་བཞིན་ཡོད༌། མིག་སྔར་བོད་ཁུལ་སློབ་གསོའི་ཁྲོད་དུ་དགེ་རྒན་གྱི་སྤུས་ཀ་ཇེ་བཟང་ལ་གཏོང་རྒྱུ་ནི་ལྷོད་མི་རུང་པའི་དོན་དག་ཚབས་ཆེན་ཞིག་ཟེར། 《ཆོད་ཡིག་》ཁྲོད་དུ་འདིའི་ཐད་ཀྱི་དགོས་མཁོ་ལྟར་ལས་གནས་སྤྲོད་པ་དང༌། འདྲ་མཉམ་འགྲན་རྩོད། ཕྱོགས་གཉིས་ཀས་ལྷན་འདེམ་བྱེད་པ། ཞིབ་དཔྱོད་ནན་མོ་བྱེད་པ། གན་རྒྱས་དོ་དམ་བྱེད་པ་བཅས་ཀྱི་གཞི་རྩའི་སྟེང་ནས་དགེ་རྒན་རང་གཙོ་ཡིན་པའི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལ་གཞི་བཅོལ་ནས་དགེ་རྒན་གྱི་   གཙོ་སྙིང་གོ་གནས་འབུར་དུ་བཏོན་ཡོད་པར་མ་ཟད། སྒྲིག་ལམ་གྱི་ཐད་ནས་དགེ་རྒན་གྱི་གསོན་ཤུགས་རྟིང་སྐུལ་བྱེད་རྒྱུ་ཁག་ཐེག་བྱས་འདུག མིག་སྔར་སློབ་གསོའི་བྱ་བཞག་ཁྲོད་དུ་དགེ་རྒན་གྱི་སྲོལ་རྒྱུན་གོ་རྟོགས་ཀྱི་ཚད་གཞི་དེ་ཆེད་ལས་ཅན་གྱི་དུས་རབས་ཀྱི་ཆེད་ལས་ལ་སྤོ་རྒྱུར་འཛུབ་ཁྲིད་བྱེད་པའི་ཤུགས་སྣོན་བཞིན་ཡོད། སློབ་གྲྭ་ཆེན་མོ་དང་ཆུང་འབྲིང་མཉམ་འབྲེལ་གྱིས་ཆེད་ལས་སྒྲུབ་ནས་སློབ་གྲྭ་འཕེལ་རྒྱས་སུ་གཏོང་དགོས་པའི་བསམ་འཆར་འདོན་བཞིན་ཡོད་ལ། དགེ་རྒན་གྱིས་རང་གི་ཆེད་ལས་ལ་འབད་པའི་འདུ་ཤེས་གསལ་དགོས་པའི་རེ་བའང་འདོན་བཞིན་པ་དང༌། རང་གི་ཆེད་ལས་འཕེལ་རྒྱས་ཀྱི་དམིགས་འབེན་ཚད་ལྡན་བྱེད་པའི་ནུས་པ་དང་རང་ཉིད་དོ་དམ་གྱི་ནུས་པ། རང་གི་སློབ་གསོའི་བྱ་སྤྱོད་ལ་ཕྱིར་འདང་རྒྱག་པའི་ནུས་པ་ དང་རང་ཉིད་ལ་གདེང་འཇོག་བྱེད་པའི་ནུས་པ་སོགས་འཛོམས་དགོས་པའི་རེ་བ་ འདོན་བཞིན་ཡོད། བོད་ཁུལ་གྱི་སློབ་གསོའི་གནས་བབས་ལ་བལྟས་ན་དགེ་རྒན་གྱི་ཆེད་ལས་ཀྱི་དབྱེ་བ་མི་གསལ་བ་དང༌། རིག་གཞུང་ཆེད་ལས་ཀྱི་དབྱེ་བ་མི་འབྱེད་པའི་སྣང་ཚུལ་ཡོད་ལ། བོད་ཡིག་དགེ་རྒན་མང་ཆེ་བ་ཞིག་གིས་སློབ་ཚན་སྣ་མང་གི་སློབ་ཁྲིད་ཀྱི་འགན་ཁུར་འདུག་པས། རིག་གཞུང་ཆེད་ལས་ཀྱི་སྤུས་ཚད་ཅུང་ཞན། དེ་བས་སློབ་མར་མཚོན་ན་རིག་ཚན་གྱི་གོ་དོན་ལ་མགོ་ཉོག་པ་དང༌། དུས་ཡུན་རིང་བོར་ཆེད་ལས་ཐ་སྙད་ཚད་ལྡན་ཅན་དུ་གཏོང་མ་ཐུབ་པས་གོ་དོན་ཉོག་ཅིང་བརྗོད་དོན་གསལ་བོར་བཤད་མི་ཐུབ་པ། ཀུན་ཚབ་གཅིག་འཐུས་བྱེད་པ་བཅས་ཀྱི་ཉེས་སྐྱོན་འབྱུང་བཞིན་ཡོད་པ་དང༌། སློབ་ཆེན་འགྲིམ་སྐབས་ཀྱང་རིག་ཚན་ཆེད་ལས་འདེམ་ཡུལ་ཉུང་པ་དང༌། ཆེད་ལས་སྣ་གཅིག་ཅན་གྱིས་བགྲོད་ལམ་འགག་པ། ཤེས་བྱའི་སྒྲིག་གཞི་ཕྱོགས་སུ་ལྷུང་བ། གསོ་སྐྱོང་དཔེ་དབྱིབས་འདྲ་མཚུངས་ཡིན་པ་སོགས་ཞན་ཆ་ཧ་ཅང་མང༌།དེ་བས་མིག་སྔརགྱི་བརྟག་ཞིབ་གནས་ཚུལ་ལྟར་ན། སྐད་གཉིས་དགེ་རྒན་གྱི་ཆེད་ལས་རིག་ཚན་གསོ་སྐྱོང་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་དོན་དག་གལ་ ཆེན་ཞིག་རེད། དགེ་འོས་མ་ཡིན་པའི་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་ལས་ཅན་ཁོ་ན་གསོ་སྐྱོང་བྱེད་པ་ལས་དགེ་ཐོན་སློབ་གྲྭ་ཅན་གྱི་རིག་ཚན་སྦྱོང་བརྡར་བྱེད་པའི་ཕྱོགས་སུ་སྤོ་དགོས་ལ། ལྷག་པར་དུ་ཁྲིད་ཐབས་དང་པོའི་དགེ་རྒན་ལ་མཚོན་ན་ཆེད་ལས་ཆུ་ཚད་གསོ་སྐྱོང་དང་ཇེ་བཟང་ལ་གཏོང་བར་ཤུགས་སྣོན་པའི་ཞོར་དུ་བསླབ་ གཞིའི་བདམ་གསེས་དང་ལོ་ཙཱ། བསླབ་བྱའི་ཟུར་ལྟའི་ཡིག་ཆ་ཁ་སྣོན་བྱེད་པའི་    ཕྱོགས་ལ་ཕན་འབྲས་ལྡན་པའི་ཁག་ཐེག་ཅིག་མཁོ་སྤྲོད་བྱ་རྒྱུ་ཧ་ཅང་གལ་ཆེ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号