ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > སློབ་གསོའི་དགོངས་པ།
༄༅། །རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་གྱི་རིམ་པ་ནི་སྐྱེ་དགུའི་ཕན་བདེ་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱ
སྤེལ་དུས།05-27  ཡོང་ཁུངས།  རྩོམ་པ་པོ། དགེ་རྒན་ཆེན་མོ། སངས་རྒྱས་རྒྱལ

[ནང་དོན་གནད་བསྡུས།]བོད་ཡུལ་དུ་དར་བའི་ནང་བ་སངས་རྒྱས་ཀྱི་བསྟན་པ་ནི་ཆོས་ལུགས་གཞན་དང་མི་འདྲ་བར། རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་གནོད་འཚེ་སྤོང་བ་དང་ཕན་པ་སྒྲུབ་ཚུལ་སྟོན་པའི་ལམ་ཡིག་རྣམ་དག་ཡིན་པ་དང་། རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ནི་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོ་འདུས་ཞིང་། འགྲོ་བ་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བ་འབྱུང་བའི་ཐབས་ལམ་མ་ནོར་པ་བསྟན་ཡོད་པས། འཛམ་གླིང་སྣོད་བཅུད་ཉེན་ཁ་ལས་སྐྱོབ་པ་དང་ཕན་བདེ་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་ལམ་ཡིག་ཆེན་མོ་ཡིན་པ་དང་། བོད་ཡུལ་སྣོད་བཅུད་ཀྱི་ཕུན་ཚོགས་ནི་འདི་འདྲའི་རིག་གནས་ཀྱི་འབྲས་བུ་ཡིན་པས། འཛམ་གླིང་སྣོད་བཅུད་ཕུན་ཚོགས་ཀྱི་རྒྱུན་སྐྱོང་བྱ་བར། ཐོག་མར་བྱང་ཆུབ་ལམ་རིམ་ལྟ་བུའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྲུང་སྐྱོབ་དང་བེད་སྤྱོད་རྒྱུན་སྐྱོང་དར་སྤེལ་བྱ་བར་འབད་རིགས་པའི་འདོད་ཚུལ་བརྗོད་ཡོད་དོ། །

[གནད་འགག་གི་ཚིག]ནང་བ་སངས་རྒྱས། བསྟན་པ། བོད་ཡུལ། སྣོད་བཅུད། ལམ་རིམ། རྒྱུན་སྐྱོང་ཐུབ་པ། སློབ་གསོ།
                                                                                             
༄༅། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །རྣམ་འདྲེན་ཤཱཀྱའི་རྒྱལ་པོར་གུས་ཕྱག་འཚལ། །འཇམ་དབྱངས་བླ་མའི་བློ་གྲོས་མཁའ་ལ་བྱམས་བརྩེ་ཉི་མའི་དཀྱིལ་འཁོར་རྒྱས། །གྲངས་མེད་བསྐལ་བར་བཟང་བའི་དཔལ་གྱིས་རྒྱལ་སྲས་སྤྱོད་པ་ལྷུར་བཞེས་ནས། །ཕན་བདེ་འབྱུང་གནས་ དམ་ཆོས་བདུད་རྩི་བཤད་སྒྲུབ་ཟུང་གིས་ལེགས་བསྐྱངས་པས། །སེམས་ཅན་རྒྱ་མཚོའི་དཔུང་གཉེན་གྲགས་ལྡན་བཤེས་གཉེན་རྣམས་ཀྱིས་དགེ་ལེགས་སྩོལ། །དེ་ཡང་རང་ཅག་འགྲོ་བ་སེམས་ཅན་ཐམས་ཅད་འཚོ་ཞིང་གནས་པའི་འཛམ་བུ་གླིང་གི་ཁྱིམ་ཚང་ཆེན་པོ་འདིར།  ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ས་གཞི་རི་ཀླུང་ནགས་ཚལ་སོགས་ནི་མི་དང་བཅས་པའི་ནང་བཅུད་ཀྱི་འཇིག་རྟེན་གྱི་འགྲོ་བ་སེམས་ཅན་ཐམས་ཅད་འཚོ་ཞིང་གནས་པའི་གཞི་རྟེན་དུ་གྱུར་ཡོད་པས། ཕྱི་ནང་གི་འཇིག་རྟེན་མཐའ་དག་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་སྐྱེ་བ་དང་གནས་པ་དང་འཇིག་བཞིན་ཡོད་པ་ནི་སྣོད་བཅུད་བར་གྱི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་སྟེ། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་སྟེང་གི་རི་ཆུ་ནགས་ཚལ་སོགས་དང༌། ས་འོག་གི་རིན་པོ་ཆེའི་གཏེར་ཁ་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཉམས་པ་མེད་པར་ཡུན་ནས་ཡུན་དུ་རྒྱུན་སྐྱོང་ཐུབ་ན། དེ་ལ་བརྟེན་པའི་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་ཀྱང་རང་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཚོ་གནས་ཀྱི་རྟེན་གཞིར་གྱུར་པའི་ཕྱི་སྣོད་ཀྱི་ཕུན་ཚོགས་ལ་བརྟེན་ནས་ཕན་བདེའི་རྒྱུན་སྐྱོང་ཐུབ་ལ། དེ་ནི་སེམས་ཅན་སྤྱི་དང་ཁྱད་པར་འགྲོ་བ་མིའི་བསམ་པ་དང་སྤྱོད་ལམ་ཇི་འདྲ་ཞིག་  བསྟེན་རྒྱུ་ལ་ཐད་ཀར་འབྲེལ་ཞིང་། གལ་ཏེ་འགྲོ་བ་ཕན་ཚུན་བར་དུ་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་བྱམས་པ་དང༌། གཞན་བདེ་བ་དང་ལྡན་འདོད་ཀྱི་སྙིང་རྗེ་སོགས་བསམ་སྦྱོར་ཕུན་སུམ་ཚོགས་པ་སྐྱོང་ནུས་ན། སྣོད་བཅུད་རྟེན་འབྲེལ་གྱི་རང་བཞིན་ཡིན་པས། སྐྱེ་འགྲོ་ཡོངས་ཀྱིས་གནས་སྐབས་སུ་ཕན་པ་དང་མཐར་ཐུག་བདེ་བའི་འཚེ་མེད་ཞི་བའི་དོན་གྱི་བདེ་བ་ལ་ཡུན་རིང་དུ་ལོངས་སྤྱོད་ཐུབ་པའི་སྐལ་བ་རྨད་དུ་བྱུང་བ་ཞིག་འབྱུང་ཐུབ་པ་ཐེ་ཚོམ་མེད་པ་གཟིགས་ནས། གང་ཞིག་གཟིགས་ཤིང་གསུང་པ་ཡི། ། མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །ཞེས་གསུངས་པ་ལྟར། གནས་འདི་ནི་འགྲོ་བ་ཐུན་མོང་གི་གནས་སྐབས་དང་མཐར་ཐུག་གི་བདེ་སྡུག་དང་འབྲེལ་བའི་དོན་ཆེན་པོ་བླ་ན་མེད་པ་ཞིག་ཡིན་པས། དེ་ལ་རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བ་བྱང་ཆུབ་ལམ་རིམ་དང་སྦྱར་ཏེ་རང་གི་གོ་བ་ཙམ་གླེང་བར་བྱའོ། །
 
དང་པོ། སྣོད་བཅུད་ཀྱི་ཕན་བདེ་རྒྱུན་སྐྱོང་མི་ཐུབ་པའི་རྩ་བ་ནི་སེམས་ཅན་རིས་སུ་བཅད་པས་ལན་པ།
ད་ལྟ་འཛམ་བུ་གླིང་གི་མི་རྣམས་ཀྱིས་ཕྱིའི་དངོས་པོའི་གནས་ལུགས་ལ་ཤེས་རྟོགས་རྒྱས་པའི་ཚན་རིག་གི་རིག་གནས་དར་ཁྱབ་བྱུང་བ་ལས། འཕྲུལ་ཤུགས་སྣ་ཚོགས་མཐོང་བ་དང་དེ་ལ་བརྟེན་ནས། གཞན་དང་ཡུན་གྱི་ཕན་བདེ་ལ་ཅི་མི་སྙམ་པར། ལ་ལས་རང་གཅིག་པུའི་ཚེ་འདིའི་འདོད་པ་ཙམ་མམ། ལ་ལས་རང་གི་མི་རིགས་སམ་གྲུབ་མཐའ་ཙམ་མམ། ལ་ལས་རང་གི་རྒྱལ་ཁབ་ཙམ་མམ། ལ་ལས་འགྲོ་བ་མི་གཅིག་པུ་ཙམ་གྱི་གནས་སྐབས་ཁོ་ནའི་འཕྲལ་གྱི་འདོད་ཡོན་ཕྲ་མོ་ཙམ་ལ་དམིགས་ནས། ཡུན་རིང་དུ་རྔམ་སེམས་ཆེན་པོས་ཕྱི་སྣོད་ཀྱི་ཕུན་ཚོགས་ལ་ངོམས་མེད་དུ་སྲེད་འདོན་དང་ལོངས་སྤྱོད་པ་དང་སྤྱད་པའི་འབྲས་བུས། སེམས་ཅན་ཐུན་མོང་གི་ཚེ་རབས་མང་པོར་བསོད་ནམས་བསགས་པའི་འབྲས་བུ་སྟེ། ཕྱིའི་གངས་རི་དང༌། ནགས་ཚལ་དང༌། རྩྭ་ཐང་དང༌། མཚོ་དང༌། ཆུ་ཀླུང་དང༌། རིན་པོ་ཆེའི་གཏེར་ཁ་སོགས་ཀྱི་ཟུངས་རིམ་གྱིས་ཟད་དེ། དེ་ལ་གནས་པའི་སེམས་ཅན་རིགས་མང་པོའི་རྟེན་གཞི་ཉམས་ནས་རང་བཞིན་གྱིས་སྟོངས་པ་དང༌། འཕྲུལ་རྫས་ཀྱི་དུག་རླངས་སོགས་ལས་ཐོན་པའི་དུག་རྫས་ཀྱིས། སྐྱེ་འགྲོ་ཡོངས་ལ་སྐད་ཅིག་ཀྱང་འབྲལ་ཐབས་མེད་པའི་མཁའ་རླུང་དང་ཆུ་བོ་གཙང་མ་རྣམས་ཡང་རྫབ་པས། དེ་རྣམས་རིམ་གྱིས་ཉམས་ནས་འགྲོ་བ་རྣམས་ལ་མི་འདོད་པའི་སྔོན་མེད་ཀྱི་རིམས་ནད་གསར་བ་སྣ་ཚོགས་པ་བསྐྱེད་བཞིན་ཡོད་པ་དང༌།འཕྲུལ་གྱི་འཁོར་ལོ་སྣ་ཚོགས་འཁོར་དྲགས་པས། ནམ་མཁའི་རླུང་ཁམས་ཀྱི་འབྱུང་བའང་ཇེ་དྲོད་དུ་སོང་ནས་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་གངས་རི་སོགས་རིམ་གྱིས་ཉམས་བཞིན་ཡོད་པ་དང༌། ས་འོག་གི་རིན་པོ་ཆེའི་གཏེར་ཁ་སོགས་ཤུལ་མེད་དུ་བཏོན་པས། དེ་ལ་རྟེན་ཅིང་འབྲེལ་བའི་འབྱུང་ཁམས་བཏང་སྙོམས་པ་དཀྲུགས་ནས། འབྱུང་བ་མ་སྙོམས་པ་ལས་ས་དང་ཆུ་དང་མེ་དང་རླུང་གི་འཇིགས་པ་བར་མེད་དུ་བྱུང་དང་འབྱུང་བཞིན་ཡོད་པ་ནི་མི་རྣམས་ཀྱིས་རགས་ཙམ་མཐོང་དང་མྱོང་བཞིན་པ་དང་། དོགས་གནས་སུ་གྱུར་བཞིན་ཡོད་ནའང་། མི་རྣམས་རང་གི་ཚེ་འདིའི་ནོར་ལོངས་སྤྱོད་སོགས་འདོད་ཡོན་ཕྲ་མོ་ལ་སྲེད་པ་དང་ཆགས་པས་བཅིངས་པའི་དབང་གིས། དེའི་ཀུན་ནས་བསླངས་ཏེ་བརྩམས་པའི་བྱ་བྱེད་སྣ་ཚོགས་ལས། དངོས་ཤུགས་གང་རུང་གི་སྒོ་ནས་མི་དང་བཅས་པའི་སེམས་ཅན་གཞན་ལ་གནོད་ཅིང་འཚེ་བའི་འབྲས་བུ་ཡིད་དུ་མི་འོང་བ་སྡུག་བསྔལ་སྣ་ཚོགས་པ་ཞིག་ཞར་ལ་བསྐྱེད་བཞིན་ཡོད་པའང་མངོན་སུམ་ཚད་མས་མཐོང་བཞིན་ཡོད་ནའང༌། ད་དུང་སྔར་བཞིན་རྒྱུན་མ་ཆད་པར་སྤྱོད་པ་དེ་འདྲ་ལ་གནས་ནས། རང་ཅག་སེམས་ཅན་ཐུན་མོང་གི་ཕ་ཡུལ་གཅིག་བུ་སྟེ། སའི་གོ་ལ་ཟླུམ་པོ་སྟེང་གི་ཕུན་སུམ་ཚོགས་པ་རྣམས་ཡུན་རིང་དུ་རྒྱུན་སྐྱོང་མི་ཐུབ་པའི་ཉེན་ཁ་ཚབས་ཆེན་ཞིག་ལ་ཐུག་བཞིན་ཡོད། ཚུལ་འདི་མཐོང་ནས། འཛམ་བུ་གླིང་གི་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ། གྲུབ་མཐའ་མི་འདྲ་བའི་མཁས་དབང་དམ་པ་རྣམས་ཀྱིས་སྣོད་བཅུད་ཉམས་རྒུད་ལས་སྐྱོབ་པའི་དོན་ཆེན་པོ་འདི་ལ་སེམས་ཁུར་དོ་སྣང་དང༌། སྣོད་བཅུད་ཕུན་ཚོགས་ཀྱི་རྒྱུན་སྐྱོང་བའི་བྱེད་སྒོ་སྣ་ཚོགས་ཤུགས་ཆེན་པོའི་སྒོ་ནས་སྤེལ་བཞིན་ཡོད་ལ། ཁྱད་པར་དུ་ཉེ་བའི་ཆར། རྒྱལ་ཁབ་ཉིས་བརྒྱ་ལྷག་གིས་ཡུན་རིང་གྲོས་མཐུན་བྱུང་བའི་སྒོ་ནས་སའི་གོ་ལའི་བཅའ་ཡིག་ཅེས་པ་ཞིག་བརྩམས་ཏེ་འགྲེམ་སྤེལ་བྱས་ཡོད་པ་ལས། སའི་གོ་ལ་ནི་སེམས་ཅན་ཐུན་མོང་གི་ཁྱིམ་གཞི་ཡིན་པ་དང༌། སའི་གོ་ལའི་གནས་བབ་དང་ཉེན་ཁ། ཐུན་མོང་གི་ལས་འགན། རྩ་དོན། མདུན་གྱི་བགྲོད་ལམ་བཅས་ཞིབ་ཏུ་བཀོད་ཡོད་ལ། དེའི་རྩ་དོན་ལས་སེམས་ཅན་སྤྱིའི་བདེ་སྡུག་ལ་བརྩི་འཇོག་དང་སེམས་ཁུར་བྱ་དགོས་པ་དང༌། སྣོད་ཀྱི་འབྱུང་ཁམས་དོ་སྙོམས་ཆ་ཚང་བར་གནས་དགོས་པའི་རང་བཞིན་དང༌། སྤྱི་ཚོགས་དང་དཔལ་འབྱོར་ལུགས་དང་མཐུན་དགོས་པ་དང༌། གནོད་འཚེ་མེད་པའི་དམངས་གཙོ་དང་བཏང་སྙོམས་སུ་གནས་དགོས་པ་བཅས་ས་བཅད་ཆེན་པོ་བཞི་དང༌། འཛམ་གླིང་གི་མི་ཐམས་ཅད་ལ་དོན་ཚན་བཅུ་དྲུག་ཅན་གྱི་སྔོན་མེད་ལེགས་བཤད་བཅའ་ཡིག་ཅིག་བཏོན་ཡོད་པ་སོགས་ཤིན་ཏུ་དགའ་འོས་པའི་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་ནའང་། མི་རྣམས་ཀྱིས་དེ་དག་གི་གལ་ཆེན་རང་བཞིན་དང་། རང་གི་བདེ་བ་དང་གཞན་གྱི་བདེ་བ། འཕྲལ་གྱི་བདེ་བ་དང་ཕུགས་ཀྱི་བདེ་བ། མི་ཡི་བདེ་བ་དང་སེམས་ཅན་གཞན་གྱི་བདེ་བ། སེམས་ཅན་ཐུན་མོང་གི་བདེ་བ་དང་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་བར་གྱི་རྟེན་འབྱུང་གི་འབྲེལ་བ། སློབ་གསོ་དང་། རིག་གནས་དང་། ཁོར་ཡུག་དང་། དཔལ་འབྱོར་དང་། སྤྱི་ཚོགས་བར་གྱི་རྟེན་འབྱུང་གི་འབྲེལ་བ་ལ་ངོས་འཛིན་གསལ་བོ་ད་དུང་བྱེད་མ་ཐུབ་པར། རང་ཉིད་དམ། རང་གི་གྲུབ་མཐའ་འམ། རང་གི་མི་རིགས་སམ། རང་གི་རྒྱལ་ཁབ་བམ། ཡང་ན་འགྲོ་བ་མི་གཅིག་པུ་ཙམ་བཅེས་བར་འཛིན་པ་ནི་མི་ཚེའི་སྙིང་བོར་རློམ་བཞིན་ཡོད། བོད་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་ནང་གི་རྟེན་འབྲེལ་ལ་རྨོངས་བཞིན་དུ་དཔལ་འབྱོར་གྱི་དོན་དུ་དཔལ་འབྱོར་དང་། དཔལ་འབྱོར་འཕེལ་རྒྱས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་བྱེད་ཉག་གཅིག་ཏུ་རློམ་ནས། དེ་ལས་བརྩམས་པའི་གཞན་ལ་གནོད་ཅིང་འཚེ་བའི་ལུས་ངག་ཡིད་གསུམ་གྱི་ལས་སྣ་ཚོགས་བསགས་དང་གསོག་བཞིན་པ་ནི་སྣོད་བཅུད་རྒུད་པའི་འབྱུང་གནས་སུ་མཐོང་ནས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །ཞེས་སའི་གོ་ལའི་སྟེང་གི་སེམས་ཅན་ཙམ་མ་ཡིན་པར། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མའི་འདུ་ཤེས་སུ་བཟུང་ནས། དགྲ་གཉེན་སོགས་རིས་སུ་མ་བཅད་པར་དེ་དག་ཚེ་འདིའི་མ་བཞིན་དུ་སེམས་སྙོམས་པར་སྒོམ་པ་ནི་ནང་བའི་གྲུབ་མཐའ་སྤྱི་དང་ཁྱད་པར་སྐབས་དོན་བྱང་ཆུབ་ལམ་གྱི་རིམ་པའི་རྩ་བར་གྱུར་བའི་དཔྱད་གཞིའི་གནས་བླ་ན་མེད་པ་ལགས་སོ། །
 
གཉིས་པ། བྱང་ཆུབ་ལམ་གྱི་རིམ་པ་ནི་བསྟན་པའི་སྙིང་པོ་བསྡུས་ཤིང༌སྐྱེ་དགུ་ཕན་བདེའི་འབྱུང་གནས་ཡིན་པ།
སྟོན་པ་ཐུགས་རྗེ་ཅན་གྱི་དང་པོ་ཐུགས་བསྐྱེད་པ། བར་དུ་ཚོགས་བསགས་པ། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་གྱི་དོན་ཁོ་ནར་གསུངས་པ་ལགས་ན། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཐུན་མོང་གི་བདེ་སྡུག་དང་འབྲེལ་བའི་དོན་ཆེན་འདིའི་ཐད་ལ། སྟོན་པ་ཤཱཀྱ་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་དུ་གངས་ཅན་བོད་ཀྱི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་གང་ཇི་སྙེད་ཅིག་ཁ་བའི་ལྗོངས་སུ་ཡུན་རིང་བར་དུ་དཀའ་བ་ཆེན་པོའི་སྒོ་ནས་དར་ཞིང་རྒྱས་པར་བྱས་ལ། ད་དུང་ཡང་མ་ནུབ་པར་ལེགས་པར་གནས་ཡོད་པ་རྣམས་ལས། སངས་རྒྱས་ཐུགས་རྗེ་ཅན་གྱིས་སྣོད་བཅུད་ཉམས་རྒུད་ཀྱི་རྒྱུ་དང་རྐྱེན། དེ་ལས་སྐྱོབ་པའི་ཐབས། སྣོད་བཅུད་ཀྱི་ཕུན་ཚོགས་ཐམས་ཅད་ཡུན་རིང་དུ་རྒྱུན་སྐྱོང་བའི་ཚུལ་བཅས་ཇི་ལྟར་བསྟན་ཡོད་པ་གསལ་བར་བྱ་བའི་སླད་དུ། དཔྱད་གཞི་འདི་ཉིད་ཁུར་དུ་བླངས་ཏེ། ལོ་མང་པོའི་རིང་དུ་གངས་ཅན་ཡུལ་གྱི་སྣང་བ་མཐའ་ཡས་མིའི་གར་མཛད་པཎ་ཆེན་སྐུ་ཕྲེང་བཅུ་བ། མདོ་སྨད་ཡུལ་གྱི་བསྟན་པའི་གདུང་འཚོབ་ཆེན་པོ་སྐྱབས་རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། སྐྱབས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་དགེ་འདུན་དར་རྒྱས། རྡོ་སྦིས་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་སྐྱབས་རྗེ་སྐལ་བཟང་རྒྱ་མཚོ་དང་སྔགས་རམས་པ་ཐུབ་བསྟན་སྙིང་རྗེ། སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་རིན་པོ་ཆེ། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་བསམ་གྲུབ་རྒྱ་མཚོ་དང་གྲགས་པ་རྒྱ་མཚོ་རྣམ་གཉིས། སྒྲུབ་བརྒྱུད་ཀྱི་གདམས་པའི་མཛོད་འཛིན་སྐྱབས་རྗེ་འཇམ་དབྱངས་དམ་ཆོས། གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ། མཚོ་སྔོན་པོ་རྒྱ་ཡེ་དགོན་པའི་ཨ་ནེ་མཁའ་འགྲོ་མ་དམ་ཚིག་སྒྲོལ་མ་སོགས་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ། ད་ལྟ་སྣོད་བཅུད་ཀྱི་ཕུན་ཚོགས་ཐམས་ཅད་རིམ་བཞིན་ཉམས་་བཞིན་པ་དང༌། འགྲོ་བ་རྣམས་རང་དང་རང་གི་རིགས་ཀྱི་ཚེ་འདིའི་བདེ་བ་འདོད་པ་དང་སྡུག་བསྔལ་བསལ་བ་ཙམ་གྱི་ཀུན་ནས་བསླངས་ཏེ། ལུས་ངག་ཡིད་གསུམ་གྱི་ལས་སྣ་ཚོགས་པ་ཞིག་ཆོག་ཤེས་ཅུང་ཟད་ཙམ་ཡང་མེད་པར། ཉིན་མཚན་བར་མེད་དུ་འབད་འབད་དུང་དུང་གིས་སྒྲུབ་བཞིན་ལགས་ནའང༌། རང་གི་ཡིད་ལ་བརྣག་པའི་འདོད་དོན་ངོ་མ་ཞིག་ཐོབ་པ་ཕར་ཞོག དེ་ལས་ལྡོག་སྟེ་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་པ་ཞིག་མི་འདོད་བཞིན་དུ་བྱུང་དང་འབྱུང་བཞིན་ལགས་ན། རང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཐར་པ་དང༌། བདེ་བ་དང་བདེ་བའི་རྒྱུན་ངོ་མ་ཞིག་ལ་ལོངས་སྤྱོད་ཐུབ་པའི་ཐབས་དམ་པ་ཞིག་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟར་གསུངས་པ་ཐུགས་བརྩེ་བ་ཆེན་པོས་བསྟན་ཏུ་གསོལ། ཞེས་སྙིང་ཐག་པ་ནས་ཡུན་རིང་གསོལ་བ་བཏབ་པ་དང་རང་ནུས་གང་ལྕོག་གིས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ན། དགེ་བའི་བཤེས་གཉེན་རྣམ་པས་མགྲིན་གཅིག་དབྱངས་གཅིག་ཏུ་འདི་ལྟར་གསུང་སྟེ། སྤྱིར་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ནི། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། སེམས་ཅན་ལ་ཕན་པ་སྒྲུབ་པའི་ཐབས་བསྟན་པ་གཉིས་ལས་མ་འདས་པ་སྟེ། སྣོད་ཀྱི་ཕུན་ཚོགས་ཉམས་རྒུད་ཀྱི་རྒྱུ་ནི་མི་དགེ་བའི་ལས་ཀྱི་བདག་པོའི་འབྲས་བུ་ཡིན་པ་དང༌། འགྲོ་བ་རྣམས་ལ་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་འབྱུང་བ་ནི་མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་ལས། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་རྡུལ་ཙམ་ཡང་མེད་པ་མངོན་སུམ་དུ་གཟིགས་ཤིང་མཐོང་ནས་རང་ཅག་ལ་གདམས་པ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་གནས་སྐབས་སུ་ལུས་ལོངས་སྤྱོད་འཁོར་ཕུན་སུམ་ཚོགས་པ་སོགས་མངོན་མཐོའི་ཕན་བདེ་སྐྲུན་པ་དང༌། བདེ་བ་དང་བདེ་བའི་རྒྱུ་དང་བཅས་པ་ཉམས་པ་མེད་པར་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་རྒྱུན་སྐྱོང་ཐུབ་པའི་གཏན་གྱི་ཕན་བདེ་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་བྱེད་པའི་ཐབས་བསྟན་པ་ཤ་སྟག་ཡིན་ལ། གངས་ཅན་བོད་ཀྱི་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་གནད་འདི་གཟིགས་ཤིང་མཐོང་ནས་རང་གི་ལུས་དང་སྲོག་ལའང་མ་བལྟས་པར། རྒྱལ་བའི་བསྟན་པ་དྲི་མ་མེད་པ་རང་དང་གཞན་གྱི་རྒྱུད་ལ་དར་ཞིང་རྒྱས་བའི་ལས་འབའ་ཞིག་ལྷུར་ལེན་པ་ནི་མི་ལུས་ལ་རིན་ཐང་ལེན་པའི་ཐབས་ཆེས་མཆོག་ཏུ་བརྩིས་ཤིང་། ཚུལ་དེ་ལས་བརྩམས་ཏེ་མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱིས་རྣམ་དཀར་དགེ་བའི་ལས་སྣ་ཚོགས་བསྒྲུབས་པས། གངས་ཅན་བོད་མི་སྤྱིའི་རྒྱུད་ན་དངོས་པོའི་གནས་ལུགས་ངོ་མ་མཐོང་ནས་བདེན་པ་སྟོན་མཁན་དང་། བདེན་པ་དང་། བདེན་པ་ངོ་མ་དོན་དུ་གཉེར་མཁན་སྟེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དད་པ་ཡོད་པ། ཡུལ་དམན་པ་དང་སྡུག་བསྔལ་པའི་ཡུལ་དུ་གྱུར་བའི་སེམས་ཅན་ལ་སྙིང་རྗེ་ཡོད་པ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བཞིན་ཡོད་པ་ལས་རང་བཞིན་གྱིས་གྲུབ་པའམ། ངོ་བོས་གྲུབ་པའམ། རང་རྐྱ་ཐུབ་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་མཐོང་བའི་ཤེས་རབ་ཟབ་མོའི་བག་ཆགས་ལྷན་སྐྱེས་སུ་མངའ་བ་འདི་དང་། གངས་ཅན་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ས་སྟེང་ཐམས་ཅད་གངས་རི་དང་། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་། རྩི་ཤིང་ནགས་ཚལ་སྣ་ཚོགས་པ་དང་། རི་དྭགས་སེམས་ཅན་སྣ་མང་ལྡན་པའི་ཕུན་སུམ་ཚོགས་པ་དང་། ས་འོག་ཐམས་ཅད་རིན་པོ་ཆེའི་གཏེར་ཁ་སྣ་ཚོགས་ཀྱིས་གཏམས་པའི་མདོ་དབུས་མཐོ་སྒང་ཞེས་བའི་ཡུལ་གྲུ་གཙང་མ་དག་ཞིང་ལྟ་བུ་འདི་བསྐྲུན་ཞིང་ལུས་པ་ཡིན། མདོར་ན། བོད་ཡུལ་སྣོད་ཀྱི་ཕུན་ཚོགས་ཐམས་ཅད་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་བསམ་བློ་འདུ་ཤེས་དང་རིག་གནས་སློབ་གསོ་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པ་དང་། གནས་དེ་ཉིད་འགྲོ་བ་མི་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་རྒྱུན་སྐྱོང་བ་དང་། སྡུག་བསྔལ་གྱི་རྒྱུན་གཅོད་པའི་ཐབས་བླ་ན་མེད་པར་མཐོང་ནས་མི་རབས་ནས་མི་རབས་སུ་ལེགས་པར་བསྐྱངས་བའི་འབྲས་བུ་ཡིན་པ་ལས། རྒྱུ་མེད་རྐྱེན་མེད་ལས་བྱུང་ནས་ལུས་པའམ། བོད་མིས་རིན་པོ་ཆེ་ངོས་མ་ཟིན་པར་ལྷག་བསྡད་པ་ནི་དེ་ལས་ཀྱང་ག་ལ་ཡིན་ཅེས་གསུངས། ཚུལ་དེ་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་གསུངས་ཤིང་། ཁྱད་པར་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་ཆུང་ནི། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་གནད་བསྡུས་ཤིང༌། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པའི་ཚད་མའི་སྐྱེས་བུ་རྣམས་ཀྱིས་སྲོལ་ལེགས་པར་ཕྱེ་པའི་ལམ་རྣམ་པར་དག་པ། འགྲོ་བ་རྣམས་ཀྱི་གནས་སྐབས་སུ་ཕན་པ་དང་མཐར་ཐུག་གི་བདེ་བ་བསྐྲུན་པའི་ཐབས་ཚང་ལ་མ་ནོར་བ། གང་ཟག་གཅིག་བདེ་ནས་བདེ་བར་བགྲོད་པའི་ལམ་ཉམས་སུ་ལེན་པའི་རིམ་པ་ལེགས་པར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པས་འཇིག་རྟེན་གསུམ་གྱི་རྒུད་པ་ཐམས་ཅད་སེལ་བའི་སྒྲོན་མེ་གཅིག་པུའོ། །ཞེས་གསུངས་སོ། །
 
གསུམ་པ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གཞུང་ལུགས་ནི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་ཡིག་ཡིན་པ།
བྱང་ཆུབ་ལམ་གྱི་རིམ་པ་འདི་ཉིད་སྐྱེ་དགུ་ཡོངས་ཀྱི་ཕན་བདེ་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་ཡིག་ཚང་ལ་མ་ནོར་བ་ཡིན་པའི་ཐད་ལ། རང་ཉིད་མི་ལོ་ཉི་ཤུ་ལྷག་གི་རིང་དུ་བཀའ་དྲིན་ཚད་མེད་པས་ལེགས་པར་བསྐྱངས་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ། སྐྱབས་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་གཙོ་མཛད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་སྔ་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ལ་ལན་མང་དུ་ནོད་པ་རྣམས། རང་གི་ཡིད་ལ་གོམས་པར་བྱ་བའི་ཕྱིར་དང༌། ལེགས་བཤད་འདི་ཉིད་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་སྐྱོབ་པའི་ཡིད་བཞིན་གྱི་ནོར་བུ་དང༌། འགྲོ་བ་སེམས་ཅན་ཀུན་ལ་ཕན་བདེ་འབྱུང་བའི་དཔག་བསམ་གྱི་ཤིང་ཉིད་དུ་འགྱུར་ན་ཅི་མ་རུང་སྙམ་པའི་ཀུན་སློང་དང་བཅས་ཏེ། ལམ་རིམ་མཆན་བཞི་སོགས་དམ་པ་རྣམས་ཀྱི་ལེགས་བཤད་ཀྱིས་ཟུར་བརྒྱན་ཏེ། སྟོན་པའི་རྣམ་ཐར་མདོར་བསྡུས་དང༌། བྱང་ཆུབ་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་བར་དང༌། དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་རྩ་འགྲེལ་དང༌། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པའི་བསླབ་བྱ་མདོར་བསྡུས་དང༌། དམ་པ་རྣམས་ཀྱིས་ཇི་ལྟར་ཉམས་བཞེས་མཛད་པའི་ཕྱག་ལེན་གྱི་རིམ་པ་བཅས་གཞུང་སོ་སོའི་ཚིག་དོན་ཇི་བཞིན་དུ་བཀོད་དེ། རང་གི་བློ་ཚོད་དང་བསྟུན་ནས་ས་བཅད་བླངས་པ་དང་དྲི་བ་དྲིས་ལན་གྱི་ཚུལ་དུ་གུང་བསྒྲིགས་ཏེ། སྐྱེ་དགུ་ཕན་བདེའི་འབྱུང་གནས་སམ་བོད་བརྒྱུད་ནང་བསྟན་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ་སྐོར་གྱི་དྲི་བ་དང་དྲིས་ལན་ཞེས་པའི་དཔེ་དེབ་བསྒྲིགས་ཏེ། མདོ་སྨད་ཡུལ་གྱི་རྗེ་བླ་མ་གཉིས་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་སྔ་ན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་ལམ་རིམ་བརྗེད་བྱང་ཆེན་མོ་དང་ཆབས་གཅིག་ཏུ་ཀྲུང་གོའི་བོད་རིག་པའི་དཔེ་བསྐྲུན་ཁང་དུ་པར་བསྐྲུན་བྱས་པའི་རྨད་བྱུང་སྐལ་བ་ལྡན་པ་ལས་རྒྱས་པར་གསལ་བར་བཀོད་ཡོད་ལ། འདིར་དེའི་སྙིང་བོ་མདོར་བསྡུས་ཏེ་ཞུ་ན།
དེ་ཡང་བྱང་ཆུབ་ལམ་གྱི་རིམ་པ་ཞེས་པའི་གདམས་པ་འདིའི་བརྗོད་བྱ་མདོར་དྲིལ་ན། སངས་རྒྱས་ཐུགས་རྗེ་ཅན་གྱིས་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི་ངང་ཚུལ་མཐོང་བ་དང་། དེ་རྣམས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡུག་བསྔལ་སྣ་ཚོགས་པ་རྒྱུན་ཆད་མེད་པར་མྱོང་བཞིན་པ་མ་ཟད། ད་དུང་ཡང་སྡུག་བསྔལ་གྱི་རྒྱུ་སྒོ་སྣ་ཚོགས་ནས་གསོག་བཞིན་པ་ལ་ཐུགས་ཀྱིས་མ་བཟོད་པར། གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང༌། རང་གི་བདེ་དགེ་གཞན་ལ་གཏོང་བའི་བདག་གཞན་བརྗེས་པའི་བསམ་སྦྱོར་ཁྱད་པར་ཅན་གྱི་སྒོ་ནས་བསྐལ་བ་མང་པོའི་བར་དུ། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་སྒྲུབ་པའི་སླད་དུ། སེམས་ཅན་ལ་བརྟེན་ནས་སྡིག་པ་སྤོང་བ་དང་དགེ་བ་སྒྲུབ་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་མ་ཚང་བ་མེད་པར་བསགས་པས། མཐར་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚུལ་དང༌། སེམས་ཅན་གྱི་དོན་སྒྲུབ་པའང་ལམ་མ་ནོར་བ་བསྟན་པའི་སྒོ་ནས། ལུས་ངག་ཡིད་གསུམ་གྱི་ནོར་འཁྲུལ་མ་དག་པ་བཅོས་བསྒྱུར་བྱས་ནས་རིམ་གྱི་དག་པར་མཛད་པ་ལས་ཐབས་གཞན་མེད་པར་མཁྱེན་ནས། སྐྱེས་བུ་བློ་རབ་འབྲིང་ཐ་གསུམ་གྱི་བསམ་སྦྱོར་ཇེ་ལེགས་སུ་ཁྲིད་པའི་ལམ་དང་དེའི་རིམ་པ་བསྟན་ཡོད་པའི་དམ་པའི་ཆོས་རྣམས། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་གནད་བསྡུས་ཏེ་བསྟན་ཡོད་དོ། །
སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལས། ནང་བཅུད་ཀྱི་འཇིག་རྟེན་སེམས་ཅན་རིགས་བཙུན་པ། གཟུགས་བཟང་བ། འབྱོར་བས་ཕྱུག་པ། དབང་ཆེ་བར་གྲགས་པ།ཤེས་རབ་ཆེ་བ་སོགས་མངོན་མཐོ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པ། བྱ་དང་རི་དྭགས་སྣ་ཚོགས་འཚེ་མེད་ངང་བག་ཡངས་སུ་རྒྱུ་བའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་བདེ་བ་ཐམས་ཅད་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་དང༌། ཕྱི་སྣོད་ཀྱི་ཆར་ཆུ་དུས་སུ་འབབ་པ། རིན་པོ་ཆེའི་གཏེར་གྱིས་ས་གཞི་ཐམས་ཅད་བརྟས་པ། ཆུ་ཀླུང་དང་ནགས་ཚལ་སོགས་རྒྱས་པ་རྣམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་སྤྱད་པའི་བདག་པོའི་འབྲས་བུ་ཡིན་པ་དང༌། དམྱལ་བ་ཡི་དྭགས་དུད་འགྲོ་སོགས་ངན་སོང་གསུམ་གྱི་སྡུག་བསྔལ་དང༌། ལྷ་དང་མི་སོགས་བདེ་འགྲོའི་ཡིད་དུ་མི་འོང་བའི་སྡུག་བསྔལ་མི་འདོད་པ་ཐམས་ཅད་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་དང༌། ཕྱིའི་སྣོད་ཀྱི་ཕུན་སུམ་ཚོགས་པའི་འབྱུང་ཁུངས་མཆོག་ནུབ་པ་སོགས་ནི་སེམས་ཅན་སྤྱི་མཐུན་གྱིས་མི་དགེ་བའི་ལས་ཀྱི་ལམ་ལ་སྤྱད་པའི་བདག་འབྲས་ཡིན་པ་ལ་ངེས་པ་དང་ཡིད་ཆེས་བརྟན་པོ་རྙེད་པས། རང་གི་ཚེ་འདིའི་བདེ་བ་ཕྲ་མོ་ཙམ་གྱི་ཆེད་དུ་གཞན་གྱི་སྲོག་གཅོད་པ་སོགས་མི་དགེ་བའི་ལས་སྤྱོད་པ་རྣམས་ནི། རང་དང་གཞན་ལ་སྡུག་བསྔལ་བསྐྱེད་པའི་ལམ་ལོག་པར་ཞུགས་པ་ཡིན་པར་ཤེས་པའི་ལྟ་བ་རྣམ་པར་དག་པའི་སྒོ་ནས། རང་གི་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་ཕྲ་མོ་ནས་འགོག་པ་དང༌། སྲོག་མི་གཅོད་པ་སོགས་དགེ་བའི་ལས་རྣམས་ཡིད་ཀྱི་ཀུན་སློང་འགྱུ་བ་ཡན་ཆད་ནས་སྒྲུབ་པའི་ལས་འབྲས་ཀྱི་རྣམ་དབྱེ་ལ་མཁས་པར་བྱས་ནས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་འདོར་ལེན་ཚུལ་བཞིན་དུ་བྱེད་པ་ནི་རང་དང་གཞན་གྱི་ཚེ་འདི་དང་ཕྱི་མའི་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་ལྟ་ཤིང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་བྱང་ཤིང་དག་ལ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་མཁྱེན་པའི་སངས་རྒྱས་དང་། དེའི་གསུང་བའི་ཆོས་དང་། དེའི་རྗེས་འཇུག་དགེ་འདུན་རྣམས་སྐྱབས་སུ་བཟུང་ནས། སྐྱབས་འགྲོའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་གནས་པ་དང་། རང་གི་ཚེ་ཕྱི་མ་ཕན་ཆད་ཀྱི་ཕན་བདེ་དོན་དུ་གཉེར་པ་མི་ཚེའི་དམིགས་ཡུལ་དང་སྙིང་བོར་བཟུང་ནས། གཞན་གྱི་སྲོག་གཅོད་པ་སོགས་གཞན་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་དགེ་བའི་ལས་སྒོ་སྣ་ཚོགས་ནས་འགོག་པ་དང་། སྲོག་མི་གཅོད་པ་སོགས་དགེ་བའི་ལས་རྣམས་སྒོ་སྣ་ཚོགས་ནས་བརྩམས་པས། ཉེས་སྤྱོད་དང་འཁྲུག་རྩོད་རྣམས་རང་བཞིན་གྱིས་ཞི་ནས། འཚེ་བ་དང༌། ཆོམ་རྐུན་དང༌། ལོག་འཁྲིག་དང༌། རྫུན་དང༌། ཆང་སོགས་སྒོ་གསུམ་གྱི་བག་མེད་པའི་སྤྱོད་པ་དམན་པ་སྤོང་བ་དང༌། གང་དང་འགྲོགས་པའི་གྲོགས་ཀྱི་མཚན་ཉིད་དང༌། ཟས་ཀྱི་ཚོད་རིག་པ་དང༌། འགྲོ་འཆག་ཉལ་འདུག་ཡན་ཆད་ཀྱི་སྤྱོད་ལམ་བག་ཡོད་ཐམས་ཅད་བསྟེན་པའི་བཀྲ་ཤིས་ཤིང་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་ཕན་བདེའི་སྤྱི་ཚོགས་ཤིག་ངང་གིས་འབྱུང་བའི་ལམ་བསྟན་ཡོད་དོ། །
སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལས། ལས་འབྲས་ལ་ཡིད་ཆེས་བརྟན་པོ་རྙེད་པ་དེའི་སྟེང་ནས། བདག་ལྟ་མ་རིག་པའི་དབང་གིས་རང་གཞན་རིས་སུ་བཅད་དེ། རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སོགས་ཉོན་མོངས་པའི་སེམས་སྣ་ཚོགས་འབྱུང༌ལ། དེ་ལས་ལུས་ངག་ཡིད་གསུམ་གྱིས་དགེ་མི་དགེའི་ལས་སྣ་ཚོགས་སྤྱོད་པ་དང་། དེ་ལས་ཁམས་གསུམ་གྱི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་སྣ་ཚོགས་རང་དབང་མེད་པར་མྱོང་བཞིན་པའི་འཁོར་བའི་གནས་ལུགས་ལ་ངེས་པ་ཟབ་མོ་རྙེད་པ་དང་བསྟན་པའི་སྒོ་ནས། ལས་ཉོན་གྱི་གཞན་དབང་དུ་གྱུར་བའི་ལས་བསགས་པ་དང་། དེའི་འབྲས་བུ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་མཐོང་ནས། དེ་ལས་ཐར་འདོད་ཀྱི་བསམ་པའི་ཀུན་ནས་བསླངས་ཏེ། རང་གི་ཉོན་མོངས་ངོས་ཟིན་པ་དང་། དེ་རང་གི་དགྲའི་གཙོ་བོར་བཟུང་ནས་རྟེན་འབྲེལ་ལུགས་འབྱུང་གི་སྒོ་ནས་འཁོར་བར་འཁོར་ཚུལ་དང་། རྟེན་འབྲེལ་ལུགས་ལྡོག་གི་སྒོ་ནས་ཐར་བ་འཐོབ་ཚུལ་བསྟན་པ་དང་སྒོམ་པས། རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སོགས་ཆགས་སྡང་རྨོངས་གསུམ་གྱི་བསམ་པ་ཐམས་ཅད་ཞི་ནས། ལས་ཉོན་གྱིས་བསྐྱེད་ཅིང་བསགས་པའི་བསག་བཅས་ཀྱི་ཚོར་བ་བདེ་བ་ནི་འགྱུར་བའི་སྡུག་བསྔལ་ཡིན་པ་ངོས་ཟིན་ནས། སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ནི་མི་འདོད་སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས་ཐམས་ཅད་ཀྱི་སྣ་འདྲེན་ཡིན་པར་ངེས་ཤེས་གཏིང་ནས་རྙེད་པས། སེམས་ཅན་གཞན་ལ་གནོད་ཅིང་འཚེ་བའི་ལས་རྣམས་སྡོམ་པའི་སོར་ཐར་གྱི་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་ཞིང༌། ཉོན་མོངས་མེད་པས་ལས་གསར་དུ་མི་གསོག་པ་དང༌། ལས་མ་བསགས་པས་སྡུག་བསྔལ་མྱོང་མི་དགོས་པའི་གཏན་གྱི་བདེ་བ་འཐོབ་པའི་ལམ་རྣམ་པར་དག་པ་རྙེད་པ་སྟེ། སྣོད་བཅུད་ཉམས་རྒུད་ཀྱི་རྩ་བར་གྱུར་པའི་ཆགས་སྡང་སོགས་རང་གཞིན་གྱིས་ཞི་བར་འགྱུར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་ཆོས་ནི་གཅིག་པུ་ཡིས། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་དང༌། བཤེས་སྤྲིངས་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། །ཞེས་གསུངས་པ་ལྟར། རྟེན་འབྲེལ་ལ་ངེས་པ་ཟབ་མོ་རྙེད་པས། སེར་སྣ་དང༌། གཡོ་སྒྱུ་དང༌། གཞན་གྱི་ལོངས་སྤྱོད་ལ་སྲེད་པའི་ཆགས་པ་དང༌། ཟས་ལ་ཆགས་པ་སོགས་ཉོན་མོངས་ཐམས་ཅད་ངང་གིས་ཞི་སྟེ། ནོར་ལོངས་སྤྱོད་ལ་ཆོག་ཤེས་པ་དང་། སྒོ་གསུམ་རང་གི་ཉོན་མོངས་པ་བཅོས་བསྒྱུར་བྱེད་པའི་ལས་བག་ཡོད་ལ་རྟག་ཏུ་འབད་ཅིང་གནས་པས། སྣོད་བཅུད་ཉམས་རྒུད་ཀྱི་རྩ་བ་ཆད་པར་འགྱུར་བ་དང༌། འཁྲུག་རྩོད་དང་། ཐོན་ཁུངས་ཕུན་སུན་ཚོགས་པ་སྲེད་པས་སྔོག་འདོན་བྱེད་པ་སོགས་མེད་པར་འགྱུར་བས། ཞི་བདེ་ཕུན་སུམ་ཚོགས་པའི་བཀྲ་ཤིས་པའི་སྤྱི་ཚོགས་ཀྱི་རྒྱུན་སྐྱོང་ཐུབ་པར་འགྱུར་རོ། །
སྐྱེས་བུ་ཆེན་པོའི་ལམ་རིམ་ལས། སྐྱེས་བུ་འབྲིང་གི་ལམ་ཉམས་སུ་བླངས་པས། རང་ཉིད་འཁོར་བ་ལས་གྲོལ་བའི་ཐར་བ་ཙམ་ཐོབ་ཅིང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་འཁོར་བར་འཁོར་བའི་ཚེ་སེམས་ཅན་ཐམས་ཅད་མར་མ་གྱུར་བ་གཅིག་ཀྱང་མེད་པ་དང་། ཚེ་འདིའི་མས་ཅི་ཙམ་དྲིན་གྱིས་བསྐྱངས་པ་དེ་བཞིན་དུ་དྲིན་ཆེ་བ་ཤ་སྟག་ཡིན་པས། སེམས་ཅན་ཐམས་ཅད་བདེ་བ་ཐོབ་འདོད་ཀྱི་བྱམས་པ་དང༌། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་འདོད་ཀྱི་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་འདོད་དང༌། བདེ་བ་སྒྲུབ་འདོད་ཀྱི་བསམ་པ་ཁྱད་པར་ཅན་གྱིས་ཀུན་ནས་བསླངས་ཏེ། ཚད་མེད་བཞི་སྒོམ་པ་སོགས་ལ་བརྟེན་ནས། རང་གི་སྔོན་བསགས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤོང་བ་དང༌། སེམས་ཅན་གྱི་དོན་སྒྲུབ་ནུས་པའི་རྣམ་མཁྱེན་རྒྱལ་བའི་གོ་འཕང་དོན་དུ་གཉེར་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཀུན་ནས་བསླང་སྟེ། སེམས་ཅན་ལ་ཕན་པ་སྒྲུབ་པ་ལས་བརྩམས་པའི་སྦྱིན་པའི་ཕར་ཕྱིན་སོགས་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་རྫོགས་པའི་ཐབས་དང་ཤེས་རབ་ཡ་མ་བྲལ་བའི་སྒོ་ནས་བློ་སྦྱོང་བ་དང༌། རྒྱལ་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་རྣམས་ཚུལ་བཞིན་དུ་ཉམས་སུ་ལེན་པ་དང་། སོར་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་རྣམས་མིག་འབྲས་བཞིན་དུ་ལེགས་པར་སྲུང་བས། སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་སྐྲུན་ནུས་པ་མ་ཟད་རང་གི་དོན་ཡང་ཞོར་ལ་འབྱུང་བའི་རང་གཞན་གྱི་དོན་གཉིས་ལྷུན་གྱི་གྲུབ་པ་དང་རྒྱུན་སྐྱོང་ཐུབ་པ་ཡིན་ནོ། །
མདོར་ན་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ཏུ་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་དགོངས་པ་བཞི་བཏོན་ཡོད་པ་སྟེ།
༡། ཕྱི་ནང་སྣོད་བཅུད་བར་དུ་དང་པོ་ཆགས་པའི་གནས་སྐབས་སུ་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། བར་དུ་གནས་པའི་གནས་སྐབས་སུའང་ཕན་ཚུན་རྟེན་ཅིང་འབྲེལ་བར་གནས་པ་དང༌། མཐར་འཇིག་པའང་ཕན་ཚུན་རྟེན་ཅིང་འབྲེལ་བར་འཇིག་བཞིན་ཡོད་པའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཉིད་ཟབ་མོ་གསལ་བར་བསྟན་ཡོད་པའོ། །
༢། སྣོད་བཅུད་ཉམས་རྒུད་ཀྱི་རྕ་བ་བདག་གཅེས་འཛིན་ཡིན་པ་ངོས་འཛིན་བྱེད་དེ། དེ་ལ་བརྟེན་ནས་གཞན་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉེས་སྤྱོད་མི་དགེ་བའི་ལས་སྣ་ཚོགས་སྒྲུབ་པ་ནི་སྣོད་བཅུད་ཕུན་ཚོགས་ཉམས་རྒུད་ཀྱི་བྱེད་པོ་ཡིན་པ་གསལ་བར་བསྟན་ནས། དེ་ལས་སྐྱོབ་པའི་ཐབས་ནི་རང་གི་ལས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཕྲ་ཞིང་ཕྲ་བ་ལ་འཛེམ་ཞིང་། རང་དང་གཞན་ལ་ཕན་བདེ་འབྱུང་བ་དང་དེ་ཉིད་རྒྱུན་སྐྱོང་བའི་ཆེད་དུ། རང་གི་ཉོན་མོངས་དགྲའི་གཙོ་བོར་བཟུང་ནས་དེ་རྩ་བ་ནས་སྤོང་བ་དང་། ཉེས་སྤྱོད་ཕྲ་མོ་ནས་འགོག་དགོས་པ་ནན་གྱིས་བསྟན་ཡོད་པའོ། །
༣། འགྲོ་བ་མིའི་ལུས་རྟེན་ནི་ཤིན་ཏུ་རྙེད་དཀའ་བ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་དང་། དེ་ལ་སེམས་ཅན་གཞན་ལ་ཕན་པ་བསྒྲུབ་པའི་འོས་འགན་ཡོད་པ་མ་ཟད། གཞན་ལ་ཕན་པ་སྒྲུབ་པའི་ནུས་པའང་ཡོད་པས། སེམས་ཅན་གྱི་དོན་སྒྲུབ་པའི་ལས་ཆོད་ཇི་ཙམ་ཆེ་ན། རང་གི་ཕན་པ་དང་ཟད་མཐའ་མེད་པའི་དོན་གྱི་བདེ་བའང་ཞོར་ལ་འབྱུང་པའི་རྟེན་འབྲེལ་གྱི་ཆོས་ཉིད་གསལ་བར་བསྟན་ཡོད་པའོ། །
༤། སྣོད་ཀྱི་ཕུན་ཚོགས་ནི་སེམས་ཅན་ཐུན་མོང་གི་བསོད་ནམས་བསགས་པའི་འབྲས་བུ་ཡིན་སྟབས། དེ་ལ་འཛད་མཐའ་ཡོད་པ་དང་། མི་རབས་ཚ་རྒྱུད་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་པ་དང༌། སེམས་ཅན་རིགས་སྣ་ཚོགས་ལ་བརྩི་བཀུར་བྱེད་དེ། འགྲོ་བ་ཀུན་གྱི་རྩ་བའི་རེ་བ་ཆུང་མཐའ་ནས་སྐོང་བའི་ཐེག་པ་མཆོག་གི་ལམ་ཉམས་སུ་ལེན་པ་ནི་མི་ཚེ་ལ་རིན་ཐང་ལེན་པའི་ལས་ཀྱི་མཆོག་ཏུ་གྱུར་བ་དང་། སྣོད་བཅུད་ཕུན་ཚོགས་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་རྣམ་པར་དག་པར་ཞུགས་པ་ཡིན་པར་གདམས་ཡོད་དོ། །
དེས་ན། བྱང་ཆུབ་ལམ་རིམ་དུ་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་གྲུབ་ཆ་གཙོ་བོ་ཐམས་ཅད་འདུས་ཡོད་པས། བྱང་ཆུབ་ལམ་ཀྱི་རིམ་པའི་གདམས་པ་འདི་ནི་ཕྱི་རོལ་སྣོད་ཀྱི་ཕུན་ཚོགས་དང༌། ནང་བཅུད་ཀྱི་ལེགས་ཚོགས་ཐམས་ཅད་ཉམས་རྒུད་དུ་འགྲོ་བ་ལས་སྐྱོབ་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་ཀུན་འདུས་པའི་གཞི་རྩ་གཅིག་པུར་གྱུར་ཡོད་པ་ཡིན་པས། ད་ལྟ་འཛམ་བུ་གླིང་གི་སྣོད་བཅུད་ཉམས་གསོའི་བྱེད་སྒོ་སྤྱི་དང༌། ཁྱད་པར་དུ་བཀྲ་ཤིས་ཕན་བདེའི་སྤྱི་ཚོགས་སྐྲུན་པའི་བྱེད་སྒོ་རླབས་ཆེན་སྤེལ་བཞིན་པའི་སྐབས་འདིར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྱད་པར་ཅན་འདིས་ཀྱང༌།   སྤྱིར་སེམས་ཅན་གྱི་བདེ་སྐྱིད་དང༌། ཁྱད་པར་དུ་འགྲོ་བ་མིའི་ལུས་དང་སེམས་དང་སྤྱོད་ལམ་རྣམ་པར་དག་པ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ཐད་ལ་སློབ་གསོའི་ནུས་པ་ཁྱད་པར་ཅན་ཐོན་ཐུབ་པ་དང་། འཛམ་བུ་གླིང་གི་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཡུན་ནས་ཡུན་དུ་རྒྱུན་སྐྱོང་ཐུབ་པར་མཛད་རྗེས་བླ་ན་མེད་པ་འཇོག་ཐུབ་ངེས་ཡིན་སྙམ་པའི་ཀུན་སློང་དང་ཡིད་ཆེས་བརྟན་པོས། རང་བློས་གང་ལྕོགས་ཀྱིས་གཞུང་ཆེན་མོ་འདིའི་དགོངས་པ་དང་དེང་སྐབས་འཛམ་གླིང་གི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་དགོངས་པ་རྣམས་བསྡུར་པ་ལས། བྱང་ཆུབ་ལམ་རིམ་དུ་སློབ་གསོ་ལ་བརྟེན་ནས་རིག་གནས་གསོ་བ་དང་། རིག་གནས་ལ་བརྟེན་ནས་ཁོར་ཡུག་གསོ་བ་དང་། ཁོར་ཡུག་ལ་བརྟེན་ནས་དཔལ་འབྱོར་གསོ་བ་དང་། དཔལ་འབྱོར་ལ་བརྟེན་ནས་སྤྱི་ཚོགས་གསོ་བའི་ལེགས་ཚོགས་མ་ལུས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་སྐྱོང་ཐུབ་པའི་འཕེལ་ལམ་བརྟན་ཞིང་གསལ་བའི་འཁོར་ལོ་རྒྱུན་མི་ཆད་དུ་སྐོར་ཆོག་པ་ཞིག་བསྟན་ཡོད་པ་བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་རགས་ཙམ་མཐོང་ནས་དཔྱད་རྩོམ་འདི་བྲིས་པ་ལགས་མོད། ཚུལ་འདི་ནི་སེམས་ཅན་ཀུན་དང་འབྲེལ་བའི་ལས་ཤིན་ཏུ་གཉན་པོ་ཞིག་ཡིན་པས། ཀུན་གྱི་མཐོང་ཆེན་གཟབ་ནན་བྱ་རིགས་པའི་བྱ་གཞག་འགངས་ཆེན་ཞིག་ཡིན་པར་འདོད་ལ། རང་གི་ཤེས་རྒྱའི་དབང་གིས་དཔྱད་པ་ལ་ནོངས་པ་དང་གོ་བ་ལ་ནོར་འཁྲུལ་གང་མཆིས་མཁྱེན་ལྡན་རྣམས་ཀྱིས་དགོངས་འཆར་ཡོ་བསྲང་གནང་བའི་བཀའ་དྲིན་སྐྱོང་རྒྱུ་སྙིང་ནས་ཞུའོ། །
སྤྱི་ལོ༢༠༡༠ལོའི་ཟླ༤པའི་ཚེས༡༥ཉིན།
ཨ་རིའི་གྲོང་ཆེ་ཆེན་པོ་ཉེག་ཡོབ་ནས་གུས་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག་གུ །
 
 
 
 
 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号