ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལ་དབུ་མའི་ས
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཉེས་བྱས་ལ། ཉེས་པ་དང་བཅས་མ་བཅས་གཉིས། ཉོན་མོངས་ཅན་ཡིན་མིན་གཉིས། ཆུང་འབྲིང་ཆེན་པོ་གསུམ་རྣམས་སོ། ། ཞེ་དྲུག་ནི། དཀོན་མཆོག་གསུམ་ལ་མི་མཆོད་པ། འདོད་པའི་སེམས་ཀྱི་རྗེས་སུ་འཇུག་པ། རྒན་པ་ལ་མི་གུས་པ། དྲིས་པ་ལ་ལན་མི་འདེབས་པ། མགྲོན་དུ་བོས་པ་ཁས་མི་ལེན་པ། གསེར་སོགས་བསྟབས་པ་མི་ལེན་པ། ཆོས་འདོད་པ་ལ་མི་སྦྱིན་པ། མ་དུངས་པ་དང་ཚུལ་འཆལ་ཡལ་བར་འདོར་བ། ཕ་རོལ་དད་ཕྱིར་ཐུན་མོང་བའི་བཅས་པར་མི་སློབ་པ། སེམས་ཅན་གྱི་དོན་ལ་བྱ་བ་ཆུང་ངུར་གནས་པ། ལོག་འཚོ་ལྔ་དང་དུ་ལེན་པ། འཕྱར་ནས་རབ་ཏུ་རྒོད་པ་སོགས་བྱེད་པ། འཁོར་བ་གཅིག་པུ་བགྲོད་པར་སེམས་པ། གྲགས་པ་མ་ཡིན་པ་མི་སྤོང་བ། གཞན་དོན་དུ་འགྱུར་བཞིན་སྦྱོར་བ་རྩུབ་མོས་འཚེས་པ། དགེ་སྦྱོང་གི་ཆོས་བཞི་དང་བྲལ་བ། ཁྲོས་པ་རྣམས་ཡལ་བར་འདོར་བ། ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་བ། ཁྲོས་པའི་རྗེས་སུ་འཇུག་པ། རྙེད་བཀུར་འདོད་པས་འཁོར་བསྡུ་བ། ལེ་ལོ་སོགས་སེལ་བར་མི་བྱེད་པ། བྲེ་མོའི་གཏམ་ལ་ཆགས་པ། ཏིང་ངེ་འཛིན་གྱི་དོན་མི་འཚོལ་བ། སྒྲིབ་པ་ལྔ་མི་སྤོང་བ། བསམ་གཏན་གྱི་རོ་ལ་ཡོན་ཏན་དུ་ལྟ་བ། ཉན་ཐོས་ཀྱི་ཐེག་པ་སྤོང་བ། རང་ཚུལ་ཡོད་བཞིན་བོར་ནས་ཧ་ཅང་དེ་ལ་མི་བརྩོན་པ། ཕྱི་རོལ་པའི་གཞུང་ལ་མཐའ་གཅིག་ཏུ་བརྩོན་པ། དེ་ལ་དགའ་བཞིན་དུ་བརྩོན་པ། བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་བ་འདེབས་པ། བདག་ལ་བསྟོད་ཅིང་གཞན་ལ་སྨོན་པ། ཆོས་བགྲོ་བའི་ཆེད་དུ་འགྲོ་བར་མི་བྱེད། ཆོས་སྨྲ་བ་ལ་སྨོད་ཅིང་ཚིག་ལ་རྟོན་པ། དགོས་པའི་གྲོགས་སུ་མི་འགྲོ་བ། ནད་པའི་རིམ་གྲོ་སྤོང་བ། སྡུག་བསྔལ་སེལ་བར་མི་བྱེད་པ། བག་མེད་པ་ལ་རིགས་པ་མི་སྟོན་པ། ཕན་ལན་མི་བྱེད་པ། གཞན་གྱི་མྱ་ངན་མི་སེལ་བ། ནོར་འདོད་པ་ལ་མི་སྦྱིན་པ། འཁོར་རྣམས་ཀྱི་དོན་མི་བྱེད་པ། གཞན་གྱི་བློ་དང་མཐུན་པར་མི་བྱེད་པ། ཡོན་ཏན་ཅན་གྱི་བསྔགས་པ་མི་བརྗོད་པ། སྐྱོན་དུ་འཚམ་པར་ཚར་མི་གཅོད་པ། རྫུ་འཕྲུལ་གྱིས་བསྡིགས་པར་མི་བྱེད་པ། སྙིང་བརྩེ་ཅན་ལ་སྐབས་སུ་བབས་ན་ལུས་ངག་གི་བདུན་གནང་བ་མི་བྱེད་པ་སྟེ་ཞེ་དྲུག་གོ། ། ཕྱི་མ་འདི་མ་བརྩིས་པར་ཞེ་ལྔར་བགྲང་བའང་ཡོད་དོ། །
ལྟུང་བ་འབྱུང་བའི་སྒོ་བཞི་ནི། མ་གུས་པ། བག་མེད་པ། མི་ཤེས་པ། ཉོན་མོངས་མང་བ་སྟེ་བཞིའོ། །གོང་གི་ལོག་འཚོ་ལྔ་ནི། ཚུལ་འཚེས་པ། ཁ་གསག གཞོགས་སློང་། ཐོབ་ཀྱིས་འཇལ་བ། རྙེད་པས་རྙེད་པ་འདོད་པ་ལྔའོ། ། སྒྲིབ་པ་ལྔ་ནི། རྒོད་འགྱོད་གཉིས། གནོད་སེམས། རྨུགས་གཉིད་གཉིས། འདོད་པ་ལ་འདུན་པ། ཐེ་ཚོམ་སྟེ་ལྔའོ། ། འདུལ་བ་ལ་བརྩོན་པའི་ཕུན་ཚོགས་པ་གསུམ་ནི། བསམ་པ་དང་། སྦྱོར་བ་དང་། སྔོན་གྱི་རྒྱུ་ཕུན་སུམ་ཚོགས་པའོ། །
གཉིས་པ་ཤེས་རབ་ཀྱི་ཆ་ལ། མདོ་སྡེ་ས་བཅུ་པ་ལས་གསུངས་པའི་མཉམ་ཉིད་བཅུ་ནི། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ། སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་དོར་མེད་པ་དང་། ཆོས་ཐམས་ཅད་སྒྱུར་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཆ་དང་ཆུ་ཟླ་དང་དཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དེ་བཅུའོ། །བྱང་ས་ལས་འབྱུང་བ་ནི་མཚན་མ་མེད་པ་དང་། མཚན་ཉིད་མེད་པ་དང་། བདག་ཉིད་མ་སྐྱེས་པ་དང་། རྒྱུ་ལས་མ་སྐྱེས་པ་དང་། གཟོད་མ་ནས་ཞི་བ་དང་། སྤྲོས་པ་མེད་པ་དང་། བླང་དོར་གྱི་འདུ་བྱེད་དང་བྲལ་བ་དང་། དབེན་པ་དང་། སྒྱུ་མ་དང་སྤྲུལ་པ་ལྟ་བུ་དང་། དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པ་མཉམ་པ་ཉིད་དེ་བཅུའོ། ། དགག་བྱ་ལ་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས། དང་པོ་ལ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། སྙོམས་འཇུག་གི་སྒྲིབ་པ་གསུམ་མོ། ། ཡང་ཆགས་སྒྲིབ། ཐོགས་སྒྲིབ། དམན་སྒྲིབ་གསུམ་མོ། ། རིགས་པའི་དགག་བྱ་ལ་ཕྱིན་ཅི་ལོག་དང་། དེར་འཛིན་པའི་ཤེས་པ་གཉིས་སོ། ། ལྟ་བ་ངན་པ་བཅུ་དྲུག་ནི། བདག་འདས་པའི་དུས་ན་བྱུང་བ་དང་མ་བྱུང་བ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི། འཇིག་རྟེན་རྟག་པ་དང་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་སྟེ་བརྒྱད་ནི་སྔོན་གྱི་མཐའ་ལ་བརྟེན་པའོ། ། བདག་མ་འོངས་པའི་དུས་ན་བྱུང་བ་དང་མ་བྱུང་བ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་དང་། འཇིག་རྟེན་མཐའ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་སྟེ་བརྒྱད་ནི་ཕྱི་མའི་མཐའ་ལ་བརྟེན་པའོ། །
བདག་ཏུ་ལྟ་བ་ཉི་ཤུ་ནི། གཟུགས་བདག་ཏུ་ལྟ་བ་དང་། དེ་བཞིན་དུ་བདག་གཟུགས་དང་ལྡན་པ། གཟུགས་ལ་བདག་ཡོད་པ་དང་། བདག་ལ་གཟུགས་ཡོད་པར་ལྟ་བ་དང་། དེ་བཞིན་དུ་ཕུང་པོ་གཞན་བཞི་ལ་སྦྱར་བས་ཉི་ཤུར་འགྱུར་རོ། ། བདག་གཟུགས་ལས་གཞན་དུ་ལྟ་བ་སོགས་ལྔ་བསྣན་པས་ཉེར་ལྔའོ། །དགག་བྱའི་བདག་ལ་གང་ཟག་དང་ཆོས་ཀྱི་བདག་གཉིས་ལས། དེ་རེ་རེ་ལའང་ལྷན་སྐྱེས་དང་། ཀུན་བཏགས་གཉིས་གཉིས། གང་ཟག་གི་བདག་ལ་རྟག་གཅིག་རང་དབང་ཅན་དུ་གྲུབ་པ། བདག་ཕུང་པོ་ལས་དོན་གཞན་དུ་གྲུབ་པ། རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ། ཕུང་བོ་དང་མཚན་ཉིད་མི་མཐུན་བའི་རང་སྐྱ་བར་གྲུབ་པ། བདེན་པར་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པའོ། ། འཇིག་ལྟ་ལྷན་སྐྱེས་ལ་ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས། འདི་ལ་མུ་གསུམ་སྟེ། གང་ཟག་གི་བདག་འཛིན་ཡིན་ལ་འཇིག་ལྟ་ལྷན་སྐྱེས་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ་སྟེ་གསུམ་མོ། །ཆོས་ཀྱི་བདག་ནི་རྣམ་རིག་པ་ལྟར་ན། གཟུང་འཛིན་རྫས་གཞན་དུ་གྲུབ་པ། རྡུལ་ཆ་མེད་བསགས་པའི་རགས་པ། གཟུང་བ་དོན་གཞན། གཟུགས་ཕྱི་རོལ་དོན་དུ་གྲུབ་པ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམས་ཡིན་ལ། ཕྱི་མ་འདི་དང་རྟོག་པའི་ཞེན་གཞི་ཡིན་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་མི་གཅིག་གོ། ། རང་རྒྱུད་པ་ལྟར་ན་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ངོས་ནས་གྲུབ་པ་དང་། ཐལ་འགྱུར་བ་ལྟར་ན་རྟོག་པས་གཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའོ། ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། བདེན་པར་གྲུབ་པ་རྣམས་དོན་གཅིག རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་ངོས་ནས་གྲུབ་པ། ཚུགས་ཐུབ་ཏུ་གྲུབ་པ། རྫས་ཡོད་དུ་གྲུབ་པ། སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་རྣམས་དོན་གཅིག དེས་བདེན་མེད་སོགས་དང་། རང་གི་མཚན་ཉིད་ཀྱིས་མེད་པ་སོགས་ཀྱི་དོན་གཅིག་ལུགས་ཀྱང་ཤེས་པར་བྱའོ། །དབུ་མ་པ་འགའ་ཞིག་ལྟར་ན་དོན་དམ་དུ་གྲུབ་པ་ལ་གནས་ལུགས་དཔྱོད་པའི་རིགས་ཤེས་ལ་དོན་དམ་དུ་བྱས་པ་དང་། འཕགས་པའི་མཉམ་བཞག་ཡེ་ཤེས་ལ་དོན་དམ་དུ་བྱས་པ་དང་། བདེན་པར་གྲུབ་པ་ལ་དོན་དམ་དུ་བྱས་པ་གསུམ་མོ། ། ཡང་དོན་དམ་ལ། དོན་དམ་དངོས་དང་། མཐུན་པའི་དོན་དམ་གཉིས་སུ་བཤད་པའི་ལུགས་ཀྱང་ཡོད་དོ། ། ཡང་དོན་དམ་ལ། དོན་དོན་དམ་པ། ཐོབ་པ་དོན་དམ་པ། སྒྲུབ་པ་དོན་དམ་པ་གསུམ་དང་། ཀུན་རྫོབ་ལ། བཏགས་པའི་ཀུན་རྫོབ། ཤེས་པའི་ཀུན་རྫོབ། བརྗོད་པའི་ཀུན་རྫོབ་གསུམ་དུ་བཤད་པའང་ཡོད་དོ། །རྫས་ཡོད་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རིགས་པས་གྲུབ་པའི་རྫོས་ཡོད། བརྟན་པའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་སྐྱ་ཐུབ་པའི་རྫས་ཡོད། ཚུགས་ཐུབ་ཀྱི་རྫས་ཡོད། བདེན་གྲུབ་ཀྱི་རྫས་ཡོད་དེ་དྲུག་གོ། ། བཏགས་ཡོད་ནི་དེ་དག་ལས་ལོག་པའི་ཆོས་ཏེ་སྐབས་དང་བསྟུན་ནས་རང་རང་གི་གཞུང་ལྟར་ཤེས་དགོས་སོ། ། རང་སྐྱ་ཐུབ་པ་དང་། རང་སྐྱ་འཛིན་ཐུབ་པ་གཉིས་མི་གཅིག་གོ། །འགོག་བྱེད་ཀྱི་རིགས་པ་ལ་གཞན་གྲགས་སམ་རང་གྲགས་ཀྱི་ཐལ་འགྱུར་དང་། གཏན་ཚིག་གཉིས་ལས། གཏན་ཚིགས་ལ། པྱི་དོན་འགོག་པ་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས། བདེན་གྲུབ་འགོག་པ་མགོ་སྙོམས་ཀྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས། ཆ་ཐམས་ཅད་ལ་དཔྱོད་པ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས། གང་ཟག་གི་བདག་འགོག་བ་རྣམ་ལྔའི་རིགས་པ་དང་རྣམ་བདུན་གྱི་རིགས་པ་རྣམས་གཙོ་བོ་ཡིན་ནོ། །མཐའ་བཞིའི་སྐྱེ་བ་ནི། བདག་སྐྱེ། གཞན་སྐྱེ། གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བའོ། ། ཡོད་མེད་སྐྱེ་འགོག་གི་བཞི་ནི། རྒྱུ་དུས་ན་ཡོད་པའི་འབྲས་སུ་སྐྱེ་བ། དེ་བཞིན་དུ་སྦྱར་ཏེ་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་འབྲས་བུ་སྐྱེ་བའོ། །མུ་བཞིའི་སྐྱེ་བ་ནི། རྒྱུ་དུ་མ་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བ། རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ། རྒྱུ་གཅིག་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བ། རྒྱུ་དུ་མ་ལས་འབྲས་བུ་དུ་མ་སྐྱེ་བའོ། །ཡོད་མཐའ། རྟག་མཐའ། སྒྲོ་འདོགས་ཀྱི་མཐའ་རྣམས་དོན་གཅིག་མེད་མཐའ། ཆད་མཐའ། སྐུར་འདེབས་ཀྱི་མཐའ་རྣམས་དོན་གཅིག དེ་གཉིས་དང་བྲལ་བ་ནི་དབུ་མའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2021 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号