ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཁྱད་པར་ཅན་གྱི་སྤྱོད་པ་ལྔ་ནི།   གུས་པའི་ལས་བདག་གིར་བྱེད་པ་དང༌། ས་རང་བཞིན་དུ་གནས་པ་དང་མཉམ་པའམ་ལྷག་པར་འགྲོ་བ།བླ་མའི་གནས་བྱེད་པ། དགེ་སློང་ལ་ལྟུང་བ་གླེང་དྲན་སོགས་ཆད་ལས་སུ་གཏོགས་པའི་ལས་བྱེད་པ།ས་རང་བཞིན་པ་དང་མཉམ་འགྲོགས་བྱེད་པ་སྟེ་ལྔའོ།།
དམན་པའི་སྤྱོད་པ་ལྔ་ནི།ནང་པར་གྱི་དུས་སུ་སྒོ་འབྱེད་པ་སོགས་བྱེད་པ། ཆོས་སྟོན་སོགས་ཀྱི་དུས་སུ་བདུག་སྤོས་དང་པོག་ཕོར་སོགས་འཇོག་པ། དགེ་འདུན་འདུ་བའི་དུས་སུ་སྤྱི་བུངས་བཤམ་པ་ནི་གཎྚི་བརྡུང་བ་སོགས་བྱེད་པ།གྲལ་གྱི་དུས་སུ་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐར་འདུག་པ། དགོངས་ཁའི་དུས་སུ་དགེ་སློང་རྣམས་ཀྱི་རྐང་པ་ལ་སྣུམ་བྱུག་པ་སྟེ་ལྔའོ། །སྤོ་མགུ་དབྱུང་གསུམ་གྱི་དབྱུང་བ་ནི།ཉེས་པ་ལས་དབྱུང་བ་ཡིན་པས་གནས་དབྱུང་དང་དོན་མི་གཅིག་གོ།།ས་གཞན་ན་གནས་པ་ལས་གྲོལ་བ་ནི།དགྲ་བཅོམ་པ་ཐོབ་པས་ས་གཞན་ན་གནས་པ་ཐམས་ཅད་ལས་གྲོལ།   བཟོད་པ་བྱས་པས་ནན་ཏུར་ལས་གྲོལ། སྤོ་མགུ་འཁོར་བས་སྤོ་སྤྱོད་མགུ་སྤྱོད་ལས་གྲོལ།   མགུ་བ་སྦྱིན་པས་སྤོ་ལྡན་ལས་གྲོལ། དབྱུང་བ་སྦྱིན་པས་མགུ་ལྡན་ལས་གྲོལ།   ལྟུང་བ་དྲན་ཅིང་བཟོད་པར་བྱས་པས་ངོ་པོ་ཉིད་ཚོལ་བ་ལས་གྲོལ།གནས་དབྱུང་མ་གཏོགས་པ་ལ་ནན་ཏུར་ཕྱི་མ་བྱས་པས་ནན་ཏུར་སྔ་མ་ལས་གྲོལ་བ་སྟེ་བདུན་ནོ།།
བཞི་པ་ཡོངས་སུ་སྦྱོང་བའི་གཞི་ལ། ལྟུང་བ་གླེང་དྲན་བྱ་ཚུལ་སོགས་ཏེ་མིང་གི་རྣམ་གྲངས་ནི་ཕལ་ཆེར་སྔ་མ་རྣམས་སུ་འདུའོ།   །དགེ་འདུན་དབྱེན་དང་འཁོར་ལོའི་དབྱེན་གྱི་སྐོར་རྣམས་མངོན་པའི་སྐབས་དང་འདྲའོ།། གཉིས་པ་རྩོད་པ་ཕྱིར་བཅོས་ལ།རྩོད་པའི་རྒྱུ་བཞི་ནི། དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ། གདམས་ངག་སྤོང་བ།ལྟུང་བ་དང་བཅས་པ།ལས་ལ་མཐུན་པ་མི་སྦྱིན་པའོ།  །རྩོད་པའི་རྒྱུར་འགྲོ་ཚུལ་བཞི་ནི།འགྱེད་ཕྱིར་རྩོད་པ།མི་གདམས་པའི་ཕྱིར་རྩོད་པ། ལྟུང་བའི་ཕྱིར་རྩོད་པ། ལས་ཀྱི་ཕྱིར་རྩོད་པའོ། རྩོད་པ་ཞི་བྱེད་བདུན་ནི། ཞི་བྱེད་མངོན་སུམ། ཞི་བྱེད་དྲན་པ། ཞི་བྱེད་མ་སྨྱོས་པ།ཞི་བྱེད་གང་མང༌།ཞི་བྱེད་ངོ་བོ་ཉིད།ཞི་བྱེད་རྩ་བཀྲམ་པ།  ཞི་བྱེད་ཁས་བླང་བའོ། །མངོན་སུམ་ལ་བརྒྱད་དེ། རྒོལ་ཕྱི་རྒོལ་གྱི་མངོན་སུམ། གཟུ་བོའི་མངོན་སུམ། དགེ་འདུན་གཞི་བོའི་མངོན་སུམ། གསལ་བའི་མངོན་སུམ། གསལ་བས་གསལ་བའི་མངོན་སུམ།   གནས་བརྟན་དང་བཅས་པའི་དགེ་འདུན་གཞན་གྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །གང་མང་གི་སྐབས་སུ་ཚུལ་ཤིང་མི་ལེན་པ་ལྔ་ནི། ཆོས་མིན་གྱི་ཚུལ་ཤིང་མི་ལེན་པ།   ཐེ་ཚོམ་བྱུང་ན་མ་དྲིས་པར་མི་ལེན་པ།   དགེ་འདུན་དབྱེན་དུ་འགྱུར་བའི་བསམ་པས་མི་ལེན་པ། རྩོད་པ་ཆོས་མིན་ཕྱོགས་སུ་ཞི་བའི་བསམ་པས་མི་ལེན་པ།   དེ་གཉིས་ཀའི་སྒོ་ནས་མི་ལེན་པ་སྟེ་ལྔའོ། ། ལེན་པ་དྲུག་ནི།དེ་ལྔ་ལས་ལོག་པ་དང༌། གྲངས་མཉམ་ན་ཉན་ཐོས་ཆེན་པོ་ཀོའུ་དི་ནྱའི་ཚུལ་ཤིང་གཅིག་ལེན་པ་དང་དྲུག་གོ།།ལྔ་པ་དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་ལ།ཕྱག་འོས་ཀྱི་ཁྱད་པར་ནི། ཁྱིམ་པའི་ཕྱག་ཡུལ་རབ་བྱུང་སྡེ་ལྔ་དང༌། རབ་བྱུང་གཞན་གྱི་ཕྱག་ཡུལ་དགེ་སློང་དང༌། དགེ་སློང་གི་ཕྱག་ཡུལ་རང་ལས་བསླབ་པ་རྒན་པ་དང༌།   ཐམས་ཅད་ཀྱི་སྤྱིའི་ཕྱག་ཡུལ་སངས་རྒྱས་སོ། །ཕྱག་བྱ་མི་རུང་བ་ནི། ས་གཞན་ན་གནས་པ། ཉམས་པ། དགེ་སློང་མ་སུན་ཕྱུང་བ། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ། ཐ་དད་པར་གནས་པ། མཚམས་མེད་པ་བྱས་བ། ཉལ་པ།  སྙོམས་པར་ཞུགས་པ།  བྲེལ་བ། སེམས་གཞན་དུ་གཡེང་བ། རྒྱབ་ཀྱིས་ཕྱོགས་པ།  ཁྱིམ་གཞན་ན་འདུག་པ། ཟས་ཀྱི་གྲལ་ན་འདུག་པ། སྦགས་པ་རྣམ་པ་གཉིས། གཅེར་བུ། གོས་གཅིག་པ་སྟེ་བཅུ་བདུན་ནོ། །ཕྱག་ནི་གཉིས་ཏེ། ཡན་ལག་ལྔ་ཕྱག་དང༌།   སྒྱིད་པ་ལ་འཁྱུད་པས་ཕྱག་འཚལ་བའོ། ། གཉིས་པ་གཙུག་ལག་ཁང་གི་ཁྱད་པར་ལ། གནས་ཀྱི་ཁྱད་པར་ནི། སྐྱེ་བོ་མང་པོའི་འགྲོ་འོང་གི་གནས་དང༌། དབེན་པའི་གནས་ཏེ་གཉིས་སོ། དབེན་པ་ནི།  རྒྱུན་ལུགས་དང། གླག་ཆོར་དང་།   སྒྲ་དང༌། ཏུག་རིད་དེ་བཞིས་དབེན་པའོ། །སྒྲུབ་ཚུལ་ལ།  ཞིག་གསོས་དང་།   སྔར་མེད་གསར་བསྒྲུབ་ཀྱི་ཚུལ་གཉིས།  ཕྱི་མ་ལ་འོག་གཞིར་སོ་ཕག་གི་གཅལ་བདུན་བརྩེགས་སམ་བརྒྱད་བརྩེགས་བྱ་བ། དེའི་སྟེང་དུ་ཕྱོགས་སོ་སོར་ཀ་སྟན། དེའི་སྟེང་དུ་ཀ་བའི་ཚར། བྲེ་གདན། བྲེ་གཞུ།   གདུང་སྟན། གདུང༌།  གདུང་ཁེབས།  མཆོད་བརྩེགས་ཁེབས་མ།པར་མཆོད་རྣམས་བརྩེགས་ཤིང༌།དེའི་སྟེང་དུ་གདུང་མིག་མང་རིས་དང༌།ཁྱམས་ཚར་ལ་ཕྱོགས་སོ་སོར་གདུང་རྒྱུག་པ་དང་། དེའི་སྟེང་དུ་དང༌ལྕམ། ལྕམ་ཁབ་དང༌།    དེའི་སྟེང་དུ་ཤིང་ལེབ་བམ་གྲལ་མ།དེའི་སྟེང་དུ་སོ་ཕག་འདྲེམས་པ། རྫ་འདག་གིས་མཚམ་སྦྱར་བ།སྟེང་དུ་ཞལ་ཞལ་བྱེད་པ།དབུས་སུ་རྒྱ་མཐོངས་དང༌།  དེའི་སྟེང་དབུས་སུ་ཀཉྫི་ར། ཕྱོགས་གཉིས་སུ་ཁྱུང་མགོ། བྱ་འདབས་སུ་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ་སྟེ་སྤྱིའི་རྣམ་བཞག་གོ།   །དེའི་ཕུགས་སུ་དྲེ་གཙང་ཁང་དང༌།ཡང་སྒོ་དང་རྟ་བབས་ཀྱི་བསྒྲུབ་ཚུལ།
གཞན་ཡང་རབ་གསལ་ལྔ་བརྩེགས་བདུན་བརྩེགས་བྱ་བ་སོགས་མང་དུ་ཡོད་དོ།རི་མོའི་ཁྱད་པར་ནི་གཙུག་ལག་ཁང་གི་ཁྱམས་སུ་སྟོན་པའི་སྐྱེས་རབས་དང་། དཔོང་སའི་ཁང་པར་ཤ་རིའི་བུ་སོགས་བྲི་བ་བ།  དྲི་གཙང་ཁང་གི་སྒོར་གནོད་སྦྱིན་འཕྲེང་ཐོགས། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ།  ཟས་ཀྱི་ཁང་པར་ལག་ན་བཅའ་བ་ཐོགས་པ།བསྲོ་ཁང་དུ་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ།   མེའི་ཁང་པར་གྲུལ་བུམ་མེ་སྦར་བར་བྱེད་པ་སོགས་དང༌། ཆུའི་ཁང་པར་ཀླུའི་བུ་མོ་ལག་ན་བུམ་པ་ཐོགས་པ་སོགས།ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པ་དང་། བཤང་གཅིའི་སྐྱབས་སུ་དུར་ཁྲོད་དང་མགོ་ཐོད་སོགས་དང༌། སྒོ་ཁང་གི་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང༌།བདུང་བཅོམ་པ་སོགས་བྲི་བ་དང༌། སྒོར་མི་རྟག་པའི་སྲིན་པོའི་གཟུགས་ཀྱི་ལྟོ་བར་འཁོར་བའི་འཁོར་ལོ་ཆ་ལྔ་པ་བྲི་བ་དང༌།སྟེང་དུ་དེ་བཞིན་གཤེགས་བའི་སྐུ་གཟུགས།   འོག་ཏུ་བརྩམ་པར་ཞིང་དབྱུང་བར་བྱ་ཞེས་སོགས་བྲི་བ་དང༌།གཞན་ཡང་གཙུག་ལག་ཁང་གི་ཕྱོགས་ཕྱོགས་རྒྱལ་མཚན་རྣམ་པ་བཞི་དང་།   བ་དན་དང་། རོལ་མོའི་ཆ་བྱད་སྣ་ཚོགས་པ་དང༌། མཆོད་པའི་ཡོ་བྱད་དུ་མས་བརྒྱན་པར་བྱ་བའོ། འདུལ་བའི་གཞུང་ལས་བྱུང་བའི་མིང་གི་རྣམ་གྲངས་ཆེ་ལོང་ཙམ་མདོར་བསྡུས་པའོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号