ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལས་ལེའུ་གསུམ་པ།ཡོན་ཏན་གྱི་སྐབས་ཀྱི་རྣམ་པར
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གསུམ་པ་ལ་བཞི་ལས།དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ལྔ་དང་ལྡན་པ་ཡིན་ཏེ།སངས་རྒྱས་རྣམས་ནི་སྣང་བཅས་ཀྱི་ཡེ་ཤེས་མ་འདྲེས་ཀྱང་རང་བཞིན་གྱིས་ཕྱོགས་དང་རིས་སུ་བཅད་པ་མེད་པས་རྒྱུད་ཡོངས་སུ་མ་ཆད་པ་དང༌།ཡུལ་དེ་ན་ཡོད་ན་ཤེས་ལ་གཞན་དུ་ཕྱིན་ན་ནི་མི་ཤེས་པ་མེད་པས་ཡུལ་ཡོངས་སུ་མ་ཆད་པ་དང༌།སྐད་ཅིག་བར་མ་ཆད་པའི་མཐར་ཐུག་པ་མེད་པས་དུས་མ་ཆད་པ་དང༌།གཟུགས་ནས་རྣམ་མཁྱེན་གྱི་བར་མ་ལུས་པ་མཁྱེན་པས་དམིགས་པ་མ་ཆད་པ་དང༌།དོན་གྱི་ཤེས་པ་ལ་རྣམ་པ་འཇོག་པ་ལ་མི་ལྟོས་པར་ཤེས་བྱ་ལ་ཡོད་ཙམ་གྱིས་མཁྱེན་པས་རྣམ་པ་སོ་སོར་མ་ཆད་པ་སྟེ་རྒྱན་ལས།མེ་ལོང་ཡེ་ཤེས་ང་ཡིར་མེད།།ཡོངས་སུ་མ་ཆད་རྟག་ཏུ་ལྡན༑།ཤེས་བྱ་ཀུན་ལ་མ་རྨོངས་ལ།།རྟག་ཏུ་དེ་ལ་མངོན་ཕྱོགས་མིན།།ཞེས་སོ།།རིན་པོ་ཆེའི་འབྱུང་ཁུངས་ནས་རིན་པོ་ཆེ་ཐམས་ཅད་འབྱུང་བ་ལྟར་ཡེ་ཤེས་གཞན་གསུམ་ཡང་ཡེ་ཤེས་འདི་ལ་བརྟེན་ནས་འབྱུང་བ་དང༌།རང་ཉིད་ཟབ་མོ་མངོན་པར་རྟོགས་པར་བྱང་ཆུབ་པས་རང་དོན་གྱི་ལོངས་སྤྱོད་རྫོགས་པ་དངོས་ཡིན་ཡང༌།གདུལ་བྱ་ལ་མཚན་དཔེས་བརྒྱན་པའི་ཆོས་སྟོན་པར་སྣང་བ་འབྱུང་(༡༣༩བ)བས་གཞན་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བའི་རྒྱུ་ཡིན་ལ།ཇི་ལྟར་མེ་ལོང་གཡའ་དག་པ་ལ་བཞིན་དང་ཕྲད་ན་གཟུགས་བརྙན་འབྱུང་བ་ལྟར༑ཡེ་ཤེས་འདི་ལའང་གདུལ་བྱ་དང་ཕྲད་ན་ཡེ་ཤེས་གཞན་གསུམ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བས་མེ་ལོང་ལྟ་བུ་ཞེས་བྱ་སྟེ།ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར།།ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ།།ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི།།ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ།།ཞེས་སོ།།
གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྒྱུ་སློབ་པའི་ལམ་དུ་བདག་གཞན་མཉམ་པ་ཉིད་ཀྱི་ཐུགས་རྗེ་གོམས་པར་བྱས་པ་ལས་སངས་རྒྱས་པའི་ཚེ་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ།མཉམ་ཉིད་ཡེ་ཤེས་སེམས་ཅན་ལ།།བསྒོམ་པ་དག་པ་ལས་འདོད་དོ།།མི་གནས་ཞི་བར་ཞུགས་པ་ནི།།མཉམ་ཉིད་ཡེ་ཤེས་ཡིན་པར་འདོད།།ཅེས་དང༌།དུས་ཐམས་ཅད་དུ་བྱམས་པ་དང་ཐུགས་རྗེའི་ཡོན་ཏན་དང་ལྡན་པས་གདུལ་བྱའི་བསམ་པ་དང་མཐུན་པར་གཟུགས་སྐུའི་སྣང་བ་སྟོན་པའི་མཛད་པ་ཅན་ཡིན་ཏེ།དུས་རྣམས་ཀུན་ཏུ་བྱམས་པ་དང༌།།ཐུགས་རྗེ་ཆེན་པོ་དག་དང་ལྡན།།སེམས་ཅན་རྣམས་ལ་མོས་པ་བཞིན།།སངས་རྒྱས་སྐུ་ནི་ངེས་པར་སྟོན༑།ཞེས་སོ།།
གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི།།ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་གདུལ་བྱ་དང་ཕྲད་དེ་ཆོས་སྟོན་པ་ན་དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་ཐོགས་པ་མེད་(༡༤༠ན)པའི་ཡེ་ཤེས་ཏེ།ལྡོག་པའི་ཆ་དེ་ལ་བྱ་ཡི་གཞན་དུ་ན་མེ་ལོང་ལྟ་བུ་དང་ཐ་དད་མེད་པར་འགྱུར་རོ།།སོ་སོར་རྟོག་པའི་ཡེ་ཤེས་ནི།།ཤེས་བྱ་ཀུན་ལ་རྟག་མི་ཐོགས།།ཞེས་སོ།།ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ།ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི།།གཏེར་དང་འདྲ་བ་ཁོ་ན་ཡིན།།ཞེས་སོ།།མཛད་པ་ནི་ས་བཅུའི་འཁོར་གྱི་དཀྱིལ་འཁོར་དུ་སྐུའི་འབྱོར་པ་ཕུན་སུམ་ཚོགས་པ་སྟོན་པ་དང༌།ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་ཆར་འབེབ་པ་སྟེ།འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི།།འབྱོར་པ་ཐམས་ཅད་སྟོན་མཛད་ཅིང༌།།ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི།།ཆོས་ཆེན་ཆར་ནི་རབ་ཏུ་འབེབས།།ཞེས་སོ།།
བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི།ཡེ་ཤེས་གང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་སྣ་ཚོགས་སྒྲུབ་པ་སྟེ།བྱ་བ་གྲུབ་པའི་ཡེ་ཤེས་ནི།ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌།།དཔག་མེད་བསམ་ཡས་སྤྲུལ་བ་ཡིས།།སེམས་ཅན་དོན་ཀུན་སྒྲུབ་པའོ།།ཞེས་སོ།།མཛད་པ་ནི་གདུལ་བྱའི་དོན་བྱ་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང༌།དེ་རེ་རེ་ལ་ཡང་གྲངས་བསམ་གྱིས་མི་ཁྱབ་པ་དང༌།འཕྲིན་ལས་མཛད་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྟེ།སངས་རྒྱས་སྤྲུལ་བ་དེ་རྟག་ཏུ།།མཛད་པ་གྲུབ་པའི་བྱེ་བྲག་དང་༑།གྲངས་དང་ཞིང་གིས་རྣམ་(༡༤༠བ)ཀུན་ཏུ།།བསམ་གྱིས་མི་ཁྱབ་ཤེས་པར་བྱ།།ཞེས་སོ།།
      གཉིས་པ་ཤེས་བྱ་དེ་དག་མཁྱེན་པའི་ཚུལ་ལ།ཉན་ཐོས་སྡེ་བ་དག་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱ་ཐམས་ཅད་དུས་གཅིག་ལ་མཁྱེན་པ་ནི་མ་ཡིན་གྱི་རྒྱུན་རིམ་གྱིས་འཇུག་པ་ཡིན་ཏེ།མཛོད་ལས།རྒྱུན་གྱི་འཇུག་པའི་ཕྱིར་ན་དཔེར།།མེ་ཡིས་ནགས་ཚལ་བསྲེགས་འདོད་ལྟར།།དེ་བཞིན་ཐམས་ཅད་མཁྱེན་པར་འདོད།།ཐམས་ཅད་ཅིག་ཅར་མཁྱེན་ཕྱིར་མིན།།ཞེས་དཔེར་ན་མེས་ནགས་ཚལ་ཐམས་ཅད་རིམ་གྱིས་བསྲེགས་པ་བཞིན་ནོ་ཞེས་ཟེར་རོ།།ཡང་ཁ་ཅིག་ན་རེ།ད་ལྟར་བའི་ཤེས་བྱ་དངོས་སུ་མཁྱེན་པས་འདས་པ་དང་མ་འོངས་པའི་ཤེས་བྱ་ཤུགས་ལ་མཁྱེན་པ་ཡིན་ཟེར་རོ།།ཡང་འགའ་ཞིག་ནི།ཇི་ལྟ་བ་མཁྱེན་པའི་ཚུལ་ནི།སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་མངོན་སུམ་དུ་མཁྱེན་པས་སྐྱེ་བ་དང་འགག་པ་ལ་སོགས་པར་འཛིན་པའི་སྒྲོ་འདོགས་ཐམས་ཅད་ཤུགས་ལ་ཆོད་པ་ཡིན་ཞེས་ཟེར་རོ།།དེ་དག་ཐམས་ཅད་རང་རང་གི་བློའི་འདོད་ཚུལ་མ་གཏོགས་པ་མཐའ་གཅིག་ཏུ་ངེས་པར་མི་ནུས་སོ།།འོན་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཀྱང་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཁྱེན་པ་ཡིན་ཏེ།དུས་ལ་སོགས་པ་ཤེས་བྱ་གང་ལ་ལྟོས་ནས་(༡༤༡ན)ཀྱང་གེགས་སྒྲིབ་པ་ཐམས་ཅད་བྲལ་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ།།དབུ་མ་བདེན་གཉིས་ལས།མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌།།ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན།།ཞེས་སོ།།
       གསུམ་པ་དེ་དག་གི་རྒྱུ་ལ་གཉིས་ལས་གནས་གྱུར་གྱི་རྒྱུ་ནི།མ་དག་པའི་དུས་ཀྱི་རྣམ་ཤེས་བརྒྱད་རྟེན་དང་བཅས་པ་ཡེ་ཤེས་བཞི་འཁོར་དང་བཅས་པར་གནས་གྱུར་པ་ཡིན་ཏེ།སྐུ་གསུམ་ལ་འཇུག་པའི་མདོ་ལས།ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།།ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།།ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ།།སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ།།ཞེས་སོ།།དེ་ལ་ཤེས་པ་དེ་དག་གི་རང་བཞིན་གློ་བུར་གྱི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་དྲི་མ་རྣམ་པར་དག་པར་གནས་གྱུར་པ་ཡིན་གྱི།ཤེས་པ་དེ་དག་གནས་གྱུར་པ་ནི་མ་ཡིན་ཏེ་དེ་དག་ནི་དག་བྱའི་དྲི་མ་ཡིན་པའི་ཕྱིར་རོ།།མདོ་སྡེ་རྒྱན་ལས་ཤེས་པ་དེ་དག་གནས་གྱུར་པར་བཤད་པ་ནི་རྣམ་པ་གསལ་བར་མཚོན་པ་ཙམ་ཡིན་ནོ།།སྒྲུབ་བྱེད་ཀྱི་རྒྱུ་ནི།སློབ་ལམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་འབུམ་ཕྲག་དུ་མ་ཐོས་ནས་བཟུང་བས་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་ལ།བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འཐོབ་པ་དང༌།རང་གིས་ཐོས་པའི་ཆོས་གདུལ་བྱ་ལ་དཔེ་མཁྱུད་མེད་པར་སྟོན་པས་སོ་(༡༤༡བ)སོར་རྟོག་པའི་ཡེ་ཤེས་འཐོབ་པ་དང༌།གཞན་གྱི་དོན་སྒྲུབ་པའི་གྲོགས་བྱས་པས་བྱ་བ་གྲུབ་པའི་ཡེ་ཤེས་འབྱུང་སྟེ།རྒྱན་ལས།འཛིན་པའི་ཕྱིར་དང་སེམས་མཉམ་དང༌།།ཡང་དག་ཆོས་རབ་སྟོན་ཕྱིར་དང༌།།བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར།།ཡེ་ཤེས་བཞི་པོ་ཡང་དག་འབྱུང༌།།ཞེས་སོ།།
      གཉིས་པ་གཞུང་དོན་ལ་གསུམ་སྟེ།སྟོབས་བཅུ།མི་འཇིགས་པ་བཞི༑མ་འདྲེས་པ་བཅོ་བརྒྱད་དོ།།དང་པོ་ལ་གཉིས་ལས།དང་པོ་ནི་སྟོབས་ཞེས་པ་དབྱེ་བའི་གཞི་ཡིན་ལ་རྣམ་པ་བཅུ་ཞེས་པ་གྲངས་ཀྱི་དབྱེ་བའོ།།བཅུ་སོ་སོའི་ངོ་བོ་ནི་གནས་དང་ཞེས་པ་སྟེ།དེ་ལ་གནས་དང་གནས་མ་ཡིན་པ་ནི་སྲིད་པ་དང་མི་སྲིད་པ་སྟེ།རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་གསུམ་ནི་སྐྱེས་པའི་རྟེན་ལ་འབྱུང་སྲིད་ཀྱི་བུད་མེད་ཀྱི་རྟེན་ལ་མི་སྲིད་པ་ལྟ་བུའོ།།དེ་མཁྱེན་པའི་སྟོབས་ནི་མཁྱེན་པའི་ཡེ་ཤེས་ཏེ་དེས་རང་རྒྱུད་ཀྱི་སྒྲིབ་པ་བཅོམ་ནས་གཞན་གྱི་སྒྲིབ་པ་འཇོམས་པའི་ནུས་པ་ཐོབ་པས་གཞན་ཟིལ་གྱིས་གནོན་པར་ནུས་པས་ན་སྟོབས་ཞེས་བྱའོ།།དེ་ནི་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་བརྟན་པ་ལས་གྲུབ་བོ།།ལས་རྣམས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་མཁྱེན་པ་སྟེ།དགེ་བ་སྤྱད་པས་བདེ་བ་འབྱུང་ལ་མི་དགེ་བ་སྤྱད་པས་སྡུག་བསྔལ་འབྱུང་བ་ལྟ་བུའོ།།དེ་ནི་ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ལས་གྲུབ་བོ།།དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི་ཐེག་ཆེན་དབང་པོ་(༡༤༢ན)མཆོག་དང་ཐེག་དམན་དབང་པོ་མཆོག་མ་ཡིན་པར་མཁྱེན་པ་ལྟ་བུ་སྟེ།སྔོན་དབང་པོའི་རིམ་པ་དང་མཐུན་པར་ཆོས་སྟོན་ཅིང་ཞུགས་པ་ལས་གྲུབ་བོ།།ཁམས་སྣ་ཚོགས་པ་རྣམས་མཁྱེན་པའི་སྟོབས་ནི་ཐེག་པ་གསུམ་གྱི་རིགས་ཐ་དད་པ་མཁྱེན་པ་ལྟ་བུ་ནི།སྔོན་ཁམས་དང་མཐུན་པར་ཞུགས་པ་ལས་གྲུབ་བོ།།མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི་བསམ་པའི་བྱེ་བྲག་གིས་ཐེག་པ་གསུམ་ལ་མོས་པ་ཐ་དད་པ་མཁྱེན་པ་ལྟ་བུ་སྟེ།སྔོན་མོས་པ་ཇི་ལྟ་བ་བཞིན་དུ་ཞུགས་པ་ལས་གྲུབ་བོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号