ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

རྩོམ་པ་པོའི་རྣམ་ཐར་མདོར་བསྡུས།

དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས། དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ།།གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང༌།།རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས།།ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད།།ཅེས་གསུངས་པ་ལྟར་སྒོ་གསུམ་གུས་པ་ཆེན་པོས་འདུད་པ་དང་བཅས་བྱིན་རླབས་ཞུ་བ་སྔོན་དུ་བཏང་ནས།དེ་ཡང་དུས་གསུམ་རྒྱལ་བ་མ་ལུས་པའི་གསང་གསུམ་ངོ་བོ་གཅིག་ཏུ་བསྡུས་པའི་ཁྱབ་བདག་འཁོར་ལོའི་མགོན་པོ།ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་ལ་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ཀྱི་གཟིགས་པ་དག་པའི་ཆོས་ཀྱི་སྤྱན་ལྡན།ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་རྟོགས་ཀྱི་ཀློང་བརྡོལ་ཞིང་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཆོས་ཀྱི་བཤེས་གཉེན། ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བའི་རིགས་ཀྱི་བདག་པོ་ཟླ་མེད་པ། མཉམ་མེད་དགེ་ལྡན་བསྟན་པའི་ཆུ་མགོ་མདོ་སྨད་ཡངས་པའི་ནོར་འཛིན་གྱི་ལུང་རིགས་སྒྲོགས་པའི་དགའ་ཚལ།དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་མཛད་མཁན།རང་ཅག་རྣམས་ཀྱི་ཚེ་རབས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག་པུ།སྐྱེ་དགུ་ཡོངས་ཀྱི་འདྲེན་པ།ཡོངས་རྫོགས་བསྟན་པའི་མངའ་བདག་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོའམ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་མཚན་སྙན་གྱི་རོལ་མོ་ཕྱོགས་ཀྱི་བུ་མོའི་སྙན་གོང་དུ་མཆེད་པ་གང་གི་རྣམ་པར་ཐར་པ་མདོར་བསྡུས་ཤིག་ཞུ་ན།
དེ་ཡང་བདག་ཉིད་ཆེན་པོ་འདི་གང་དུ་འཁྲུངས་པའི་གནས་ནི།བོད་ཆོལ་ཁ་གསུམ་གྱི་ཕྱི་མ་རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོའི་ཡན་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ།རྨ་ཀླུང་རིང་མོ་དལ་གྱིས་འབབ་པའི་ལྷོ་བྱང་ཆར་བགོས་པའི་ལྷོ་རྒྱུད་འཛིན་མའི་ཐིག་ལེ།རེབ་ཀོང་གསེར་མོ་ལྗོངས་ཀྱི་ཆ་རེབ་ཀོང་ཤ་སྦྲང་དུ་འབོད་པ།རིགས་ནི།ཁྲི་བརྒྱད་ལས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ།དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ།།ཞེས་གསུངས་པ་ལྟར། རིགས་རུས་ནི་ས་སྐྱ་ཡིན་ཞེས་པ་དང༌།ས་སྐྱ་ནས་མཆེད་པའི་རེབ་ཀོང་གི་ཡུལ་ཡིན་ཟེར་བ་ལྟར་རབ་བྱུང་ལྔ་པའི་ས་བྱ་ལོ་སྟེ་ཉག་མ་ཞེ་གསུམ་པ་སྤྱི་ལོ༡༣༠༩ལོར་རིགས་རུས་ཕུན་སུམ་ཚོགས་པ་ལས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས༑ གཞན་ཡང་རེབ་ཀོང་རུས་མཛོད་ཆེན་མོ་ཞེས་འབྲི་དེབ་ཉིས་བརྒྱ་ལྷག་ཡོད་པ་དེ་ན་ཡབ་ཡུམ་སྤུན་མཆེད་སོགས་ཀྱི་མིང་གསལ་པོ་ཞིག་འདུག་ཀྱང་ཇི་འདྲ་སྙམ་ནས་བུ་བཤུས་བྱེད་མ་ཐུབ་པར་བཏང་སྙོམས་སུ་བཞག། སྐུ་གཞོན་དུས་ནས་བྱིས་པ་ཕལ་པའི་སྤྱོད་ཚུལ་ལས་རིང་དུ་འདས་ཤིང་ཆོས་ཀྱི་བག་ཆགས་མངོན་པར་སད་དེ་རབ་ཏུ་བྱུང་ཞིང་དབུས་གཙང་ཆོས་ཀྱི་མཚོ་གླིང་དུ་བདེ་བར་བྱོན།
དེ་ནས་སྙེ་ཐང་བདེ་བ་ཅན་དུ་བྱོན་ནས།ཆོས་རྗེ་བཀྲ་ཤིས་སེང་གེ་དང་གཙང་གི་སྣར་ཐང་ཆོས་སྡེ་ཆེན་མོར་བཅོམ་ལྡན་རིགས་རལ་གྱི་བུ་ཆེན།ལྡོང་སྟོན་རིགས་པའི་སེང་གེའམ་མདོ་སྟོད་པ་རིན་ཆེན་སེང་གེ་སོགས་ལས་དབུ་ཕར་དང་བྱམས་ཆོས་ཐམས་ཅད་དང་ཚད་མ་རྣམ་ངེས་སོགས་གཞུང་ཆེན་བཀའ་པོད་ལྔ་ལ་ནང་བྱན་ཆུད་པར་སྦྱངས།དེའི་ཚུལ་ནི།ཁྲི་རྒན་འཇམ་པའི་དབྱངས་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་རིན་ཆེན་འདྲེན་པའི་ཤིང་རྟ་ལས།མཁས་པའི་དབང་ཕྱུག་བཀྲ་ཤིས་སེང་གེ་དང༌།།ལྡོང་སྟོན་རིགས་པའི་སེང་གེའི་ཞབས་བསྟེན་ནས།།དབུ་ཕར་བྱམས་ཆོས་ཚད་མ་རྣམ་འགྲེལ་སོགས།།གཞུང་ཆེན་དུ་མར་སྦྱངས་ལ་གསོལ་བ་འདེབས།།ཞེས་གསུངས།དེའི་ཚེ་རིགས་པའི་གནས་ཀྱི་དགག་སྒྲུབ་ཀྱི་དཀའ་གནད་སྐོར་ཞིག་ཐུགས་ལ་ཅུང་ཟད་འཆར་དཀའ་བ་བྱུང་བ་ལ།ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་བསགས་སྦྱང་གི་གནད་ལ་གཞོལ། ཞབས་ལ་ཁྲག་རྡོལ་གྱི་བར་ཉིན་མཚན་བར་མེད་དུ་ཕྱག་དང་སྐོར་བ་མཆོད་འབུལ་སོགས་མཛད་པས་བློ་གྲོས་ཀྱི་ནུས་པ་ཡ་མཚན་འཁྲུངས་ཏེ་རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར།སྐབས་དེར་རྩོད་པ་ཕུལ་དུ་ཕྱིན་པར་གྱུར་ཏེ་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས།དེའི་ཚུལ་ནི་ཡང་དེ་ཉིད་ལས།དེ་ཚེ་རིགས་པའི་གནས་ཀྱི་དགག་སྒྲུབ་གནད།།ཅུང་ཟད་འཆར་དཀའ་བྱུང་ཚེ་བསགས་སྦྱངས་མཛད།།འཇིག་རྟེན་དབང་ཕྱུག་དྲུང་དུ་གསོལ་བཏབ་པས།།བློ་གྲོས་ཐོགས་མེད་རྒྱས་ལ་གསོལ་བ་འདེབས།།ཞེས་གསུངས།
དེའི་རྗེས་ཞྭ་ལུར་གྲྭ་སྐོར་ལ་བྱོན་པ་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱང་གདན་ས་དེར་ཕེབས་འདུག་པ་ལ། ཚོགས་སུ་བགྲོ་གླེང་ཡུན་རིང་མཛད་པས་ཐུགས་ལ་ལེགས་པར་ཟིན་ཏེ།ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་དབྱིངས་སུ་གཏོར་བས་ཐམས་ཅད་ངོ་མཚར་བར་གྱུར་ཏེ།དེ་ཉིད་ལས།ཞྭ་ལུར་གྲྭ་སྐོར་མཛད་ཚེ་སྙིགས་དུས་ཀྱི།།ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ།།ཟབ་རྒྱས་ལེགས་པར་བཤད་པས་མཉེས་བྱས་ཏེ༑།རིགས་པའི་གད་རྒྱངས་བསྒྲགས་ལ་གསོལ་བ་འདེབས།།ཞེས་དང༌།དེ་ཡི་ཚེ་ན་མདོ་སྨད་ཤར་ཕྱོགས་པ།།མཚུངས་མེད་པཎ་ཆེན་རིགས་པའི་དཔའ་བོ་ཞེས།།གྲགས་སྙན་འབྲུག་སྒྲའི་དབྱངས་ཀྱི་ང་རོ་ཡིས།།རྒྱལ་བའི་ཞིང་ཀུན་ཁྱབ་ལ་གསོལ་བ་འདེབས།།ཞེས་གསུངས་པ་ལྟར་རོ།།
དེ་ནས་རོང་དུ་བྱོན་ཏེ།གསན་རྒྱ་དང་མཁྱེན་རྒྱ་བུ་སྟོན་དང་མཉམ་པར་གྲགས་པའི་རོང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་ནས་གཤེད་སྐོར་སྤྱི་དང༌།ཁྱད་པར་འཇིགས་བྱེད་ཀྱི་དབང་དང༌།རྒྱུད་འགྲེལ་བཤད་པ།གཞན་བདེ་གསང༌།ཀྱེ་རྡོར༑དུས་འཁོར་སོགས་རྒྱུད་སྡེ་མང་པོའི་དབང་བཤད་མན་ངག་སོགས་འདི་མ་གསན་བྱ་བ་མེད་སྙམ་པ་ཐུགས་ལ་དགོངས།དེ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོ་ས་ལ་བསྐྱིལ་བ་ལྟ་བུར་གྱུར་ནས་འཇིག་རྟེན་ཐམས་ཅད་ཀྱི་མགོན་དུ་བཞེངས།དེའི་ཚུལ་ནི།དེ་ཉིད་ལས།མཁས་གྲུབ་ཆེན་པོ་ཡེ་ཤེས་དཔལ་བ་ལས།།རྭ་ལོའི་ཟབ་ཆོས་རྡོ་རྗེ་འཇིགས་བྱེད་ཀྱི།།དབང་ཁྲིད་མན་ངག་གསན་ཏེ་ཉམས་བཞེས་པས།།རིམ་གཉིས་ཏིང་འཛིན་འཁྲུངས་ལ་གསོལ་བ་འདེབས༑།ཞེས་གསུངས་སོ།།
དེ་ནས་ཨ་མདོར་ཕེབས་པའི་ལམ་བར་དུ།འཕགས་པ་ཤིང་ཀུན་གྱི་བླ་མ་མཛད་པ།སུམ་པའི་ཆོས་འབྱུང་དུ།ལིན་ཐོའུའི་སའི་ཆར་འཕགས་པ་ཤིང་སྐུའི་བདེ་ཆེན་གཙུག་ལག་ཁང་ས་སྐྱ་འཕགས་པས་ཞིག་གསོ་མཛད་པ་དེའི་བླ་མར་བཞུགས་པ་མདོ་སྨད་པ་ཆོས་རྗེ་དོན་གྲུབ་རིན་པོ་ཆེ་ཞེས་གསུངས་པ་དང༌།སྐབས་དེར་ཆོས་སྡེ་ཆེན་པོ་དེ་ན་དགེ་འདུན་པ་འབུམ་ཚོ་ལ་ཉེ་བ་ཡོད་སྐད། འཆད་ཉན་ཤིན་ཏུ་འཕེལ་བའི་སྐབས་ཉིད་ན།སྙེ་ཐང་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུས་པའི་གདན་འདྲེན་པ་འབྱོར་བས་སླར་ཡང་དབུས་སུ་ཕེབས།སྐབས་དེར་ཕྱག་རྫས་མང་དུ་བསྣམས་བྱོན་པ་རྣམས་ཀྱིས་བདེ་བ་ཅན་དང་སྣར་ཐང་སོགས་ཆོས་སྡེ་མང་པོར་གཙུག་ལག་ཁང་དང་དགེ་འདུན་ལ་སྲི་ཞུ་རྒྱ་ཆེར་བསྒྲུབས་ཤིང་ཐུགས་སྨོན་གནང༌།ཡབ་ཆོས་སྡིངས་འདེབས་མཁན་སྐྱེས་མཆོག་རྟོགས་ལྡན་པ་ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན།ཕྱག་རྫས་ལྷག་མ་གང་ཡོད་བླ་མ་ལ་ཕུལ་ཞིང་གསོལ་བ་བཏབ།སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐུགས་རྒྱུད་ལ་འཁྲུངས།ཁྱད་པར་དུ་མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་གསན་པའི་སྐབས་ཤིག་བླ་མའི་ཞལ་ནས་ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད།ཁྱད་པར་དུ་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་སྒོས་སངས་རྒྱས་ཀྱི་བསྟན་པ་གང་འཕེལ་གྱིས།སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད།དེའི་དུས་ཁྱོད་ལ་སློབ་མ་མཁས་གྲུབ་གཉིས་འཛོམས་མང་པོ་འོངས་པའི་ནང་ན་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་ཞེས་གསུངས་པ་དང༌།རྡོ་རྗེ་འཇིགས་བྱེད་ཀྱི་གདམས་ངག་སྐོར་ལ་ཐུགས་འགྲུས་མཛད་པའི་སྐབས་ཤིག་ལ་བླ་མ་དེ་ཉིད་ཀྱིས་འཇམ་དཔལ་གཤིན་རྗེའི་གཤེད་དངོས་སུ་མཇལ་འདོད་ན་མདོ་སྨད་དུ་སོང་དང་མཇལ་འོང་ཞེས་སོགས་ལུང་བསྟན་ཞིང་སླར་ཨ་མདོར་བྱོན།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号