ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དེ་ཡང་གདུང་རྟེན་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་པོ་ལས་བདུད་རྩིའི་ཟིལ་བ་མུ་ཏིག་གི་ཚོམ་བུ་འགྲིལ་བའི་དཔེ་བཞིན་སྔོན་ནས་ད་ལྟའི་བར་དུ་ལོ་རེ་བཞིན་འབབ་པ་ནི་སྐྱེ་བོ་མཆོག་དམན་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར།དེ་ལྟར་ཡང༌།དཔལ་ལྡན་བླ་མ་དམ་པ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོས། སྤྱིར་རྟེན་ཁྱད་པར་དུ་འཕགས་པ་ལ་ལན་རེར་བདུད་རྩི་འབབ་པ་སྲིད་ཀྱང༌།ལོ་རེ་བཞིན་ཆག་མེད་དུ་དུས་ཚིགས་ངེས་ཅན་ལ་བདུད་རྩི་འབབ་པའི་རྟེན་ནི་གངས་ཅན་གྱི་ལྗོངས་སུ་འདི་གཅིག་བུར་ཟད་དོ་ཞེས་ཀྱང་སྨྲ་བར་རིགས་སོ།།ཞེས་གསུངས།དེ་ཡང་འཇམ་དབྱངས་ཆོས་རྗེའི་སྤྲུལ་སྐུ་ཧལ་ཧ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས།མཆོད་སྡོང་འོད་དང་འོད་ཟེར་ཆེར་འབར་བ།།མིག་གིས་མི་བཟོད་རྟེན་བཟང་ངད་པ་ཅན།།དེའི་ཚེ་དཀར་ཟིལ་མུ་ཏིག་ཕྲེང་བ་བཞིན།།བང་རིམ་རྣམས་སུ་འགྲིལ་ཏེ་འབབ་གྱུར་པ།།ཞེས་དང༌།པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང༌།སྐུ་གདུང་ལས་བདུད་རྩི་འབབ་པར་མ་ཟད། རྗེའི་སྒྲུབ་ཁང་བའི་རྟེན་ལ་ཡང་འབབ་གྱིན་ཡོད་དོ།།དེ་དག་ངོ་མཚར་ཆེ།ཞེས་དང༌།ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དུ།སྐུ་གདུང་རིལ་པོ་གདུལ་བྱའི་དོན་དུ་ད་ལྟའི་བར་དུ་བཞུགས་ཤིང༌།དུས་བཟང་ལ་སྐུ་གདུང་མཆོད་རྟེན་ལས་བདུད་རྩི་འབབ་པ་དང༌།དྲི་བཟང་གིས་གླིང་ཁྱབ་པ་ནི་ད་ལྟའི་བར་དུ་དེ་ཕྱོགས་ཀྱི་སྐྱ་སེར་རྒན་གཞོན་ཐམས་ཅད་ལ་མཐུན་གྲུབ་ཡིན་ནོ།།ཞེས་དང༌།རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས།དུས་བཟང་གི་སྐབས་ལ་ལར་དྲི་ཤིན་ཏུ་བཟང་པོའི་ངད་པ་དགོན་པའི་གླིང་ཐམས་ཅད་ཁྱབ་པར་འཕྲོ་བའི་ངོ་མཚར་ད་ལྟ་ཡང་འབྱུང་བཞིན་པ་མཐུན་སྣང་དུ་གྲུབ།ཅེས་དང༌།ཐུའུ་བཀྭན་ཆོས་ཀྱི་ཉི་མས་མདུང་ནག་ཀོ་ཀྱ་ཞབས་དྲུང་ལ་སྩལ་བའི་ཆབ་ཤོག་ཏུ།རྒྱལ་བ་གཉིས་པའི་ཡོངས་སུ་འཛིན་པ་མཆོག།དོན་གྲུབ་རིན་ཆེན་ཞེས་གྲགས་མ་འོངས་དུས།།རྔ་སྒྲ་སྒྲོགས་པའི་ཞིང་དུ་འཚང་རྒྱ་བ།།དེ་ཡི་རིང་བསྲེལ་མཆོད་རྟེན་མཇལ་ལགས་སམ།།བྱིན་རླབས་ཕུང་པོ་སྤུངས་པའི་རྟེན་དེ་ལས།།བསྟན་པ་དར་ཞིང་འཇིག་རྟེན་བདེ་བ་ཡི།།དགེ་བའི་ལྟས་སུ་དུས་ཚེས་བཟང་པོ་ལ།།བདུད་རྩི་འབབ་པ་ལྗགས་ཀྱིས་མྱངས་ལགས་སམ།།ཞེས་དང༌།རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོས།བྱིན་རླབས་ངད་ལྡན་བདུད་རྩིའི་ཟིལ་བའི་ཀླུང༌།།རྟག་འབབ་རིང་བསྲེལ་མཆོད་སྡོང་ཆེན་མོས་གཙོས།།རྟེན་གསུམ་བྱུར་བུར་སྤུངས་པའི་དྲི་གཙང་ཁང༌།།མཐོ་རིས་དགའ་ཚལ་སྐྱེངས་པའི་ངོ་མཚར་རྫོགས།།ཞེས་དང༌།དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་པོས།བདེ་གཤེགས་མོས་པ་སྣང་མཛད་ཀྱི།།རྣམ་འཕྲུལ་དོན་གྲུབ་རིན་ཆེན་ཞབས།།གང་གི་གདུང་རྟེན་མཆོད་སྡོང་ལས།།བདུད་རྩིའི་ཟིལ་བ་ཕྲོམ་མར་འབྱུང༌།།ཞེས་སོགས་འདི་དང་འདི་ལྟ་བུའི་མདོ་དབུས་རིས་སུ་མ་བཅས་པའི་རྩོད་མེད་མཁས་པའི་དབང་པོ་རྣམས་ནས་ལན་བརྒྱར་བསྔགས་པའི་ལུང་ཚད་མ་བགྲང་གིས་མི་ལངས།དེ་ཕྱིར་ལོ་བདུན་བརྒྱར་ཉེ་བའི་རིང་ལ་བྱ་ཁྱུང་གསེར་གདུང་རིལ་བུ་ཞེས་འཛམ་གླིང་ཡོངས་ལ་ཁྱབ་པ་འདི་བྱུང་བ་ཡིན་ནོ།།
ཆོས་རྗེ་རིན་པོ་ཆེས་རྡོ་རྗེ་ཕག་མོ་ལྷ་ཁང་ཆེན་མོར་གྲགས་པ་འདིས་གཙོ་བོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་ལས།རྡོ་རྗེ་ཕག་མོའི་ལྷ་ཁང་འདིར་ཡབ་སྲས་གཉིས་ཀྱིས་བྱིན་རླབས་དང་རབ་གནས་དངོས་སུ་མཛད་པར་གྲགས།བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བས་ཕྱོགས་སོ་སོའི་མཇལ་བར་འོང་བའི་རྒྱུ་འགྲུལ་རྒྱུན་ཆད་པ་མེད།བཀའ་རྩོམ་ཅི་ཡོད་ལོ་རྒྱུས་རྣམས་སུ་མི་གསལ་ཡང༌༑གསུང་གི་མཛད་པའི་མཆོག་རྒྱུད་བླ་མའི་འགྲེལ་བ་རིན་པོ་ཆེའི་སྣང་བ་འདི་དང༌།གཞན་འགྲེལ་བ་འདིར་བཀའི་དགོངས་འགྲེལ་ཇི་ལྟར་བྱུང་ཚུལ་བཤད་སྐབས།བཀའ་སོ་སོའི་འགྲེལ་བ་ཇི་ལྟར་བྱུང་ཚུལ་ནི་ཁོ་བོས་བྱས་པའི་རིན་ཆེན་ཐེམ་སྐས་སུ་ཅུང་ཟད་བརྗོད་ཟིན་པས་དེར་བལྟ་བར་བྱའོ།།ཞེས་འབྱུང་བ་ལྟར་བཀའ་རྩོམ་གྱི་རིགས་གཞན་ཡོད་པར་ངེས་པས་དེང་སང་མཇལ་རྒྱུ་མེད་པ་ནི་ཤིན་ཏུ་ཕངས་པའི་གནས་སོ།།
གསུང་ལས་སྐྱེས་པའི་བུ་ཆེན་ཡང་ས་ཆེན་གྱི་རྡུལ་ལ་འགྲན་པ་མང་པོ་བྱོན་པའི་ནང་ན་རྒྱུ་སྐར་གྱི་ཁྲོད་ན་བདེ་འབྱུང་གཙུག་གི་རྒྱན་བཞིན་མངོན་པར་མཐོ་བ།ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ།མཁས་ཤིང་གྲུབ་པའི་དབང་ཕྱུག་རོང་བོ་བླ་མ་བསམ་གཏན་རིན་ཆེན།ཏཱ་དཔོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་འོད་སོགས་བགྲང་ལས་འདས་པའི་བུ་སློབ་རྣམས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་མཐར་སྤེལ་བས་རྫོགས་ལྡན་གསར་པའི་ལང་ཚོ་རྒྱས་པར་བྱས་སོ།།ཞེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིགས་ཀྱི་ཅོད་པན།ཡོངས་འཛིན་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་སུ་བརྗོད་པ་འདི་ནི།བྱ་ཁྱུང་བ་བུད་རྙའི་མིང་ཅན་གྱིས་བྲིས་པ་ལགས་སོ།།དགེ་ལེགས་འཕེལ།། །།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号