ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཡབ་རྗེ་བླ་མ་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་པོས།དོན་གཉིས་མཐར་ཕྱིན་སྟོབས་བཅུ་རྩལ་རྫོགས་ཤིང༌།།མཁས་གྲུབ་བྱེ་བའི་གཙུག་ཏོར་རྩེར་འཕགས་ཏེ།།སྲིད་ཞིའི་རིན་ཆེན་ཟླ་མེད་ཙོང་ཁའི་ཡུལ།།འཇམ་དབྱངས་བྱིས་པ་སྐྱོང་བའི་ཕ་དེ་དྲན།།ཞེས་གསུངས་པ་ལྟར་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པས་རྗེ་བདག་ཉིད་ཆེན་པོ་འདི་ཡོངས་རྫོགས་བསྟན་པའི་མངའ་བདག་ཏུ་འགྱུར་བ་ཐུགས་ཀྱིས་མཁྱེན་པས་སྐུ་བྱིས་པའི་དུས་ཉིད་ནས་བདག་གིར་མཛད་དེ་སྐུ་དྲུང་དུ་སྐྱེད་བསྲིངས་པ་དང༌།འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མ་དང༌།རབ་ཏུ་བྱུང་བ་དང༌།རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་པ་སོགས་ཇི་ལྟར་སྨན་གྱི་ཤིང་ལྗོན་པ་ཆེན་པོ་མངོན་པར་གྲུབ་པའི་མྱུ་གུ་ལྟར་ལེགས་པར་བསྐྱངས་ཤིང༌། སླད་དབུས་གཙང་དུ་འབྱོན་པའི་རྫོང་བདའ་དོ་དམ་སོགས་ཀྱང་ཤིན་ཏུ་ཆེ་བར་མཛད་པས་བཀའ་དྲིན་ལྷག་པར་ཆེ་བ་ཡིན། དུས་ཕྱིས་ཀྱང་བླ་མའི་མཚན་བརྗོད་པ་ཙམ་ལའང་ཕྱག་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་བསིལ་བ་དང༌།མྱ་ངན་ལས་འདས་ནས་དུས་མཆོད་མ་ཆག་པར་མཛད་པ་སོགས་བཀའ་དྲིན་ཆེ་ཤོས་ཀྱི་བླ་མར་འཛིན་པས།ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུ་ཡང༌།དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ།།གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང༌།།རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས།།ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད།།་ཅེས་དང༌།སྔགས་རིམ་ཆེན་མོའི་མཛད་བྱང་དུ༌།ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བ།དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།དོན་གྲུབ་རིན་ཆེན་གྱི་ཞལ་སྔ་ནས་ཀྱི་སྐུ་དྲིན་གྱིས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་སྨིན་པར་མཛད།་ཅེས་དང༌།རྟག་ངུའི་རྟོགས་བརྗོད་དུ།མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་ཀྱི་རྡུལ་སྤྱི་བོར་ལེན་ཅིང༌།ཞེས་སོགས་བསྔགས་བརྗོད་ཚད་མེད་པ་གནང་ངོ༌།།
གཞན་ཡང༌།ཆོས་རྗེ་རིན་པོ་ཆེ་ལ་ལྐོག་ཏུ་གྱུར་པའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་ལ་ཆགས་ཐོགས་མི་མངའ་བའི་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཐུགས་རྒྱུད་ལ་མངའ་བ།དཔེར་མཚོན་ན།རྗེ་བདག་ཉིད་ཆེན་པོ་སྐུ་དྲུང་ན་བཞུགས་སྐབས་ཤིག།ཆོས་རྗེ་རིན་པོ་ཆེ་ནས་བོད་ཕྱོགས་སུ་སྣར་ཐང་དང་བདེ་བ་ཅན་དུ་ཇ་སྐོལ་དང་འབུལ་བ་མང་དུ་བསྐུར་བར་མཛད་ནས་སྟོན་དུས་ཤིག་ལ་དེ་རིང་ཚེས་གྲངས་དང་དུས་ངེས་པར་ཡིད་ལ་ཟུངས་ཤིག།སྣར་ཐང་ན་རང་རེས་ཇ་སྐོལ་དང་འབུལ་བ་བྱེད་ཀྱིན་འདུག་གསུངས་པ་ལྟར།རྗེ་རིན་པོ་ཆེས་ཀྱང་དུས་ཚིགས་ཐུགས་ལ་བཞག་ནས་རྗེས་སུ་འབུལ་སྐྱེལ་བ་རྣམས་མར་སླེབས་དུས་བཀའ་འདྲི་གནང་བར་ཇ་སྐོལ་བྱས་པའི་ཉི་མ་དེ་ག་རང་དུ་འདུག་ཅེས་གསུངས་པ་དང༌།ཡང༌།ཡབ་ཆོས་སྡིངས་སུ་ཆོས་རྗེ་རིན་པོ་ཆེའི་བླ་མ་རྟོགས་ལྡན་པ་སྐུ་གཤེགས་ནས་བྱང་སེམས་པས་ཆོས་རྗེ་རིན་པོ་ཆེར་གསུང་ཡིག་འབུལ་སྐྱེས་དང་བཅས་པ་མདོ་སྨད་དུ་བསྐུར་བའི་ལན་རྣམས་ཡར་ལ་གནང་དུས།འབུལ་སྐལ་བསྐུར་བ་སོགས་འཕྲོད་པའི་རྒྱུ་མཚན་གསུང་ཤོག་དང་བཅས་པ་ཐམས་ཅད་གུ་རུ་དཀོན་གཞོན་པ་ཟེར་བ་ལ་གནང་སོང་བར། དྲུང་ན་འཁོད་པ་རྣམས་ཀྱིས་སྔ་སོར་རང་རེ་ལ་བསྐུར་མི་བྱང་སེམས་པ་ཡིན་འདུག་པས་དེ་ལ་གནང་བ་འགབ་ཚུལ་ཞུས་ཀྱང་འདི་གས་འོང་གསུངས་པ་བཞིན།ལན་འབུལ་བ་རྣམས་དབུས་སུ་སླེབས་སྐབས་བྱང་སེམས་པའང་གྲོངས་ནས་གུ་རུ་དཀོན་གཞོན་པ་ཡབ་ཀྱི་གདན་སར་བསྐོས་ཚར་བ་སོགས་ངོ་མཚར་བའི་ལོ་རྒྱུས་མང་པོ་དང༌།ཤར་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཆོས་འབྱུང་ལས་ཀྱང༌།སྤྱན་རས་གཟིགས་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཞལ་གཟིགས།མངོན་ཤེས་ཐོགས་མེད་དུ་མངའ་ཞིང་གྲུབ་རྟགས་མང་དུ་བསྟན།ཅེས་གསུངས་པ་སོགས་དམ་པ་འདིའི་གསང་གསུམ་གྱི་ཡོན་ཏན་མཐའ་དག་པ་སུས་བརྗོད་པར་ནུས།
དེ་ནས་ཇི་སྐད་དུ།རྒྱལ་བ་བསོད་ནམས་རྒྱ་མཚོས།ཕུན་ཚོགས་དོན་ཀུན་གྲུབ་པའི་བསྟན་པ་ལ།།ཐུབ་དབང་གཉིས་པར་གྱུར་པ་ཆོས་ཀྱི་རྗེ།།བདེ་ལེགས་རིན་ཆེན་མ་ལུས་འབྱུང་བའི་གཞི།།ཡོངས་འཛིན་དམ་པའི་ཞབས་པད་སྤྱི་བོས་མཆོད༑།ཅེས་གསུངས་པ་དང༌།ཀུན་གཟིགས་བླ་མ་རིན་པོ་ཆེ་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོས།མཉམ་མེད་དོན་ཀུན་གྲུབ་པའི་ལུང་རྟོགས་ཀྱི།།བསྟན་པ་རིན་ཆེན་ཡིད་བཞིན་དབང་གི་རྒྱལ།།ཐུགས་བསྐྱེད་རྒྱལ་མཚན་རྩེ་ལ་ལེགས་བཀོད་པས།།དགོས་འདོད་གྲུབ་ཆར་འབེབས་མཛད་བླ་མར་འདུད༑།ཅེས་གསུངས་པ་ལྟར་བསྔགས་བརྗོད་ཀྱི་ཡུལ་དམ་པར་གྱུར་པ།ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།དཔལ་ལྡན་སྟོབས་བཅུ་མངའ་བ་མཐའ་དག་གི་མཛད་པའི་ཁུར་ཐམས་ཅད་གཅིག་ཏུ་བསྣམས་པའི་ཐུགས་བསྐྱེད་དང་སྙིང་སྟོབས་ཟླ་མེད་པ། བདེ་བར་གཤེགས་པའི་མདོ་སྔགས་གསུང་རབ་ཀྱིས་བསྡུས་པའི་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་མ་ལུས་པའི་ཚུལ་ལ་མཁྱེན་རབ་ཀྱི་སྣང་བ་རབ་ཏུ་རྒྱས་པ།དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ལུས་ཅན་མཐའ་དག་ལ་མ་བུ་གཅིག་པ་ལ་བརྩེ་བ་ཇི་བཞིན་རྟག་པར་ཡོངས་སུ་གཟིགས་པའི་སྙིང་རྗེའི་བདག་ཉིད་ཆེན་པོ།ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བའི་རྩ་བའི་བླ་མ་ཟླ་མེད་པ།ཡོངས་འཛིན་རིན་པོ་ཆེ་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོ་མཆོག་ཐུགས་དགོངས་ཞིང་ཁམས་གཞན་དུ་གཏད་དེ།སྐུ་མྱ་ངན་ལས་འདའ་བར་ཉེ་བ་ན་ལྷའི་སིལ་སྙན་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་༑འདི་ནས་བྱང་ཕྱོགས་རྔ་སྒྲ་སྒྲོགས་པའི་ཞིང་དུ་འབྱོན་ནོ་ཞེས་པའི་སྒྲ་ནམ་མཁའ་ལས་མངོན་སུམ་དུ་བྱུང༌།དེ་ནས་དགུང་ལོ་དོན་བདུན་བཞེས་པ།རབ་བྱུང་དྲུག་པའི་ཤིང་གླང་ལོ་སྟེ་སྤྱི་ལོ་༡༣༨༥ ཧོར་ཟླ་དང་པོའི་ཚེས་ཉེར་ལྔའི་ནམ་ལངས་ནས་ཉིན་མོར་བྱེད་པའི་དཀྱིལ་འཁོར་གྱི་སྣང་བས་འཇིག་རྟེན་ཐམས་ཅད་ལྷམ་མེར་གསལ་བར་བྱས་པའི་མཚམས་སུ་སྟོང་པ་གསུམ་རིམ་གྱིས་ཐིམ་པས་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་དོན་དམ་པའི་བདེན་པ་མངོན་སུམ་དུ་མཛད་དེ་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པའི་རིང་ལ་འཇའ་ཚོན་ཁ་དོག་སྣ་ལྔ་པ་དགོན་པའི་ཕྱོགས་ཀུན་ཏུ་བཀྲམ་པ་བཞིན་ཤར་བ་དང༌།ནམ་མཁའི་ལམ་ཐམས་ཅད་འཇའ་ཁ་དོག་དཀར་པོ་ཤ་སྟག་གི་བླ་བྲེ་ལྟར་དང༌།བ་དན་ལྟར་འཕྱང་བ་དུ་མ།ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་གི་ཆར་བབས།ལྷའི་སིལ་སྙན་གྱི་སྒྲ་བྱུང༌།དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ཁྱབ་པ་མཐུན་སྣང་དུ་གྲུབ་པ་བྱུང་ངོ༌།།
སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་པའི་འགྲོ་བ་མཐའ་ཡས་པ་ལ་ཕན་གདགས་པའི་སླད་དུ་གཟུགས་སྐུ་རགས་པའི་ཟ་མ་ཏོག་རིལ་པོ་མ་ཉམས་པར་བྱིན་གྱིས་བརླབས།སྐུ་གདུང་རིན་པོ་ཆེ་སྙིང་པོར་བཞུགས་པའི་བྱང་ཆུབ་མཆོད་རྟེན་ལ།ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན།རྒྱལ་བ་བསོད་ནམས་རྒྱ་མཚོ།རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ།ཁྲི་ཆེན་ངག་དབང་མཆོག་ལྡན།ཨ་ལགས་བླ་གོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་རྣམས་ཀྱིས་སྔ་ཕྱིར་སྲི་ཞུ་བླ་མེད་བསྒྲུབས་པའི་ཚུལ་རྣམས་ནི་གསེར་གདུང་ཆེན་མོའི་དཀར་ཆག་དང༌།རྣམ་ཐར་ཆེ་ཆུང༌།གདན་རབས་རྣམས་སུ་གསལ་བ་ལྟར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号