ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དེ་ནས་རྗེ་བླ་མ་དགུང་ལོ་བདུན་པའི་ཚེ།ཆོས་རྗེའི་དྲུང་དུ་རབ་ཏུ་བྱུང་བའི་ཚུལ༑རྗེའི་རྣམ་ཐར་ཆེན་མོར།དགུང་ལོ་བདུན་པ་དེ་ཉིད་ཀྱི་ཚེ།ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་འགྲན་ཟླ་མེད་པའི་ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་དང༌། མདོ་སྔགས་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོ་ཏཱ་དཔོན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་འོད་ཅེས་བྱ་བས་སློབ་དཔོན་མཛད་དེ་ཚིགས་སྔ་མ་རབ་ཏུ་བྱུང་བ་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ནས་མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཏེ་ཚངས་པར་སྤྱོད་པ་རྒྱུ་སྐར་ཀྱི་ཕྲེང་བའི་དབུས་ན་ཆེས་ཆེར་འཕགས་པ་བདེ་འབྱུང་གི་གཙུག་རྒྱན་ཆུ་ཤེལ་གྱི་དབང་པོ་ལྟ་བུར་གྱུར་ཅིང༌།ཞེས་གསུངས་པ་ལྟར་རབ་ཏུ་བྱུང་ཞིང་མཚན་གསོལ་བ་ཡིན།འཇམ་དབྱངས་ཨ་ར་པ་ཙ་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་མང་དུ་གནང་༑རྡོར་དབྱིངས་རྩེ་མོ་དཔལ་མཆོག།ཆོས་དབྱིངས་གསུང་དབང༌།གཙུག་དགུ་མི་འཁྲུགས་པ།གྲྭ་ལྔ་ལ་སོགས་པ་རྒྱུད་སྡེ་འོག་མ་གསུམ་གྱི་རྒྱུད་རྒྱ་གཞུང༌།དཀྱིལ་ཆོག་མན་ངག་ལ་སོགས་པ་ཕལ་ཆེ་བ་དང༌།དགྲ་ནག་འཇིགས་བྱེད།གཤེད་དམར་སྐོར་གསུམ། ལུ་ནག་དྲིལ་གསུམ།ཕྱག་རྡོར་འཁོར་ཆེན་ལ་སོགས་པ་བླ་མེད་ཀྱི་སྐོར་མང་པོ་ཆོས་རྗེ་རིན་པོ་ཆེའི་དྲུང་ནས་ཇི་ལྟར་གསན་པ་རྗེའི་རྣམ་ཐར་ཆེན་མོ་ལྟར་རོ།།ཆོས་རྗེ་རིན་པོ་ཆེའི་ཞལ་ནས།ཁྱེད་ཀྱི་བར་ཆད་སྲུང་བའི་ལྷ་འཁོར་ཆེན།ཤེས་རབ་བསྐྱེད་པའི་ལྷ་འཇམ་དབྱངས་ཨ་ར་པ་ཙ།ཚེ་ལྷ་ཚེ་དཔག་མེད་ཛེ་ཏཱ་རི།མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་སྲས།མི་དང་མི་མ་ཡིན་གྱི་གནོད་པ་སྐྱོབ་ཅིང་དངོས་གྲུབ་སྒྲུབ་པའི་ལྷ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་རྣམས་ངའི་ཡང་ཡི་དམ་ཡིན་ཞིང༌།ད་ཁྱེད་ལ་སྟེར་བ་ཡིན་པས་འདི་རྣམས་ཀྱི་བསྙེན་སྒྲུབ་དང་གཏོར་མ་བཅས་མ་ཆག་པར་གྱིས་ཞེས་གསུངས།དེ་ནས་བླ་མའི་བཀས་ཀྱང་བསྐུལ་ཏེ་ཡོངས་འཛིན་ཞེས་པ་ཆུ་བྱི་དགུང་ལོ་བཅུ་དྲུག་པའི་ཚེ་རྗེ་བླ་མ་དབུས་གཙང་གི་ཕྱོགས་སུ་འབྱོན་པར་བརྩམས་ཤིང༌།དེའི་ཚེ་ཆོས་རྗེ་རིན་པོ་ཆེའི་ཞལ་ནས།ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན།ཅི་འདྲ་ཞིག་འདོད་ཅེས་གསུངས་པ་ལ།སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས༑འབྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ།དང་པོ་ཐོས་བསམ་འདི་ལ་གྱིས༑དེའི་རྗེས་སུ་འདི་ལ་གྱིས་ཞེས་སོགས་ཀྱི་རིམ་པ་དང༌།དེ་ནས་དེ་དག་གི་དོན་ཉམས་སུ་བཞེས་ཚུལ།དེའི་རྗེས་སུ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དགོས་ཚུལ་རྣམས་ཚིགས་བཅད་ཀྱི་སྒོ་ནས་འདོམས་པར་མཛད་ལ།དེ་ཟིན་བྲིས་སུ་མཛད་པ་དུས་ཕྱིས་དབུས་སུ་ཕེབས་ཙ་ན་བོར་བས་ཚིག་རིས་ཕལ་ཆེ་བ་བསྙེལ་ནའང༌།དོན་ཐམས་ཅད་ཐུགས་ལ་མངའ་བས་ཕྱིས་ཐོས་བསམ་སོགས་མཛད་པའི་རིམ་པ་ཐམས་ཅད་དེ་དང་མཐུན་པ་བྱུང་འདུག་ཅེས་སྲས་ཀྱི་ཐུ་བོ་རྣམས་ལ་དངོས་སུ་གསུངས་ཤིང༌།བསླབ་བྱའི་ཚིགས་བཅད་དེ་ཐོ་རེ་བ་ཐུགས་ལ་བཞུགས་པ་ནི།
འདི་ལྟར།གཞོན་ནུ་བློ་བཟང་གྲགས་པ་ཁྱོད།།སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན།།སྔོན་ཚེ་དམ་ཆོས་བདུད་རྩིའི་རོ།།འཐུངས་པའི་བག་ཆགས་ཡོད་པར་ངེས།།ཞེས་དང༌།ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི།།རྒྱན་ཏུ་གྱུར་པའི་མངོན་རྟོགས་རྒྱན།།ཐོག་མར་བསླབ་ཅིང་ནན་ཏན་བྱ།།དེ་ལ་མཁས་པར་གྱུར་བ་ན།།ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར།།དེ་ཡང་སེམས་ཀྱི་ཟུར་ལ་ཞོག།དེ་ནས་བྱང་ཆུབ་སེམས་དཔའ་ཡི།།ལམ་དང་སྤྱོད་པའི་རྣམ་གཞག་དག། སྟོན་པར་བྱེད་པའི་མདོ་སྡེའི་རྒྱན།།མཁས་པའི་ཡན་ལག་དག་ཏུ་བསླབ།།འཁོར་བ་མྱ་ངན་འདས་པ་ཡི།།རྟེན་དུ་སྟོན་པའི་ཆོས་དང་ནི།།ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང༌།།ཐོག་མ་མཐའ་མ་རྣམ་སྤངས་པའི།།དབུ་མའི་ལམ་ནི་སྟོན་པས་ན།།དབུས་དང་མཐའ་ནི་རྣམ་འབྱེད་དང༌།།སེམས་ཅན་ཀུན་ལ་ཡོད་པ་སྟེ།།དེ་ཉིད་བདེ་གཤེགས་སྙིང་པོར་ནི།།སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ།།བྱམས་ཆོས་ལྔ་པོ་དེ་དག་ལ།།མཁས་པར་བྱེད་པའི་གོ་ཆ་གྱིས།།རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་།།འབྲིང་དུ་སྟོན་པའི་རྣམ་ངེས་དང༌།།ཤིན་ཏུ་བསྡུས་པའི་རིགས་ཐིགས་ཏེ།།ལུས་དང་འདྲ་བའི་བསྟན་བཅོས་གསུམ།།གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་།།རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ།།འཕྲོས་པ་ཡན་ལག་ལྟ་བུ་ཟེར།།ཆོས་ཀྱི་གྲགས་པ་ལས་བྱུང་བའི།།ཚད་མ་སྡེ་བདུན་འཛམ་གླིང་ན།།སངས་རྒྱས་བསྟན་པ་གསལ་བྱེད་པ།།ཉི་མ་ཟླ་བ་ལྟ་བུར་གྲགས།།འདི་ཡི་འོག་ཏུ་དེ་རྣམས་སློབས།།ཞེས་དང༌།དེ་ནས་འགའ་ཞིག་བསྙེལ་འདུག་གསུངས།
ཡང༌།བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི།།མཐའ་བྲལ་ཆེན་པོའི་ལྟ་བ་ལ།།གལ་ཏེ་མོས་པ་ཡོད་གྱུར་ན།།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།།དབུ་མ་རིགས་པའི་ཚོགས་རྣམས་དང༌།།དེ་ཡི་རྗེས་འབྲང༌།ཞེས་སོགས་ཡོད་དེ།ལྷག་མ་རྣམས་བསྙེལ་འདུག་གསུངས།
རྗེའི་རྣམ་ཐར་ཆེན་མོར།དེ་ཡང་སྤྱིར་བཏང་གི་ཆོས་སྐད་ཙམ་མ་ཡིན་པར་ཤོ་ལོ་ཀ་འགའ་ཞིག་ཙམ་གྱི་ནང་དུ་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཐོས་བསམ་སྒོམ་གསུམ་བྱ་ཚུལ་གྱི་གནས་མཐའ་དག་ཡོངས་སུ་བསྡུས་ཏེ་འདོམས་པར་མཛད་པ་དང༌།ཇི་ལྟར་འདོམས་པའི་དོན་རྣམས་རྗེ་བདག་ཉིད་ཆེན་པོས་ཀྱང་ཐོས་ལོ་དང་གོ་ཡུལ་ཙམ་དུ་མ་ལུས་པར་དོན་ལྷག་དང་བཅས་པ་ཐུགས་ཉམས་སུ་བསྟར་བ་འདི་འདྲ་བའི་བླ་སློབ་ཀྱི་རྣམ་ཐར་ལ་ནི་བསམ་བཞིན་དད་པ་འཕེལ།བརྟགས་ཀྱིན་ངེས་ཤེས་སྐྱེ་བའི་གནས་དམ་པའོ།།ཞེས་གསུངས་སོ༑།
དེ་ལྟར་ཆོས་རྗེ་རིན་པོ་ཆེས་ཞལ་གདམས་བསླབ་བྱ་དང༌། མཐུན་རྐྱེན་གནང་སྦྱིན་སོགས་ཚད་མེད་པ་སྩལ་ཅིང༌།གཞན་ཡང་དེ་དུས་རྗེ་བླ་མ་དོན་གྲུབ་རིན་ཆེན་པས་རྗེ་ཉིད་ལ་ཕེབས་རྫོང་གི་ཆེད་དུ་ཚོགས་ཀྱི་འཁོར་ལོ་བཤེམས།མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ།མཎྜལ་གྱི་སྟེང་དུ་ནས་སྦར་གང་བཏབ་སྟེ་ཕུལ་བས་ནས་ལ་རིན་པོ་ཆེ་འབར་བ་ཞིག་གི་རྣམ་པ་དོད་པས་བླ་མ་ཤིན་ཏུ་དགྱེས་ཏེ་བསྟན་པའི་བདག་པོ་འོང་བར་འདུག་ཅེས་ལུང་བསྟན།བླ་སློབ་ཕན་ཚུན་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་སྐྱབས་འཇུག་སོགས་ནན་ཏན་ཞུ་བར་མཛད་དེ།བྱི་བ་ལོ་དེ་ཉིད་ཀྱི་ནང་དབུས་གཙང་གི་ཕྱོགས་སུ་ཕྱག་བཏེགས་པར་སྣང་ཞིང༌།དེ་དུས་བླ་མའི་སྐུ་དྲུང་ནས་ཞབས་ཐང་གིས་ལམ་དུ་ཞུགས་མ་ཐག་རྒྱུན་དུ་ཞལ་འདོན་ལ་གོམས་པའི་སྟོབས་ཀྱིས།འཇམ་དཔལ་མཚན་བརྗོད་གསུང་བཞིན་པར་བྱོན་པ་ལས་གློ་བུར་དུ་བླ་མ་དྲན་ཏེ་སྤྱན་ཆབ་ཆར་རྒྱུན་ལྟར་འབབ་བཞིན་དུ་བླ་མའི་ཕྱོགས་སུ་གཟིགས་པ་ན་ཚིག་མཚམས།ཕྱིར་མི་ལྡོག་པ་ཕྱིར་མི་འོང༌།།ཞེས་པ་དང་མཉམ་དུ་བྱུང་བས།སླར་ཕ་ཡུལ་དུ་མི་ལྡོག་པའི་རྟེན་འབྲེལ་དུ་མངོན་ཞེས་དུས་ཕྱིས་བཀའ་སྩལ་བར་སྣང༌།ཞེས་རྗེའི་རྣམ་ཐར་ཆེན་མོར་གསུངས་པ་བཞིན་བཀོད།
དེ་ཡང་ཡོངས་སུ་གྲགས་པའི་གསུང་རྒྱུན་ལ།ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ལམ་ཡ་གི་ནས་ཕ་རྒན་ང་ལ་ལན་གསུམ་གྱི་བར་དུ་ལྟོས་གསུངས་པ་རྗེས་ཐུགས་ཀྱིས་བསྙེལ་ནས་ད་ལྟའི་བྱང་ཕྱོགས་མཆོད་རྟེན་གསེར་མགོའི་གདོང་ཟེར་བ་འདིའི་ཕག་ཏུ་ཐལ་བ་ན།ཆོས་རྗེ་ཅུང་མ་རངས་པའི་ཚུལ་གྱིས།བུ་གཞོན་ནུ་གཅེས་པར་བསྐྱངས་ཀྱང་མཐར་བུས་ཕ་རྒན་འདོར་རམ་གསུངས་ནས་རྗེ་ཐམས་ཅད་མཁྱེན་པའི་བཞུགས་ཁང་གི་རྩྭའི་སྤྱིལ་བུ་བྲག་གཡང་དུ་བསྐྱུར་བ་ས་ལ་མ་ལྷུང་བར་འཇའ་གུར་གྱིས་བར་སྣང་དུ་ཡུན་རིང་བཟུང་བ་ཕྱིས་སྤྱན་དྲངས་ཏེ་ནང་རྟེན་བྱས་པའི་མཆོད་རྟེན་བརྩིགས་ཤིང་ཕྱིས་སུ་གཙུག་ལག་ཁང་བཞེངས་པ་ལ་ཨ་ར་པ་ཙའི་ལྷ་ཁང་ངམ་འཇམ་དབྱངས་སྤྲུལ་པའི་ལྡིང་ཁང་ཞེས་པ་འདི་ཡིན་པར་གྲགས།དེ་ཡང་རྗེ་བདེ་ཁང་བའི་དཀར་ཆག་ལས།མཚན་མ་དེའི་རྗེས་མཐུན་ཕྱི་རོལ་གྱི་ཉེ་འདབས་ནུབ་དང་བྱང་གི་སྐོར་ལམ་གྱི་རྒྱུན་གང་ཡོད་སར་ཁ་དོག་སྣ་ལྔའི་འཇའ་དཀྱིལ་སྒོར་མོ་མུ་ཏིག་གི་ཕྲེང་བ་བསྒྲིགས་པ་ལྟར་དེང་སང་གི་བར་དུ་མཆོག་དམན་ཀུན་ལ་བསྙོན་མེད་དུ་སྣང་བ་ཡིན།དེ་ཡང་མི་ཅི་ཙམ་ཚོགས་ཀྱང་རང་གིས་མཐོང་བ་གཞན་གྱིས་མི་མཐོང༌།གཞན་གྱིས་མཐོང་བ་རང་གིས་མི་མཐོང་བ་སོགས་སོ་སོར་སྣང་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་པ་ཡིན་ནོ།།ཞེས་གསུངས་ཏེ།ད་ལྟའི་དུས་སུ་ཡང་སྤྱིལ་བུ་འཕངས་པའི་གནས་དེར་འཇའ་གུར་ཟླུམ་པོ་ཤར་བ་དངོས་སུ་མཐོང་མཁན་མང༌།དེ་ཡང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས།དགུང་མཁའ་ལ་འཇའ་གུར་དཀར་པོའི་དབུས།།མདོག་སྣ་ལྔའི་འོད་གོར་ཟླུམ་པོ་སོགས།།ངོ་མཚར་བའི་ལྟས་བཟང་མང་མཐོང་ཚེ༑།དཔལ་ཀུན་གཟིགས་ཞིང་ཁམས་ཉིད་དུ་གོ།ཞེས་དང༌།ཡབ་རྗེ་བླ་མ་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོས།ངེས་དོན་དམ་པའི་སྐྱེས་བུ་འགའ།།བྱོན་དུས་འཇའ་གུར་ཟླུམ་པོ་ཡང༌།། ཆེད་དུ་བྱེད་པོས་བཀྲམ་འདྲ་བར།།ཤར་བ་མིག་གི་གཟིགས་མོར་བསྟར།།ཞེས་གསུངས་པ་དང༌།ཁྱད་པར་དུ་ངེས་དོན་རིགས་པའི་དཔའ་བོ།ཐམས་ཅད་མཁྱེན་པ་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོ་༡༩༨༤ལོར་བྱ་ཁྱུང་དུ་ཆིབས་བཏེགས་ནས།ཟླ་བ་ཕྱེད་དང་གཉིས་ཀྱི་རིང་འཁོར་ལོ་གསུམ་གྱི་མཛད་པ་གཅིག་ལས་གཅིག་ཆེ་བའི་ཚུལ་དུ་གསལ་བ་ཡོངས་སུ་རྫོགས་པའི་སྐབས་ཉིད་ན་སྔར་གྱི་བྲག་གཡང་གི་གནས་དེར་སྔར་བྱུང་མ་མྱོང་བའི་འཇའ་ཚོན་ཁ་དོག་ལྔ་པ་ཟླུམ་པོ་དང་དེའི་མཐར་འོད་དཀར་པོས་བསྐོར་བ་ངོ་མཚར་བ་ཤར་བར་གཟིགས་པས།ཞལ་ནས།འདི་འདྲའི་ཚུལ་གོ་མྱོང་བ་མ་གཏོགས་རིག་མ་མྱོང༌།ད་ཐེངས་དངོས་སུ་མཐོང་བ་སྐལ་བ་བཟང་ཞེས་ཕྱག་ཐལ་མོ་སྦྱར་ཞིང་དགྱེས་དགྱེས་གནང༌།ནམ་རྒྱུན་གནས་དེར་འཇའ་གུར་ཟླུམ་པོ་ཤར་བ་སྐོར་ཕྱག་པ་མང་པོས་རྒྱུན་དུ་མཐོང་བཞིན་འདུག་གོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号