ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྙིང་པོའི་དོན་རིན་པོ་ཆེའི་སྣང་བ་ཞེས་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན།བུ་ཆུང་གཙང་སྦྲ་དང་བཅས་སྐྱོང་ལུགས་ཀྱི་ཡི་གེ་དང་བཅས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་གནང་མཛད།ཕྱི་ཞིག་ན་ཡབ་ཡུམ་གྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཉིད་སྤྱན་དྲངས།བཀུར་སྟི་ཕུན་སུམ་ཚོགས་པ་མཛད།རྗེ་འདི་བས་ཀྱང་རྟ་ནོར་གོས་དར་སོགས་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས་ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་སྩལ་པ་བཞིན་ཡབ་ཡུམ་གྱིས་ཀྱང་དགའ་སྤྲོ་དང་བཅས་འབུལ་བར་ཁས་བླངས།ད་ལྟ་སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ཁང་དུ་བཞུགས་པའི་ཕ་བོང་སྟེང་རྗེ་དོན་རིན་པའི་ཞབས་རྗེས་དང་དབྱུག་པའི་རྗེས་གསལ་བར་གཏོད་ཡོད་པ་འདི་ཡང་དེ་དུས་བྱུང་བར་མངོན་ཞེས་གསུངས།དེར་མ་ཟད་ཆུ་དཀར་རི་ཁྲོད་ཀྱི་སྒྲུབ་ཕུག་ནང་གི་བྲག་གྱེན་དུ་བཏེགས་པའི་ཕྱག་རྗེས་གཉིས་ཀ་གསལ་བར་གཏོད་པ་ད་ལྟའང་མཇལ་དུ་ཡོད།རྗེ་ཀརྨ་རོལ་པའི་རྡོ་རྗེ་ཤ་རྫོང་རི་ཁྲོད་དུ་བཞུགས་སྐབས་ཡབ་ཀྱིས་ཁྲིད་ནས་རབ་ཏུ་བྱུང་བར་ཞུ་བས་ད་དུང་གཞོན་ནུར་གྱུར་པས་རབ་ཏུ་བྱུང་མ་རན་གསུངས་ནས་དགེ་བསྙེན་དུ་བསྒྲུབས།མཚན་ལ་ཀུན་དགའ་སྙིང་པོར་གསོལ།ཕྱིས་དབུས་སུ་ཕེབས་དང་སངས་རྒྱས་གཉིས་པ་ལྟ་བུ་འོངས་གསུངས་པ་སོགས་ལུང་བསྟན་མང་པོ་གནང༌།རྗེ་བླ་མ་དགུང་ལོ་གསུམ་བཞེས་པ་ས་མོ་ཕག་གི་ལོ་ལ་དགེ་བསྙེན་བསྒྲུབས་ཏེ་འཕྲལ་ལ་ཡབ་ཡུམ་གཉིས་ཀྱིས་ཆོས་རྗེའི་དྲུང་དུ་འབུལ་བར་བྱོན་སྐབས། རྗེ་དོན་རིན་པས་ཕྱོགས་འདི་ནས་དེ་རིང་ང་ལ་སློབ་མ་ཁྱད་པར་ཅན་ཞིག་འོང་བར་འདུག་པས་ལྟོས་གསུངས་ནས་གྲྭ་པ་གཅིག་ལྟ་རུ་བཏང༌།གད་སྐྱའི་གཞུང་ན་ཡོད་ཚེ་མི་མང་དམག་འདྲ་བའི་སྣང་བ་བྱུང༌།ཚུར་ཇེ་ཉེར་སླེབས་པའི་ཚེ་དེ་ཉུང་ངུར་སོང་ནས་མཐར་ས་བཟང་སྒང་ལ་སླེབས་པ་ན།མི་སྟག་ཞོན་གཅིག་འོངས་པ་མཐོང༌། དེའི་ཕྱིར་གྲྭ་པ་དེས་སོ་བལྟས་པའི་སྒང་ལ་སོ་བལྟས་སྒང་དང༌། ཕེབས་ལམ་གྱི་སྒང་ལ་གཅིག་སྟག་སྒང་དུ་གྲགས་ཏེ་དེང་སང་ཟུར་ཉམས་པས་སོ་ཏོལ་སྒང་དང་ལྕགས་སྟག་ཁ་སྒང་ཞེས་གྲགས།རྗེ་བླ་མ་ཡབ་ཡུམ་དང་བཅས་པ་བྱ་ཁྱུང་དུ་ཕེབས་ཏེ་ཆོས་རྗེ་རིན་པོ་ཆེ་དང་མཇལ་བས་ཡབ་སྲས་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་སྤྱན་ཆབ་མང་དུ་བསིལ་ཞིང་སྐྱོ་ཚུལ་མཛད།ངེས་པའི་དོན་དུ་ཡབ་སྲས་འདི་གཉིས་འཇམ་པའི་རྡོ་རྗེའི་ངོ་བོར་གཅིག་ཏུ་ཟིན་ཀྱང༌།གདུལ་བྱའི་མོས་ངོར་གཉིས་མིན་གཉིས་སུ་འཆར་བའི་བླ་སློབ་ཀྱི་འབྲེལ་བའང་སྐུ་ཚེའི་ཕྲེང་བ་དུ་མ་ཞིག་ནས་གྲུབ་པར་མངོན་ཏེ།རྗེའི་རྣམ་ཐར་ཆེན་མོ་ལས།དམ་པའི་དོན་དུ་འཇམ་དཔལ་རྡོ་རྗེ་ཡི།།ཡེ་ཤེས་ངོ་བོར་རོ་གཅིག་ཉིད་བསྟན་ཀྱང༌།།ཐུན་མོང་མོས་ངོར་གཉིས་མིན་གཉིས་འཆར་བའི།།ངོ་མཚར་སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང།།ཞེས་གསུངས་པ་ལྟར་རོ།།ཆོས་རྗེ་དྲུང་དུ་ཕེབས་མ་ཐག་ནས་ཚེགས་མེད་པར་འབྲི་ཀློག་ལ་བྱང་བར་སྦྱངས། རབ་ཏུ་མ་བྱུང་བའི་སྔ་རོལ་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་དང༌། འཁོར་ལོ་བདེ་མཆོག་དྲིལ་བུ་ལུགས་དང༌།ཀྱེ་རྡོ་རྗེ་དང༌།ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།གསང་མཚན་དུ་དོན་ཡོད་རྡོ་རྗེ་ཞེས་བཏགས་ཏེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད།དབང་ཐོབ་པ་ནས་བཟུང་བདེ་མཆོག།ཀྱཻ་རྡོར།ཀུན་རིག།གཤིན་རྗེའི་གཤེད་ལ་སོགས་པའི་དཀྱིལ་ཆོག་མང་པོ་ཐུགས་ལ་བཟུང༌།བདེ་མཆོག་དྲིལ་བུ་བའི་བདག་འཇུག་ལན་མང་དུ་བཞེས།ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་སོགས་ལ་གཅིག་ཏུ་གཞོལ།ཁྱད་པར་དུ་བླ་མའི་བཀའ་བཞིན་ཨ་ར་པ་ཙ་ནའི་བསྙེན་པ་གྲངས་མང་བར་མཛད་པས་གཟིམ་ཆུང་གི་ལོགས་ཀུན་ཏུ་ཨ་ར་པ་ཙ་ནའི་ཡི་གེ་མང་པོ་བྲིས་པ་ལྟ་བུ་དང༌།རལ་གྲིའི་ཕྱག་མཚན་གྱི་གུར་ཕུབས་པ་སོགས་རང་བྱོན་མང་དུ་ཕེབས།དེའི་ཕྱིར་གཟིམ་སྤྱིལ་དེ་ལ་ད་ལྟའི་བར་ཏུ་ཨ་ར་པ་ཙའི་སྒྲུབ་ཁང་ཞེས་ཀུན་གྱི་རྣ་བའི་རྒྱན་དུ་གྱུར།རྗེ་བདེ་ཁང་བས་མཛད་པའི་ཨ་ར་པ་ཙའི་མཆོད་རྟེན་གྱི་དཀར་ཆག་ལས།བསྙེན་སྒྲུབ་མཛད་སྐབས།བཞུགས་པའི་རྩྭ་སྤྱིལ་གྱི་ཕྱི་ནང་གི་ངོས་ཐམས་ཅད་ལྷག་པའི་ལྷའི་སྐུ་དང་ཨ་ར་པ་ཙ་དང་རལ་གྲིས་བར་མཚམས་མེད་པར་གཏམས་པའི་གཟིགས་སྣང་ཡབ་སྲས་གཉིས་ཀ་ལ་བྱུང་༑ཞེས་གསུངས་འདུག།ཅེས་གསུངས། ཡབ་རྗེ་བླ་མ་རིན་པོ་ཆེའི་གསུང་གི་དཔལ་ལྡན་བྱ་ཁྱུང་ལ་བསྔགས་པའི་རབ་ཏུ་བྱེད་པ་ལི་ཤི་མེ་ཏོག་ཏུ།མི་ཡི་འཇམ་དབྱངས་གཞོན་ནུ་དེས།།བརྟན་པའི་འཁོར་ལོ་བསྙེན་པ་ལས།།ཤིང་རྡོ་རྩིག་པའི་མེ་ལོང་ལ།།ཡི་གེའི་རི་མོའི་ཕྲ་ཚོམ་ཤར།།ལྔ་བདོའི་ཡང་ཐའི་དུས་འདིར་ཡང༌།།རྡོ་དང་རྡེའུར་ཡི་གེའི་འབྲུ།།གསལ་བར་བཀྲ་བ་བདག་ལྟ་བུའི།།མིག་ལ་ཤར་བའང་བརྩིར་མི་ལངས།།ཞེས་གསུངས་པ་དང༌།ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས།སྒོས་འཇམ་དབྱངས་བླ་མས་གཞོན་ནུའི་དུས།།གཟུངས་ཁྱད་འཕགས་ཨ་ར་པ་ཙ་ན།།ལྗགས་བསྙེན་གྱི་བཟླས་པ་མང་མཛད་པས།།མཆོག་མི་བརྗེད་གཟུངས་ཀྱི་ཡི་གེ་ཚོགས།།གནས་སྟེང་འོག་ཕྱོགས་མཚམས་མ་ལུས་པའི།།ཤིང་རྡོ་དང་རྩིག་ངོས་མེ་ལོང་ལ།། བསྙོན་མ་བཏིང་གསལ་བར་བཀྲ་མཐོང་བས།།ཡིད་དགའ་དད་གདུང་བས་མཆི་མ་དཀུ།།ཞེས་གསུངས་པ་ཁོ་ན་ཉིད་དོ།།རྗེ་བླ་མ་དགུང་ལོ་བདུན་གྱི་སྐབས་ཤིག་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཅན་ཞིག་ཡུན་རིང་པོའི་བར་དུ་ནུབ་རེ་བཞིན་མནལ་ལམ་དུ་གསལ་བར་འཆར་བ་དང༌།ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་མནལ་ལམ་དུ་ནར་མར་འོངས་པ་ཞིག་བྱུང་༑ཕྱིས་དབུས་སུ་ཕེབས་དུས་སྐུ་འདྲ་གཟིགས་པ་ན་རྣམ་པ་ཇི་ལྟ་བར་འདུག་ཅེས་གསུངས་པ།རྗེའི་གསང་རྣམ་གསོལ་འདེབས་སུ།དགུང་ལོ་བདུན་ནས་རྗེ་བཙུན་གསང་བདག་དང༌།།ཤིང་རྟ་ཆེན་པོ་དཔལ་ལྡན་མར་མེ་མཛད།།མངོན་སུམ་གཟིགས་ཤིང་རྒྱུན་དུ་རྗེས་བཟུང་བས།།སྔགས་དང་ཕ་རོལ་ཕྱིན་གཞུང་གདམས་པར་ཤར།།དཔལ་ལྡན་བླ་མའི་ཞབས།ཞེས་གསུངས་པ་རྣམས་ཡབ་སྲས་གཉིས་ཀྱི་བཞུགས་གནས་བྱ་ཁྱུང་ཨ་ར་པ་ཙའི་ལྷ་ཁང་འདི་ཉིད་དུ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པ་ཡིན་ནོ།།གཞན་འཇམ་དབྱངས་མཆོད་པའི་མེ་ཏོག་ཏུ།དེ་ལྟ་བས་ན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས།རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི་ཨ་མདོ་བྱ་ཁྱུང་དགོན་གྱི་གྲྭ་རྒྱུན་ཡིན།གསུངས་པ་བདེན་པར་སྨྲ་བའི་དྲང་སྲོང་གི་གཏམ་ཡིན་ནོ།།དེ་ལྟར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དགུང་ལོ་གསུམ་ནས་བཅུ་དྲུག་གི་བར་ངོ་མཐོང་བཅུ་གསུམ་གྱི་རིང་རྒྱུན་ཆགས་པརབཞུགས་པ་དང༌།ཆོས་རྗེ་དོན་གྲུབ་རིན་ཆེན་དགུང་ལོ་ཞེ་གཅིག་ནས་དོན་བདུན་བཞེས་ཀྱི་བར་ལོ་ངོ་སོ་བདུན་གྱི་རིང་གཞི་ཐིངས་པར་བཞུཊ་པའི་གནས་ནི་བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་འཇམ་དབྱངས་སྤྲུལ་བའི་ལྡིང་ཁང་འདི་ཉིད་ཡིན་པས་གནས་འདི་ནི་མཉན་ཡོད་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་དང་ཁྱད་པར་མེད་དོ།།ཞེས་ཀྱང་གླེང་ཆོག་གོ།ཞེས་གསུངས།ཨ་ར་པ་ཙའི་སྒྲུབ་ཁང་འདིར་རྗེ་བླ་མའི་དབུ་སྐྲའི་ལྕང་ལོ་དོར་ཞིང་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ་བས།དགེ་ལྡན་བསྟན་པའི་མ་དགོན་དང་དགེ་ལྡན་བསྟན་པའི་ཆུ་མགོ་ཞེས་གཟུར་གནས་མཁས་པ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་པ་ལ།འཇམ་དབྱངས་བླ་མ་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོས།འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དབུ་སྐྱེས་ལྗོན།།ས་ལ་དོར་བའི་གནས་ཀྱི་རྟེན་འབྱུང་ལས།།དགེ་ལྡན་བསྟན་པའི་ཆུ་མགོ་ཞེས་བྱ་བར།།གངས་ཅན་མཁས་པས་བསྔགས་བརྗོད་བཟླས་བུར་བརྩོན།།ཞེས་གསུངས་པ་ནི་རང་བཞིན་བརྗོད་པའི་བདེན་གཏམ་མོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号