ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།
སྤེལ་དུས།01-26  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བསམ་གྲུབ་ཚེ་རིང་།

ལེའུ་དང་པོ།     སྐྱེ་ཁམས་རིགས་པའི་རྣམ་གཞག་

སྤྱིར་བསྟན་པ།
                      རབ་དཀར་གངས་རིའི་ཕྲེང་མཛེས་བྷོ་ཊའི་ལྗོངས། །
                      ལུགས་གཉིས་གསེར་ལྡན་མ་ཡི་ན་དར་བས།   །
                      ཡིད་འོང་ཁོར་ཡུག་མར་གད་གོས་གྱོན་ཏེ།   །
                                    ཉམས་དགུའི་གར་སྟབས་སྐྱེ་དགུའི་གསོས་སུ་བསྒྱུར།   །
                      ས་བཅད་དང་པོ།   སྐྱེ་ཁམས་རིག་པའི་མཚན་ཉིད།
༄༅། །སྐྱེ་ཁམས་རིག་པ་སྲུང་སྐྱོབ་ཀྱི་ལྟ་བ་ནི་རིག་གནས་དང་རང་བྱུང་ཁམས་གཉིས་ཕན་ཚུན་མཐུན་པར་བྱེད་པའི་བྱེད་ནུས་ལ་ཟེར། རིག་གནས་ནི་མི་རིགས་ཤིག་གིས་རང་གི་མཐའ་སྐོར་གྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ལ་མཐུན་གནས་གནས་བྱེད་པའི་རིགས་ལམ་གཏན་ཆགས་ཅན་ཞིག་ཡིན་པར་འདོད། དེ་ཡང་མི་རིགས་དེའི་འཇིག་རྟེན་ལྟ་ཚུལ་དང་། ཐོན་སྐྱེད་འཚོ་བའི་བྱེད་སྟངས། སྤྱི་ཚོགས་རྩ་འཛུགས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་འདྲིས་སོགས་འདུས་ཡོད།
       སྐྱེ་ཁམས་རིག་པ་ནི(生态学)སྐྱེ་དངོས་རིག་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་བའི་གལ་ཆེའི་རིག་གཞུང་ཁག་ཅིག་ཡིན། དེ་ནི་ད་ལྟའི་འཛམ་གླིང་ལ་ཐེབས་བཞིན་པའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ལྔ་སྟེ། འབྲུ་རིགས། མི་གྲངས། ཐོན་ཁུངས། ནུས་ཤུགས་ཐོན་ཁུངས། ཁོར་ཡུག་བཅས་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་དེ་དག་སེལ་བྱེད་ཀྱི་རྩ་བའི་གཞུང་ལུགས་ཡིན་ཟེར།
ཡང་སྐྱེ་ཁམས་རིག་པ་ནི་སྐྱེ་དངོས་དང་དེ་ཉིད་འཚོ་གནས་ཀྱི་ཁོར་ཡུག་བར་གྱི་ཕན་ཚུན་འབྲེལ་བ་ཅན་གྱི་ཚན་རིག་ཅིག་ཡིན། དེ་ཡང་སྐྱེ་དངོས་ཀྱི་ཁོངས་སུ་སྲོག་ཆགས་དང་རྩི་ཤིང་། ཕྲ་བའི་སྐྱེ་དངོས་འདུས་ཡོད། སྐྱེ་དངོས་རིག་པ་བའི་བསྡོམས་རྩིས་བྱས་པ་ལྟར་ན། དེབ་ཐེར་དུ་བཀོད་པའི་སྲོག་ཆགས་རིགས་ཕལ་ཆེར་ཁྲི༢༠༠ལྷག་དང་། ཤིང་རགས་ཕལ་ཆེར་ཁྲི་༣༠ལྷག་ཕྲ་བའི་སྐྱེ་དངོས་རིགས་ཕལ་ཆེར་ཁྲི༡༠ལྷག་ཡོད་ཟེར།
 ཡང་སྐྱེ་ཁམས་མ་ལག(生态系统)ཅེས་པའི་ཐ་སྙད་འདི་དབྱིན་ཇིའི་སྐྱེ་ཁམས་རིག་པ་བ་ཐན་སི་ལས(坦斯利)ནས་སྤྱི་ལོ༡༩༣༥ལོར་ཐེངས་དང་པོར་བཏོན་པ་ཡིན། སྐྱེ་ཁམས་མ་ལག་གི་མཚན་ཉིད་ཁ་གསལ་ཞིག་སྤྱི་འགྲོས་ལྟར་བཤད་ན། སྐྱེ་ཁམས་མ་ལག = སྐྱེ་དངོས་སྐོར་ཁག + ཁོར་ཡུག་ཆ་རྐྱེན། སྐྱེ་དངོས་སྐོར་ཁག་དེའི་འཚོ་གནས་ཁོར་ཡུག་ཏུ་གྱུར་པའི་བར་གསེང་གི་རང་བྱུང་དངོས་གཟུགས་ལ་སྐྱེ་ཁམས་མ་ལག་ཟེར།དཔེར་ན།རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་ནི་རིགས་མང་དཔེ་མང་ཅན་ཞིག་ཡིན་ཏེ། ཆུའི་ཐིགས་པ་གཅིག   མཚེའི་ཞིག   ནགས་ཚལ་གྱི་ཀློངས། ཡངས་པའི་རྩྭ་ཐང་། ཆུ་མཛོད། གྲོང་ཁྱེར་བཅས་ནི་སྐྱེ་ཁམས་མ་ལག་ཅིག་ཏུ་གྱུར་ཡོད།
 ཁོར་ཡུག་ཅེས་པ་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་བསྡུས་མིང་ཡིན་ལ། རང་བྱུང་ཁོར་ཡུག་ནི་མཁའ་དབུགས་དང་ཆུ། སྲོག་ཆགས་དང་རྩི་ཤིང་།   ས་ཆ་དང་གཏེར་རྫས།   བྲག་རྡོ་དང་ཉི་མའི་འགྱེད་འཕྲོ་སོགས་འདུས། སྤྱི་ཚོགས་ཁོར་ཡུག་ནི་འགྲོ་བ་མིའི་རིགས་རང་སྟེང་གི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་བཏང་བའི་ཆུ་ཚག་ཅིག་སྟེ། ལོ་རྒྱུས་དུས་ཡུན་རིང་མོའི་ནང་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་གསར་གཏོད་དང་འཛུགས་སྐྲུན་བྱས་པའི་མིའི་རིགས་ཀྱི་འཚོ་གནས་དང་བྱ་འགུལ། འཕེལ་རྒྱས་ཀྱི་མིས་བཟོས་ཁོར་ཡུག་ལ་ཟེར།
 དེ་ཡང་ཁོར་ཡུག་ཅེས་པ་མིའི་རིགས་སྙིང་བོར་བྱས་པའི་གོ་ལའི་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་དང་བྱ་འགུལ་སྤེལ་སའི་གནས་ལ་གོ་བར་འདོད་པ་ཁྱབ་ཆུང་བར་བདག་གིས་སེམས་ཏེ། ང་ཚོ་བོད་ཀྱི་སྐྱེ་ཁམས་རིག་པ་སྲུང་སྐྱོབ་ཀྱི་ཡན་ལག་སྐར་རྩིས་རིག་པ་ལས་སའི་གོ་ལ་སྙིང་བོར་བྱས་པའི་མཐའ་སྐོར་གྱི་ཁྱིམ་བཅུ་གཉིས།   གཟའ་བཅུ། རྒྱུ་སྐར་ཉེར་བརྒྱད་སོགས་ཀྱིས་ཁོར་ཡུག་སྙོམས་སྒྲིག་སྲུང་སྐྱོབ་བྱེད་པ་ལས་འཇིག་རྟེན་ལ་ཕན་བདེ་འབྱུང་བ་དང་།དེ་དག་གི་འགལ་འདུ་ལས་འཇིག་རྟེན་གྱི་སྣོད་བཅུད་གཉིས་ཆར་མི་བདེ་བ་འབྱུང་བར་བསམ་བློ་གཏོང་བཞིན་ཡོད། །
   དེང་རབས་སྐྱེ་ཁམས་མ་ལག་གི་ཞིབ་འཇུག་གི་ནང་དོན་གཙོ་བོ་ལྔ་ནི། ༡ རང་བྱུང་སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་དང་བཀོལ་སྤྱོད་ཞིབ་འཇུག   ༢སྐྱེ་ཁམས་མ་ལག་གི་རང་འགུལ་སླར་གསོའི་ལུགས་སྲོལ་ཞིབ་འཇུག   ༣སྐྱེ་ཁམས་མ་ལག་ཉམས་རྒུད་ཀྱི་གནས་ལུགས་དང་དེ་སླར་གསོའི་རྣམ་པ་དང་བསྐྱར་གསོ་ཞིབ་འཇུག   ༤གོ་ལ་ཁྱོན་ཡོངས་ཀྱི་སྐྱེ་ཁམས་གནད་དོན་ཞིབ་འཇུག   ༥སྐྱེ་ཁམས་མ་ལག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་འཇུག་གོ   །
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号