ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > རོལ་དབྱངས། ལུས་རྩལ། རི་མོ།
༄༅། །བྲོ་དང་གླུ་ཡི་དོན།
སྤེལ་དུས།03-20  ཡོང་ཁུངས།  རྩོམ་པ་པོ། ཤེས་རབ།

    འདིར་དམངས་ཁྲོད་ཀྱི་བྲོ་གླུ་འགའ་ཞིག་བསྡུས་ཡོད་པ་ནས།བྲོ་ཡི་གོ་རིམ་དང་ཇི་ལྟར་རྡུང་ཚུལ།གླུ་ཡི་བྱུང་རིམ་དང་ཇི་ལྟར་ལེན་ཚུལ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན།སྤྱིར་བྲོ་ཞེས་པའི་གོ་དོན་ལ་མི་འདྲ་བ་གཉིས་བཤད་རྒྱུ་འདུག་པ་ལས།དང་པོ་ལྟར་ན་བྲོ་ནི་བདེ་སྡུག་གི་ཚོར་བ་སྟེར་ནུས་པའི་དངོས་པོ་ཞིག་སྟེ་མངར་སྐྱུར་གྱི་བྲོ་བ་ལྟར་རོ།ཁ་ཟས་སོགས་རོ་ཡི་བྲོ་བ་ནི་དབང་པོ་གཅིག་སྟེ་ལྕེ་ཁོ་ནའི་ཡུལ་དུ་གྱུར་ཅིང༌།ཞབས་བྲོ་ནི་བྲོ་པ་རང་གི་སྣ་མ་གཏོགས་པའི་དབང་པོ་ཐམས་ཅད་དང༌།གཟིགས་མོ་མཁན་གྱི་མིག་ཡིད་རྣ་བ་གསུམ་ཀའི་ལོངས་སྤྱོད་དུ་གྱུར་ནས་དགའ་བདེའི་ཚོར་བ་འགོག་མེད་དུ་སྟེར་བར་བྱེད་པས་ན་བྲོ་ཞེས་ཟེར།གདངས་ཀྱི་ཁྱད་པར་འགའ་ཞིག་སྣ་ལ་གནས་པས་ན་བྲོ་པ་རང་གི་དབང་པོ་ཐམས་ཅད་ལ་བརྟེན་པར་བཤད་པ་ཡང་ཡོད།
གཉིས་པ་ལྟར་ན་བྲོ་ནི་དྲོ་ཡི་དོན་ཏེ།ཁ་དྲོ་ཞིང་བཀྲ་ཤིས་པའི་རྟེན་འབྲེལ་ཡོད་པས་ན་དྲོ་ཟེར་ཞིང༌།ཡང་ན་ཞབས་གཉིས་ཀྱིས་ལུས་མ་དྲོ་བར་ས་ལ་རྡུང་བས་ན་དྲོ་རྡུང་བ་ཟེར།འགའ་ཞིག་ནས་ཟེར་ན་ལྟ་བྲོ་བས་བྲོ།ཉན་བྲོ་བས་བྲོ།དགོད་བྲོ་བས་བྲོ་ཡིན་ཟེར།
བྲོ་ཡི་ཆོ་ག་ཆ་ཚང་ཞིག་བྱེད་པ་ནི་འཇིག་རྟེན་ཁྱིམ་གཞི་ཞིག་འཛུགས་པ་དང་ཚུལ་མཐུན་པ་སྟེ།མཛད་སྒོ་ཆེ་རིགས་དང་བླ་ཆེན་དཔོན་ཆེན་ཁག་ཕེབས་སྐབས་སོགས་སུ་བྲོ་རྡུང་བའི་རིམ་པ་ནི།དང་པོ་བྲོ་ར་ས་གཡར།དེ་ནས་བྲོ་ར་སྦ་ཕུབ།དེ་ནས་བྲོ་ར་གདན་བཏིང༌།དེ་ནས་འཛོམས་བྲོ།དེ་ནས་བྲོ་མཆོད།དེ་ནས་ཆོས་བྲོ།དེ་ནས་བྲོ་ཆེན།དེ་ནས་བྲོ་གཞུང༌།བྲོ་གཞུང་ལ་སླེབས་ན་བྲོ་ལ་ཁ་ཚར་བཏགས་པ་དང༌།གཞས་མ་བྲོ་འཁྲབ་པ་སོགས་བྱེད།དེ་ནས་གཟིམ་བྲོ་རྡུང་སྟེ་མཇུག་བསྡུ་བ་ཡིན་ཅིང༌།དེ་ནི་འཇིག་རྟེན་འདིར་ཁྱིམ་གཞི་ཞིག་བཟུང་བ་ལ་དང་པོ་ཡུལ་ལྷ་གཞི་བདག་ལས་ས་བསླངས།དེ་ནས་མཁར་བརྩིགས།དེ་ནས་གདན་བཏིང༌།དེ་ནས་མགྲོན་འབོད་དེ་སྒོ་འབྱེད་བྱེད་པ་ནས་འགོ་བཙུགས་ཏེ་ལེའུ་མང་པོ་ཞིག་བསྟར་ལ་བརྒྱུས་ནས་བྱེད་པ་དང་ཆོས་མཚུངས་པ་ཡིན།
དེ་ཡང་བྲོ་ར་ས་གཡར་ནི་ཐོག་མའི་བྱ་བ་སྟེ།ས་ཆ་གང་ཞིག་ལ་བྲོ་རྡུང་བར་ཡུལ་ལྷ་གཞི་བདག་སོགས་ཀྱི་རུ་ང་ཕྲག་དོག་མི་འབྱུང་ཆེད་བྲོ་ར་གཡར་ནས་བྱིན་འབེབས་ཀྱིས་ས་འདུལ་བྱེད་པ་ཞིག་ཡིན།བྲོ་ར་སྦ་ཕུབ་དང་བྲོ་ར་གདན་བཏིང་གཉིས་ནི་བྲོ་མགྲོན་རྣམས་ཀྱི་བཞུགས་གནས་གྲ་སྒྲིག་ཙམ་ཡིན་ཅིང༌།འཛོམས་བྲོ་ནི་བླ་མ་སངས་རྒྱས་དཔའ་བོ་མཁའ་འགྲོ་ལྷ་ཀླུ་གཞི་བདག་སོགས་བྲོ་མགྲོན་རྣམས་འཛོམས་བརྡ་ཕུལ་ནས་བྲོ་ལ་གཟིགས་པར་གདན་ཞུས་བྱེད་པ་ཞིག་ཡིན།བྲོ་མཆོད་ནི་གདན་ལ་བཞུགས་པའི་བྲོ་མགྲོན་རྣམས་ལ་ཐོག་མར་བྲོ་ཡི་མཆོད་པ་འབུལ་བ་ཞིག་སྟེ།དེ་དག་ནི་བྲོ་ཡི་སྔོན་འགྲོའི་རིམ་པ་རྣམས་ཡིན་ནོ།
བྲོ་ཡི་དངོས་གཞི་ལ་འཇུག་པའི་ཐོག་མར་རྟེན་འབྲེལ་དང་བྱིན་རླབས་ལ་བསམས་ནས་དང་པོ་ཆོས་བྲོ་རྡུང་ཞིང༌།དེ་ནས་བྲོ་ཆེན་ཁག་ནས་རིམ་པར་རྡུང་སྟེ་མཇུག་ཏུ་གཟིམ་བྲོ་རྡུང་བ་ཡིན།འོན་ཀྱང་རིམ་པ་འདི་ཆབ་མདོའི་མངའ་ཁུལ་ཡོངས་ལ་གཅིག་མཚུངས་སུ་ཁྱབ་པ་ནི་མ་ཡིན་ཏེ།ལུང་པ་འགའ་ཤས་ཀྱིས་དང་པོ་ཆོས་བྲོ་རྡུང་ན་བགེགས་བར་རྣམས་རང་བཞིན་གྱིས་ཞི་ཞིང་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པ་དང༌།མཇུག་ཏུ་འཛོམས་བྲོ་རྡུང་ན་ཡང་ཡང་འཛོམས་པའི་རྟེན་འབྲེལ་ཡོད་པར་འདོད།ཡང་ལུང་པ་འགའ་ཤས་ཀྱིས་མཇུག་ཏུ་འཛོམས་བྲོ་རྡུང་ན་ཕ་རོལ་པོ་ལ་བྲོ་ངོམ་དང་ཤགས་འདེབས་པར་རྩི་ཞིང༌།མཇུག་ཏུ་ཤིས་བྲོ་ཟེར་བ་བཀྲ་ཤིས་པའི་བྲོ་ཞིག་རྡུང་རྒྱུ་ཡོད་སྐད་ཀྱང་གང་འདྲ་ཡིན་མིན་མ་ཤེས།དེ་ལ་སོགས་པ་ལུང་པ་སོ་སོར་བྲོ་ཡི་གོ་རིམ་ཡང་སོ་སོར་ཡོད་པ་ཡིན།མཛད་སྒོ་ཆེ་ཁག་གཅིག་ལ་བྲོ་ཡོད་ཚད་རྡུང་མི་ཐུབ་ཀྱང་བྲོ་ཡི་ལེའུ་དེ་རྣམས་མ་ལུས་པར་དགོས་ཤིང༌།སྤྲོས་ཚེ་བྲོ་ཆེན་དང་བྲོ་གཞུང་སོགས་ལ་བྲོ་ཡི་ཁ་ཚར་བཏགས་ནས་རྡུང་ན་ཉིན་མཚན་བཅོ་བརྒྱད་ལ་འཁྲབ་ཀྱང་རྫོགས་མཐའ་མེད་སྐད།
དེ་ཡང་བྲོ་ར་ས་གཡར་དང་བྲོ་ར་སྦ་ཕུབ་བྲོ་ར་གདན་བཏིང་བྲོ་མཆོད་འཛོམས་བྲོ་ཆོས་བྲོ་དང་གཟིམ་བྲོ་སོགས་ནི་བརྗོད་བྱ་དོན་ལ་ལྟོས་ནས་བཏགས་པ་དང༌།བྲོ་ཆེན་དང་བྲོ་གཞུང་གཞས་མ་བྲོ་སོགས་ནི་གདངས་རིང་ཐུང་ལ་ལྟོས་ནས་བཏགས་པ་ཡིན་ནམ་སྙམ་ཞིང༌།བྲོ་ཡི་ཁ་ཚར་ནི་གདངས་དབྱངས་འགྱུར་ཁུག་ཅི་འདྲ་ཞིག་ནང་བཅུག་ཀྱང་ཆོག་པ་མ་ཟད།བསོ་ཡ་ལ།འོའོ་ལ་ཟི།སོགས་ཚིག་ལྷག་མ་གང་འདྲ་ཞིག་བཏགས་ཀྱང་ཆོག་པས་ན་བྲོ་ཡི་ཁ་ཚར་ཞེས་ཟེར།བྲོ་པ་ཕན་ཚུན་བྲོ་ཤགས་འདེབས་རེས་ཀྱིས་འཁྲུགས་ཆ་དང་ཛ་དྲག་ཇེ་ཆེར་འགྲོ་བའི་སྐབས་རང་རང་གི་རྣམ་དཔྱོད་ལ་གཞིགས་པའི་བྲོ་ཡི་ཁ་ཚར་འདི་བེད་སྤྱོད་མང་བ་གཏོང་བ་ཡིན།འགའ་ཞིག་ནས་ཟེར་ན།བྲོ་ཡི་ཁ་ཚར་ནི་ཕོ་གཞོན་མོ་གཞོན་བར་རམ་ལུང་པ་ཕན་ཚུན་ནམ་གང་ལྟར་བྲོ་པ་ཕན་ཚུན་བྲོ་ཤགས་ཚད་སྐབས།བྲོ་ཆེན་དང་བྲོ་གཞུང་སོགས་ཀྱི་མཐར་སྐབས་བསྟུན་གྱིས་བསྣན་ནས་རྡུང་བའི་བྲོ་ཡི་རིགས་ལ་བྲོ་ཡི་ཁ་ཚར་ཟེར་ཞེས་ཟེར།འགྲེལ་བཤད་དེ་གཉིས་རྣམ་པ་ཀུན་ཏུ་འགལ་བ་ཞིག་མིན་ཀྱང་ཕྱི་མ་འདི་བདེན་ཤས་ཆེ་སྟེ།དར་རས་སྣམ་འཕྲུག་སོགས་ཀྱི་མཐའ་སྣེ་ལ་དཔྱངས་པའི་རྒྱུ་སྐུད་ལ་འཇིག་རྟེན་ན་ཁ་ཚར་ཞེས་གྲགས་པ་བཞིན་ནོ།
དེ་ཡང་ཆབ་མདོ་ཡུལ་མི་ཚོས་བྲོ་རྡུང་བྲོ་འཆམ་བྲོ་འཁྲབ་སོགས་གང་བདེར་བརྗོད་སྲོལ་ཡོད་ཀྱང༌།གར་འཁྲབ།འཆམ་རྒྱག།གཞས་གཏོང༌།གླུ་ལེན་ཞེས་བརྗོད་པ་ལས་གར་རྡུང༌།འཆམ་འཁྲབ།གཞས་འཆམ།གླུ་གཏོང་སོགས་བརྗོད་སྲོལ་མེད།དེ་ནི་འབྲོག་པ་ཚོས་རྟ་རྟོད།ནོར་བཏགས།ཁྱི་སྐོར་ཞེས་བརྗོད་པ་ལས་རྟ་སྐོར།ནོར་རྟོད།ཁྱི་བཏགས་ཞེས་ཤོད་སྲོལ་མེད་པ་ལྟར་བརྗོད་དོན་གཅིག་ཀྱང་བྱ་བའི་ཡུལ་གྱི་རྣམ་དབྱེ་འབྱེད་པའི་དོན་དུ་བྱ་ཚིག་གི་རྣམ་གྲངས་ཐ་དད་པ་སྨྲ་བ་དང་མཚུངས།
བྲོ་རྡུང་བའི་སྐབས་ཀྱི་ཉམས་འདོན་ལུགས་སམ་བྲོ་འཆམ་སྟངས་ལ་བལྟས་ནས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་འདོགས་མང་པོ་ཡོད་དེ།དཔེར་ན།བྱ་རྒོད་བྲོ་རྡུང་ཞེས་བྱ་རྒོད་ཐང་ལ་འབབ་སྐབས་ཉམས་དང་བཅས་སྐོར་འཆམ་བྱེད་པ་འདྲ་བའི་བྲོ་འཆམ་པ་ལྟ་བུའོ།དེ་བཞིན་དུ་ཅང་ཤེས་འདུར་འཆམ།རྨ་བྱ་ལྡེམ་འཆམ།མེ་ཏོག་འཐུ་འཆམ།བུམ་པ་འཛིན་འཆམ།ཁྱུང་ཆེན་ལྡིང་འཆམ།སབ་མ་སླས་འཆམ།མ་མོ་སྟར་འཆམ།བཞོན་མ་འོ་འཆམ།རླུང་དམར་འཚུབ་འཆམ།གཡས་སྐོར་དགའ་འཁྱིལ་མ།གཡོན་སྐོར་གཡུང་དྲུང་མ།ཤྭ་ཕོ་སྒང་འགྲེམ་མ།མདུད་ནག་དགུ་བཀྲོལ་མ།ལྕང་མ་རླུང་སྤྱོད་མ།བྱེ་མ་ཆུ་སིག་མ།སྒར་སྟོད་དྲེལ་སྦྲེལ་མ།གོམ་ཤུད[ཤུད་ནི་ཟག་པའི་དོན]མ།རྡོག་རྐྱང་མ།རྡོག་རྩག[ཆ་བཅས་ཀྱི་དོན]མ།པ་ཊ་གཉིས་རྩག་མ།པ་ཊ་སུམ་རྩག་མ་ཟེར་བ་སོགས་མང་པོ་ཡོད།
ད་དུང་བྲོ་ཡི་རིགས་ཐམས་ཅད་ལ་ཐུན་མོང་དུ་ཁྱབ་པའི་སྒྲོམ་གཞི་གཅིག་ཡོད་པ་ནི།བྲོ་ཡི་འགོར་དལ་ཞིང་འགྱིངས་ཆེ་བ།བར་དུ་ཅུང་མྱུར་ཞིང་བག་ཆགས་པ།མཇུག་ཏུ་ཆེས་མྱུར་ཞིང་འཁྲུགས་ཆེ་བ་བཅས་ཡིན།འགའ་ཤས་ནས་བྲོ་པ་སྐུ་ཚེ་རིང་བའི་རྟེན་འབྲེལ་ཡོད་ཟེར་ནས་མཇུག་གི་ཚིག་རྐང་གཅིག་དལ་ཞིང་གདངས་རིང་ཙམ་འཐེན་སྲོལ་ཡོད།ཐོག་མར་དལ་བའི་སྐབས་གཙོ་བོ་གདངས་ཀྱི་འགྱུར་ཁུག་གི་ཉམས་འདོན་པ་དང༌།བར་དུ་ཅུང་མྱུར་བའི་སྐབས་གཙོ་བོར་ལུས་ཀྱི་གར་སྟབས་ཀྱི་ཉམས་འདོན་པ་དང༌།མཐར་ཤིན་ཏུ་མགྱོགས་པའི་སྐབས་གཙོ་བོར་རྐང་པའི་བདེ་རྩལ་གྱི་ཉམས་འདོན་པ་ཡིན།
ཤིན་ཏུ་མགྱོགས་པའི་སྐབས་སུ་བུ་རྣམས་ཕྱི་ཕྱོགས་སུ་སྐོར་བ་ཆེ་ཙམ་སྐྱོད་པ་དང་བུ་མོ་རྣམས་ནང་ལོགས་ནས་སྐོར་བ་ཆུང་ཙམ་བྱེད་དགོས།དེའི་རྒྱུ་མཚན་ནི་བུ་རྣམས་མགྱོགས་པའི་སྐབས་འཕག་མཆོང་ཆེ་ཙམ་བརྒྱབ་ཀྱང་མཛེས་ཉམས་མི་འཆོར་མོད།བུ་མོ་རྣམས་གོམ་ཞེང་ཆེན་པོ་སྤོ་བ་དང་རྒྱང་རིང་དུ་མཆོང་བ་སོགས་བྱས་ན་མི་མཛེས་སྟབས་ནང་དུ་འཛུལ་ནས་རྡོག་བྲོ་འགྲིགས་ཙམ་ལས་གོམ་ཞེང་ཆེན་པོ་སྤོ་མི་དགོས་པར་སྐོར་ཐག་ཐུང་དུ་གཏོང་བ་ཞིག་ཡིན།གལ་ཏེ་བྲོ་པ་ཕྱོགས་གཉིས་བར་མང་ཉུང་ཤོར་ཡོད་ན་གང་མང་བ་དེ་ཕྱི་དང་ཉུང་བ་དེ་ནང་དུ་འཛུལ་དགོས།ཉུང་བ་དེ་ཕྱི་ལ་ཐོན་ན་འཐོར་ཆེ་བས་མཛེས་ཆ་འཆོར་འགྲོ།
འདིར་ཨ་སྔོན་མཐོན་པོ་ཟེར་བའི་བྲོ་སྣ་མང་པོ་ཞིག་ཡོད་པ་དེ་དག་ནང་གསེས་ཀྱིས་བྲོ་སྦ་ཨ་སྔོན་མཐོན་པོ་ཆེ་འབྲིང་དང༌།བྲོ་གཞུང་ཨ་སྔོན་མཐོན་པོ་ཆེ་ཆུང་སོགས་ལེ་ཚན་དེའི་མིང་དང་སྦྱར་ནས་འབོད་སྲོལ་ཡོད།སྤྱིར་ཆབ་མདོའི་བྲོ་ལ་ཨ་སྔོན་མཐོན་པོ་ཟེར་བ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པར་གྲགས་ཤིང༌།དེ་ཡང་ཤོད་སྲོལ་ཙམ་མིན་པར་དེ་རྣམས་ཚང་མ་རྡུང་ཤེས་པའི་མི་སྣ་དེང་སང་ཡང་ཆབ་མདོར་ཡོད་འདུག་ཅིང༌།ཆབ་མདོའི་ཁ་དཔེ་ལ་ཡངསེ་ལ་སྐྱ་སྐྱ་མེད་ཀྱང་བྲོ་ལ་ཨ་སྔོན་མཐོན་པོཟེར་སྲོལ་ཡོད་པ་རེད།དེའི་གོ་དོན་ལ་དཔེ་ཐོབ་དང་དོན་ཐོབ་གཉིས་ཡོད་པ་ནས།དཔེ་ཐོབ་ཀྱི་དབང་དུ་བྱས་ན་རང་ནུས་དང་མ་འཚམས་པའི་འུར་ཤོབ་ཤོད་པ་ལ་ཟེར།དོན་ཐོབ་ཀྱི་དབང་དུ་བྱས་ན་ཆབ་མདོའི་མི་རྣམས་བྲོ་རྡུང་བའི་དར་སྲོལ་ཆེ་དྲགས་ནས།ཁ་ལ་རྩམ་པ་ཟ་རྒྱུ་མེད་ཀྱང་བྲོ་ལ་ཨ་སྔོན་མཐོན་པོ་ཟེར་ནས་རྡུང་གིན་ཡོད་པ་དེ་རེད།
འདིར་གསལ་བཤད་དགོས་པ་ཞིག་ལ།ཆབ་མདོའི་བྲོ་ཞེས་བརྗོད་པ་ནི་ཆབ་མདོའི་ཡུལ་མི་ཚོས་རྟག་པར་རྡུང་བཞིན་པའི་བྲོ་ལ་ཆབ་མདོའི་བྲོ་ཞེས་བརྗོད་པ་ལས།ཚིག་གི་བརྗོད་བྱ་ངག་གི་འགྱུར་ཁུག་རྐང་པའི་འགྲོས་དང་ལག་པའི་གར་སྟབས་སོགས་ཚང་མ་ཆབ་མདོ་བ་ཞིག་གིས་བརྩམས་པའི་གོ་དོན་གང་ཡང་ལྡན་མེད།འོན་ཀྱང་དེ་ལས་གཞན་པ་ཞིག་གིས་བརྩམས་པའི་ཁུངས་སྐྱེལ་གྱི་དཔང་རྟགས་ཀྱང་སུ་ཞིག་ལ་ཡང་ཡོད་མི་སྲིད་སྙམ།ཆབ་མདོ་བའི་ཁ་རྒྱུན་ལ་བྲོ་དེ་དག་མང་ཆེ་བ་ནི་འཕགས་ཆེན་ཡབ་སྲས་རྣམས་ཀྱིས་བརྩམས་པར་གྲགས་ཤིང༌།ཕྱིས་ཀྱི་བྲོ་འགའ་ཞིག་འཇམ་མགོན་མི་ཕམ་རིན་པོ་ཆེ་དང༌།བྲག་གཡབ་གདོང་ཀོང་སྤྲུལ་ནས་བརྩམས་པའི་ཤོད་སྲོལ་ཡང་འདུག།གཅིག་བྱས་ན་བྲོ་སྣ་ཁ་ཤས་ཡུལ་གྲུ་གཞན་ནས་དར་ཁྱབ་བྱུང་བ་ཡིན་སྲིད་ཀྱང༌།བྲོ་དེ་དག་མང་པོ་ཞིག་ཏན་ཏན་འཕགས་ཆེན་ཡབ་སྲས་རྣམས་ཀྱིས་བརྩམས་པར་ལོ་རྒྱུས་བཤུལ་བཞག་གི་ཐོག་ནས་ར་སྤྲོད་བྱེད་ཐུབ།གཙང་རིས་གཙང་ལ་ཡོད་པཞེས་པའི་བྲོ་དེ་ནི་འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་མཆོག་གཙང་བཀྲ་ཤིས་ལྷུར་པོར་ཕེབས་ཏེ།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་བསླབ་པ་རྫོགས་པའི་དགའ་སྟོན་སྐབས་འཕགས་པ་ལྷ་རང་ཉིད་ནས་ཐོལ་བྱུང་དུ་བརྩམས་གནང་བ་དང༌།འབའ་ལེ་ཐང་འོ་མའི་མཚོ་ཁ་ནསཟེར་བའི་བྲོ་དེ་ནི་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་ལེ་ཐང་དུ་འཁྲུངས་ནས་དེར་ངོས་འཛིན་མཛད་སྒོ་སྐབས་ལྕགས་ར་སྤྲུལ་སྐུས་བརྩམས་པ་རེད་ཟེར་སྲོལ་མཆིས།

ལྷག་པར་འཕགས་པ་ལྷ་ནི་བྲོ་དང་གར་འཆམ་སོགས་དམངས་ཁྲོད་སྒྱུ་རྩལ་རིགས་ལ་དགའ་པོ་གནང་མཁན་ཞིག་ཡིན་པ་ནི།ཁོང་གིས་སྲོལ་གཏོད་པའི་གར་སྣ་བརྒྱད་བཅུ་འཁྲབ་པའི་ཆབ་མདོའི་དགུ་ཆེན་ཞེས་གྲགས་པར་དེང་སང་བར་ལོ་ལྟར་ཕྱོགས་མཐའ་དབུས་མེད་ནས་མི་ཚོགས་གྲོག་ཚང་ལྟར་རྡོལ་ཡོང་སྟེ་ཁ་ནང་ཐལ་བ་འཛུལ་ཡང་མ་ཚོར་བར་ལྟ་བཞིན་པ་འདིས་ཀྱང་ཤེས་ཐུབ།གར་ཚིག་དེ་དག་གསང་བ་བྱེད་སྲོལ་ཡོད་པས་དོན་གྱི་འདྲ་མ་ཇི་བཞིན་མི་ཤེས་ཀྱང༌།འཕགས་ཆེན་ཡབ་སྲས་རྣམས་ཀྱི་སྐུ་ཕྲེང་གོང་མ་མང་པོ་ཞིག་ཉང་ལོང་ཀོང་གསུམ་དུ་འཁྲུངས་ཤིང༌།ཁོང་རྣམ་པའི་མཛད་འཕྲིན་ཡང་ཉང་ལོང་ཀོང་གསུམ་ནས་འགོ་བཙུགས་ཏེ་རྒྱས་པ་ཞིག་ཡིན་འདུག་པས།གར་གྱི་གདངས་དང་དབྱངས་ཀྱི་འགྱུར་ཁུག་རྣམས་ཀོང་གཞས་ཀྱི་གདངས་དང་འདྲ་བའམ་དེའི་ཤུགས་རྐྱེན་ཆེན་པོར་ཐེབས་ཡོད།ད་དུང་ཁོང་རྣམས་ཀྱི་གམ་དུ་སྒྲུང་མཁན་མང་པོ་ཉར་ནས་རྟག་པར་སྒྲུང་ཤོད་བཅུག་གི་ཡོད་འདུག་ཅིང༌།འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་སྒྲུང་པ་ཐམས་ཅད་ཀྱི་ནང་ནས་འཕགས་ལྷའི་གམ་བཅར་ཆབ་མདོའི་སྒྲུང་པ་རྣམས་ཚད་མར་འཛིན་གྱི་ཡོད་སྐད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号