ད་སྔ་གཟིགས་བཞིན་པ།  མདུན་ངོས། > སློབ་གྲྭ་མཚམས་སྦྱོར། > སློབ་ཆུང་སློབ་གྲྭ།
༄༅། །ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་ཡུལ་ཚོ་ལྟེ་བའི་སློབ་ཆུང་གིས་གཏམ་རྒྱུད་འགྲན་བསྡུར་གྱི་བྱ་འགུལ་ཐེང
སྤེལ་དུས།12-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཆོས་འཁོར་བཀྲ་ཤིས།

དང་པོ། བྱ་འགུལ་གྱི་དམིགས་ཡུལ།

    གཏམ་རྒྱུད་ནི་མིའི་རིགས་ཀྱིས་ངལ་རྩོལ་གྱི་གོ་རིམ་ཁྲོད་རང་གི་ཉེ་འཁོར་གྱི་ངོ་མཚར་བའི་བྱུང་བ་ཅི་རིགས་ལ་འཆར་ཡན་དང་བློ་བཟོ་བྱས་ཤིང་། ཡར་སྐུལ་དང་སློབ་གསོའི་རང་བཞིན་ལྡན་པའི་ངག་ཐོག་རྩོམ་རིག་གི་གྲས་ཤིག་ཡིན། ང་ཚོའི་བོད་མི་རིགས་ལ་རང་གི་མདོ་དབུས་མཐོ་སྒང་གི་ས་ཆའི་གནས་བབ་དང་འཚོ་བའི་གོམས་སྲོལ། རིག་གནས་མཁའ་དབུགས་དང་བསྟུན་པའི་དམངས་ཁྲོད་གཏམ་རྒྱུད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ཡིས་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་ཀུན་སྤྱོད་ཀྱི་མ་ལག་ཆེན་པོའི་ནང་ཕན་ནུས་བླ་ལྷག་གིས་ཐོན་བཞིན་ཡོད་མོད་ཀྱང་། ཆ་འཕྲིན་དུས་ཀྱི་ཕོ་ཉ་མཐོ་སྒང་གི་སའི་ཆ་ལ་མགྲོན་པའི་སླེབས་པའི་ཉིན་མོ་དེ་ནས་དམངས་ཁྲོད་གཏམ་རྒྱུད་ཀྱི་གོ་གནས་དེ་སྨྱན་བྱེད་རྫས་ཀྱིས་ཉམས་དམའ་བར་བྱས།

དེ་ཡང་རྙིང་ཚབ་གསར་བས་བྱས་ནས་སྐྱོན་གྱི་གོང་བུ་མ་མཐོང་ཡང་གློག་འཕྲུལ་རྫས་ཀྱིས་གཉོམ་ལག་མ་རྒྱས་པའི་བྱིས་བློར་ན་ནོག་སྐྱོན་གྱི་ཐིག་རིས་ཕབ་པའི་བྱུང་བ་ཡོད་ལ། དམངས་ཁྲོད་གཏམ་གྱི་རྒྱུན་ལ་ཡ་རབས་གཤིས་ཀྱི་ཁོ་ལག་རྫོགས་པའི་གཏམ་རྒྱུད་ཀྱང་ཡོད་པར་མ་ཟད། སློབ་མ་ཞིག་ལ་མཚོན་ན་གཏམ་རྒྱུད་ཉན་བཤད་གྱི་གོ་རིམ་ནི་སློབ་མའི་བསམ་གཞིགས་དང་འཆར་ཡན་གྱི་ནུས་པ། སྐད་ཆ་བཤད་པའི་ནུས་པ་བཅས་གོང་དུ་འཕེལ་བར་བྱེད་ནུས་གལ་ཆེན་ཐོན་པའི་བརྒྱུད་ལམ་མམ་ཐབས་ལམ་རིགས་ཤིག་ཡིན་པས།  སློབ་གྲྭའི་བྱ་བའི་འཆར་གཞི་ལྟར་གཏམ་རྒྱུད་འགྲན་བསྡུར་གྱི་བྱ་འགུལ་ཐེངས་ཤིག་སྤེལ་རྒྱུ་བྱས་པ་རེད།

 

གཉིས་པ། བྱ་བའི་བརྒྱུད་རིམ།

 

222.jpg

 

༡ སློབ་གྲྭའི་རྩ་འཛུགས་འོག་བྱ་འགུལ་མ་སྤེལ་སྔོན་གྱི་གཟའ་འཁོར་གཅིག་གི་རིང་འཛིན་གྲྭ་སོ་སོའི་འཛིན་བདག་དང་བསླབ་ཚན་དགེ་རྒན་གྱིས་བྱ་འགུལ་གྱི་རེ་འདུན་ལྟར་འགྲན་ཞུགས་མི་སྣ་བདམས་རྗེས། གཏམ་རྒྱུད་བཤད་སྐབས་སྐད་ཆའི་གདངས་དང་ལུས་ཀྱི་ཉམས་འགྱུར། གདོང་གི་རྣམ་འགྱུར་སོགས་ཅི་ལྟ་བུའི་སྒོ་ནས་བཤད་དགོས་པའི་ཐད་མཛུབ་སྟོན་བྱེད་དགོས་པའི་རེ་བ་བཏོན་ནས་འགྲན་ཞུགས་སློབ་མས་འགྲན་བསྡུར་ཁྲོད་བདེ་བླག་དང་རང་གི་འཇོན་ནུས་འདོན་སྤེལ་བྱེད་པར་མཐུན་རྐྱེན་བསྐྲུན།

333.jpg

 

  ༢༠༡༦ལོའི་ཟླ་༡༡པའི་ཚེས་༣༠ཉིན་ཏེ་གཟའ་འཁོར་བཅོ་ལྔ་བའི་རེས་གཟའ་ལྷག་པའི་ཉིན་སློབ་གྲྭའི་གསོལ་ཚིགས་ཁང་ནས་བྱ་འགུལ་དངོས་སུ་སྤེལ་བ་རེད།  ཐེངས་འདིའི་འགྲན་བསྡུར་ལ་ལོ་ཡི་རིམ་པ་མི་འདྲ་བ་དང་སློབ་མ་ཚོའི་ཤེས་ནུས་དང་རིག་སྟོབས། སྐད་ཆའི་སྦྱོང་བརྡར་གྱི་ཆུ་ཚད་མི་འདྲ་བས། དམའ་རིམ་དང་མཐོ་རིམ་ཏེ་རིམ་པ་གཉིས་ལ་བགར་ནས་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་གྱི་གོ་རིམ་ཁྲོད་འགྲན་ཞུགས་སློབ་མས་སོ་སོའི་སྐད་ཆའི་གདངས་དང་ལུས་ཀྱི་ཉམས་འགྱུར་ཅི་ནུས་ཀྱི་འདོན་སྤེལ་བྱས་པ་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་ཞིབ་ཅིང་ཕྲ་བ་དགེ་སློབ་ཀུན་གྱི་དར་ལུང་རྣ་བའི་གསོས་སུ་ཕུལ་བ་རེད།

444.jpg

 

  འགྲན་ཞུགས་སློབ་མས་གཏམ་རྒྱུད་བཤད་ཚར་རྗེས་སློབ་གཙོ་ཁྱི་གུ་ཐར་གྱིས་སློབ་མ་ཚོར་ཐེངས་འདིའི་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བའི་དགོས་པ་དང་དམིགས་ཡུལ།  ང་ཚོས་ངག་ཐོག་རྩོམ་རིག་སྟེ་དམངས་ཁྲོད་གཏམ་རྒྱུད་ལ་ཉན་པ་དང་དེ་བཤད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ།   དེས་བོད་མི་རིགས་ཀྱི་རིག་གནས་ཁྲོད་གོ་གནས་གང་འདྲ་ཟིན་ཡོད་པ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་བ་རེད།

555.jpg

 

གསུམ་པ། བྱ་འགུལ་གྱིས་མཇུག་འབྲས།

དཔྱད་འདེམས་པས་སློབ་མའི་ངག་གི་རྩལ་དང་ཕྱི་ལུས་ཀྱི་ཉམས་འགྱུར། གཏམ་རྒྱུད་གོ་རིམ་བཅས་ལ་བལྟས་ནས་དཔྱད་འདེམས་བྱས་ཏེ། དམའ་རིམ་འཛིན་གྲྭར་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཅིག  ཨང་གསུམ་པ་གཅིག  ཨང་བཞི་བ་གཅིག་བཅས་ལ་གཟེངས་རྟགས་གནང་བ་དང་། མཐོ་རིམ་འཛིན་གྲྭར་ཨང་དང་པོ་གཅིག  ཨང་གཉིས་པ་གཅིག  ཨང་གསུམ་པ་གཅིག་བཅས་ལ་གཟེངས་རྟགས་གནང་བ་རེད།

ཐེངས་འདིའི་བྱ་འགུལ་གྱིས་སློབ་མ་རྣམས་ལ་གཏམ་རྒྱུད་ཉན་བཤད་ཀྱི་གལ་ཆེའི་རང་བཞིན་དང་དེ་ཡང་མིའི་འཚོ་བའི་ཆ་ཤས་དང་བསམ་པའི་རྒྱགས་ཕྱེ་ཞིག་ཡིན་པ་ངོས་ཟིན་ཏུ་བཅུག་གོ།



 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号