ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
མ་དད་པ། ལེ་ལོ། བག་མེད་པ། བརྗེད་ངེས་པ། ཤེས་བཞིན་མ་ཡིན་པ། རྣམ་པར་གཡེང་བ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུ། གཉིད། འགྱོད་པ། རྟོག་པ། དཔྱོད་པ་སྟེ་གཞན་འགྱུར་བཞི། བསྡོམས་ན་སེམས་བྱུང་ལྔ་བཅུ་ང་གཅིག་གོ། །འདུན་པ་ལ་གསུམ་སྟེ། འཕྲད་པར་འདོད་པ་དང་། མི་འབྲལ་བར་འདོད་པ་དང་། དོན་དུ་གཉེར་བའི་འདུན་པའོ། དད་པ་ལ། ཡིད་ཆེས་པའི་དད་པ་དང་། དང་བའི་དད་པ་དང་། འདོད་པའི་དད་པ་གསུམ་མོ། །བརྩོན་འགྲུས་ལ། གོ་ཆ། སྦྱོར་བ། ཞུམ་པ་མེད་པ། མི་ལྡོག་པ། ཆོག་པར་མི་འཛིན་པའི་མངོན་པར་སྤྲོ་བ་སྟེ་ལྔའོ། །ཤིན་སྦྱངས་ལ། ལུས་དང་སེམས་ཤིན་སྦྱངས་གཉིས་སོ། །ལྟ་བ་ལྔ་ལ། བཞི་ནི་སྒྲོ་འདོགས་པའི་ལྟ་བ་དང་གཅིག་ནི་སྐུར་འདེབས་ཀྱི་ལྟ་བའོ། །ལྔ་བ་ངན་པ་དྲུག་ཅུ་རྩ་གཉིས་ནི། རྟག་པར་སྨྲ་བའི་བཞི། རྒྱུ་མེད་དུ་སྨྲ་བའི་གཉིས། མཐའ་དང་ལྡན་མི་ལྡན་སྨྲ་བའི་བཞི། ལྷ་མི་སྤོང་པར་སྨྲ་བའི་བཞི། འདུ་ཤེས་ཡོད་པར་སྨྲ་བའི་བཅུ་དྲུག མེད་པར་སྨྲ་བའི་བརྒྱད། གཉིས་མིན་དུ་སྨྲ་བའི་བརྒྱད། ཆད་པར་སྨྲ་བའི་བདུན། ཚེ་འདི་ཉིད་ལ་གྲོལ་པར་སྨྲ་བའི་ལྔ་སྟེ་རེ་གཉིས་སོ། དེ་དག་གི་མིང་གི་རྣམ་གྲངས་ཕལ་ཆེར་ནི་དབུ་མའི་སྐབས་སུ་བཤད་ཟིན་ཏོ། །
རྣམ་གཡེང་ལ། ངོ་བོ་ཉིད་ཀྱི་གཡེང་བ། ཕྱི་རོལ་དུ་གཡེང་བ། ནང་གི་གཡེང་བ། མཚན་མའི་གཡེང་བ། གནས་ངན་ལེན་གྱི་གཡེང་བ། ཡིད་ལ་བྱེད་པའི་གཡེང་བ་སྟེ་དྲུག་གོ། །མངོན་པ་འོག་མར། སེམས་ཀྱི་ས་མང་བཅུ། དགེ་བའི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག མི་དགེ་བའི་ས་པ་གཉིས། ཉོན་མོངས་ཆུང་ངུའི་ས་པ་བཅུ། མ་ངེས་པའི་མཚུངས་ལྡན་བརྒྱད་དེ་ཞེ་དྲུག་ཏུ་བཤད་ལ་མིང་གི་རྣམ་གྲངས་ནི་སྔ་མའི་ནང་དུ་འདུས་སོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ལ། ཐོབ་པ། འདུ་ཤེས་མེད་པའི་སྙོམས་འཇུག འགོག་པའི་སྙོམས་འཇུག འདུ་ཤེས་མེད་པ། སྲོག་གི་དབང་པོ། རིས་མཐུན་པ། སྐྱེ་བ། རྒ་བ། ན་བ། མི་རྟག་པ། མིང་གི་ཚོགས། ཚིག་གི་ཚོགས། ཡི་གེའི་ཚོགས། སོ་སོའི་སྐྱེ་བོ། འཇུག་པ། སོ་སོར་ངེས་པ། འབྱོར་འབྲེལ་བ། འཇོག་པ། གོ་རིམས། དུས། ཡུལ། གྲངས། ཚོགས་པ་སྟེ་ཉེར་གཉིས་སོ། །ཐོབ་པ་ལ། རྙེད་ཐོབ། ལྡན་ཐོབ་གཉིས་སོ། །མངོན་པ་འོག་མར་བཅུ་བཞི་བཤད་བའི་མ་ཐོབ་པ་དང་། སྐལ་མཉམ་མ་གཏོགས་རྣམས་སྔ་མར་འདུ་ལ། ཐོབ་པ་ལ། ཆོས་འདས་པའི་ཐོབ་པ་འདས་པ། ད་ལྟ་བ། མ་འོངས་པ་གསུམ་དང་། དེ་བཞིན་དུ་ཆོས་ད་ལྟར་བ་དང་། མ་འོངས་བ་གཉིས་ལའང་གསུམ་རེ་དང་དགེ་སོགས་གསུམ་གྱི་ཐོབ་པ་དགེ་བ་སོགས་གསུམ། ཁམས་གསུམ་དང་ཟག་མེད་ཀྱི་ཐོབ་པ་བཞི། མཐོང་སྤང་། སྒོམ་སྤང་། སྤང་བྱ་མ་ཡིན་པའི་ཐོབ་པ་གསུམ་ཡོད་ཅིང་། ཆོས་དེ་དང་། དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་ཡང་ཡོད་པར་བཤད་ལ། བྱེ་སྨྲས་ལྡན་མིན་བཅུ་བཞི་པོ་རྫས་གྲུབ་ཏུ་འདོད་པར་བཤད་དོ། །
རྣམ་ཤེས་ཀྱི་ཕུང་པོ་ལ། སེམས། ཡིད། རྣམ་ཤེས་གསུམ་མིང་གི་རྣམ་གྲངས་སོ། །སེམས་ཀྱི་གཙོ་བོ་ཀུན་གཞི་ལ། ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ། ཀུན་གཞི་རྣམ་པར་ཤེས་པ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ། ལེན་པའི་རྣམ་པར་ཤེས་པ་རྣམས་དོན་གཅིག་གོ། ། ཡིད་ལ་དོན་དམ་པའི་ཡིད་དང་། གནས་སྐབས་པའི་ཡིད་གཉིས་ལས། སྔ་མ་ནི་ཉོན་ཡིད་དང་། ཕྱི་མ་ནི་འཇུག་ཤེས་དྲུག འགགས་མ་ཐག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ཚོགས་དྲུག་ནི་མིག་གི་རྣམ་པར་ཤེས་པ་སོགས་དྲུག་གོ། །ཁམས་ཀྱི་རྣམ་པར་བཞག་པའི་མིང་གི་རྣམ་གྲངས་ཡང་དེར་འདུའོ། །ཆོས་ཁམས་ཀྱི་འདུས་མ་བྱས་ལ་བརྒྱད་དེ། དགེ་བའི་དེ་བཞིན་ཉིད། མི་དགེ་བའི་དེ་བཞིན་ཉིད། ལུང་མ་བསྟན་གྱི་དེ་བཞིན་ཉིད། ནམ་མཁའ། སོ་སོར་བརྟགས་པའི་འགོག་པ། སོ་སོར་བརྟགས་མིན་གྱི་འགོག་པ། མི་གཡོ་བའི་འགོག་པ། འདུ་ཤེས་དང་ཚོར་བ་འགོག་རྣམས་སོ། །དགེ་བའི་དེ་བཞིན་ཉིད་ལ། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས་སོ། །བདག་མེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། ཡང་དག་པའི་མཐའ་དང་། དོམ་དམ་པ། ཆོས་ཀྱི་དབྱིངས་རྣམས་མིང་གི་རྣམ་གྲངས་སོ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ། མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ། གཉིས་ཀ་ཡིན་པ། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ཡིན་ལ། དེ་ནི་དབང་པོ་གཟུགས་ཅན་གཞན་རྣམས་དང་ཡིད་ལ་ཡང་འདྲའོ། །མིག་གིས་གཟུགས་ལ་བལྟ་བའི་ཚེ་ཡུལ་དབང་རྟེན་གསུམ་ཀ་ས་མཚུངས་པ་དང་། ཡུལ་རྟེན་ས་མཚུངས་ཤིང་དབང་པོ་ས་མི་མཚུངས་པ་དང་། ཡུལ་དབང་ས་མཚུངས་ཤིང་རྟེན་ས་མི་མཚུངས་པ་ཡང་ཡོད། དེ་བཞིན་དུ་རྣ་བ་ལ་ཡང་རིགས་འགྲེའོ། ། འདོད་པའི་ཡིད་ལ་དགེ་སོགས་གསུམ་ལས། དགེ་བ་ལ། སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་སོ། །ཉོན་མོངས་ཅན་གྱི་སེམས་ལ་ཀུན་འགྲོ་དང་། ཀུན་འགྲོ་མ་ཡིན་པ་གཉིས་སོ། །ལུང་མ་བསྟན་ལ་རྣམ་སྨིན་སྐྱེས་དང་། ཐ་མལ་བར་འདུག་པ། མངོན་པར་འདུ་བྱེད་པ་ལས་བྱུང་བའི་སྤྱོད་ལམ་པ། བཟོའི་གནས་པ། སྤྲུལ་སེམས་རྣམས་སོ། ། དེས་ཁམས་གོང་མ་རྣམས་ཀྱི་སེམས་ཀྱི་མིང་གི་རྣམ་གྲངས་ཀྱང་ཅི་རིགས་སུ་ཤེས་པར་བྱའོ། །
ཕུང་བོ་རྣམས་ཀྱི་གོ་རིམས་ནི། གནས་དང་གནས་པའི་རིམ་པ། རྟེན་པ་དང་བརྟེན་པའི་རིམ་པ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྟེན་གྱི་དབང་དུ་བྱས་པའོ། །མངོན་པ་འོག་མར། རགས་ཕྲའི་རིམ་པ། ཀུན་ནས་ཉོན་མོངས་སྐྱེ་བའི་རིམ་པ། ཟས་ལ་ལོངས་སྤྱོད་པའི་རིམ་པ། ཁམས་གསུམ་ན་སྤྱོད་ཚུལ་གྱི་རིམ་པ་རྣམས་ཀྱི་སྒོ་ནས་བཤད་དོ། །ཕུང་པོའི་སྒྲ་དོན་ནི། སྤུངས་པ་དད་ཁུར་དང་སྡོང་པོ་སྟེ་གསུམ་མོ། །སྤུངས་པ་ནི། འདས་པ་སོགས་གསུམ་དང་། ཕྱི་ནང་གཉིས། རགས་ཕྲ་གཉིས། ངན་པ། གྱ་ནོམ་པ། རྒྱང་རིང་བ། ཐག་ཉེ་བ་སྟེ་སྲེད་པའི་དམིགས་པ་བཅུ་གཅིག་གོ། །ཁམས་ཀྱི་དོན་ནི། རིགས། ས་བོན། རྒྱུ། རང་བཞིན། ཆ་ཕྲ་བ། གཞི་སྟེ་དྲུག་གོ། །སྐྱེ་མཆེད་ཀྱི་སྒྲ་དོན་ནི། སྐྱེ་ཞིང་རྒྱས་པར་བྱེད་པའོ། །ཕུང་པོ་ལྔའི་དཔེ་ནི། དབུ་བ་བརྡོས་པ། ཆུ་ཡི་ཆུ་བུར། སྨིག་རྒྱུ། ཆུ་ཤིང་། སྒྱུ་མ་རྣམས་སོ། །ཆོས་གསུམ་གྱི་རྣམ་པའི་རབ་དབྱེ་ལ། རྫས་སུ་ཡོད་པ། བཏགས་པའི་ཡོད་པ། ཀུན་རྫོབ་ཏུ་ཡོད་པ། དོན་དམ་དུ་ཡོད་པ་བཞི། ཤེས་པར་བྱ་བ། རྣམ་པར་ཤེས་པར་བྱ་བ། མངོན་པར་ཤེས་པར་བྱ་བ་གསུམ། ཤེས་པར་བྱ་བ་ལ་གཞན་རྣམས་གོ་སླ་ལ། སྤྱོད་ཡུལ་བཅུ་གསུམ་ནི། མོས་པ་ཤེས་པའི་སྤྱོད་ཡུལ། དེ་བཞིན་དུ་སྦྱར་ཏེ། རིགས་པ། རྣམ་པར་འཕྲོ་བ་མེད་པ། སོ་སོ་རང་གི་ཤེས་པ། གཞན་གྱི་བདག་ཉིད། འོག་མ། གོང་མ། རྣམ་པར་སུན་འབྱིན་པ། ཀུན་ནས་མི་ལྡང་བ། མི་སྐྱེ་བ། ཤེས་པ། མཐར་ཐུག་པ། དོན་ཆེན་པོ་ཤེས་པའི་སྤྱོད་ཡུལ་ཏེ་བཅུ་གསུམ་མོ། ། རྣམ་པར་ཤེས་པར་བྱ་བ་ལ་དགུ། རྣམ་པར་མི་རྟོག་པ། རྣམ་པར་རྟོག་པ། རྒྱུ། འཇུག་པ། རྒྱུ་མཚན། རྒྱུ་མཚན་ལས་བྱུང་བ། མི་མཐུན་པ། གཉེན་པོ། ཕྲ་བའི་རབ་ཏུ་དབྱེ་བའོ། །མངོན་པར་ཤེས་པར་བྱ་བ་ལ། ཀུན་དུ་འགྲོ་བ། རྗེས་སུ་ཐོས་པ། སྤྱོད་པ་ལ་འཇུག་པ། འོང་བ། འགྲོ་བ། མངོན་པར་བྱུང་བ་སྟེ་དྲུག་གོ། ། དེ་ནི་རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གནས་རྗེས་དྲན་དང་། ལྷའི་མིག་དང་། ཟག་པ་ཟད་པའི་མངོན་ཤེས་ཏེ་དྲུག་གི་ཡུལ་ལོ། ། གཟུགས་ཅན་ཡིན་མིན་ལ། གཟུགས་ཀྱི་བདག་ཉིད་དང་། འབྱུང་བ་རྟེན་གྱུར་དང་། དགའ་བ་ཀུན་འབྱུང་བ་དང་། ཕྱོགས་བཅས་དང་། ཁྱབ་པ། ཡུལ་ཉེ་བར་བསྟན་དུ་རུང་བ། ཡུལ་སྤྱོད་ཡུལ་དུ་འགྱུར་བ། གཉིས་སྤྱོད་ཡུལ་དུ་མཚུངས་པ། འབྲེལ་བ། རྗེས་སུ་འབྲེལ་བ། རབ་ཏུ་རྟོག་པ། གནོད་བྱ་ཡིན་པ། གོ་བར་བྱེད་པ། བསགས་པ། ཕྱི་རོལ་དུ་བལྟས་པ། ནང་དུ་བལྟས་པ། ཡུན་རིང་བ། ཡོངས་སུ་ཆད་པ། དེའི་དུས། ངེས་པར་སྟོན་པ་སྟེ་གཟུགས་ཅན་ཉི་ཤུའོ། །གཟུགས་ཅན་མིན་པ་ནི་དེ་ལས་ལྡོག་པའོ། །བསྟན་དུ་ཡོད་པ་བསྟན་དུ་མེད་པ་གཉིས། ཐོགས་པ་དང་བཅས་པ། ཐོགས་པ་མེད་པ་གཉིས་ལས། ཐོགས་བཅས་ནི། རང་བཞིན་ཆ་ཕྲ་བ། བྲི་བ་ཆ་ཕྲ་བ། སེམས་དབང་སྒྱུར་བ་ཆ་ཕྲ་བ་གསུམ་ལས་ལོག་པའི་རིགས་དང་། ཉེ་བར་བསགས་པ་དང་། ཡོངས་སུ་སྦྱང་བ་མ་བྱས་པའི་ཐོགས་བཅས་གསུམ་མོ། །མངོན་པ་འོག་མར། ཡུལ་ལ་ཐོགས་བཅས་དང་། བསྒྲིབས་པའི་ཐོགས་བཅས་ཡིན་མིན་ལ་མུ་བཞི་དང་། ཡུལ་ལ་ཐོགས་པ་དང་དམིགས་པ་ལ་ཐོགས་པ་ཡིན་མིན་ལ་མུ་གསུམ་དུ་བཤད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号