ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཟག་བཅས་ཟག་མེད་ལ། ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བ་ཟག་བཅས་ཏེ། སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པ་དང་འབྲེལ་བ། ཟག་པས་བཅིངས་པ། ཟག་པའི་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་བ་སྟེ་དྲུག་གོ། །འཐབ་བཅས་འཐབ་མེད་གཉིས། ཟང་ཟིང་དང་བཅས་པ། ཟང་ཟིང་མེད་པ་གཉིས། ཞེན་པ་བསྟེན་པ། མངོན་པར་འབྱུང་བ་བསྟེན་པ་གཉིས་རྣམས་ལ་འཐབ་པའི་སྒོ་དྲུག ཟང་ཟིང་གི་སྒོ་དྲུག ཞེན་པའི་སྒོ་དྲུག་རེ་ཡོད་པ་རྣམས་སྔ་མའི་རིགས་བསྒྲེ་སྦྱར་ནས་ཤེས་པར་བྱའོ། །འདུས་བྱས་དང་འདུས་མ་བྱས་གཉིས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པ་ལ་དག་པ་དང་མ་དག་པ་གཉིས། འཇིག་རྟེན་ལས་འདས་པ་ལ། མཉམ་བཞག་དང་རྗེས་ཐོབ་གཉིས། འདི་ནི་ཆོས་ཀྱི་དབང་དུ་བྱས་པ་ཡིན་ལ། གང་ཟག་གི་དབང་དུ་བྱས་ན་སྐྱེ་འཕགས་གཉིས་སོ། །བྱུང་བ་དང་མ་བྱུང་བ་གཉིས་ལས། བྱུང་བ་ལ་དང་པོ་བྱུང་བ། རྒྱུན་གྱིས་བྱུང་བ། རྒྱས་པ་ལས་བྱུང་བ། རྟེན་བྱུང་བ། འགྱུར་བར་བྱུང་བ། ཡོངས་སུ་སྨིན་པར་བྱུང་བ། མཉམ་པར་བྱུང་བ། ཁྱད་པར་དུ་བྱུང་བ། འོད་གསལ་བར་བྱུང་བ་མ་ཡིན་པ། ཀུན་ཏུའགྲོ་བར་བྱུང་བ། ས་བོན་དང་བཅས་པར་བྱུང་བ། ས་བོན་མ་ཡིན་པར་བྱུང་བ། གཟུགས་བརྙན་དང་དབང་འབྱོར་བ་དང་ངེས་པར་བསྟན་པའི་ཕྱིར་བྱུང་བ། གཅིག་ནས་གཅིག་ཏུ་བྱུང་བ། སྐད་ཅིག་ཞིག་ནས་བྱུང་བ། ཕྲད་པ་དང་བྲལ་བར་བྱུང་བ། གནས་སྐབས་གཞན་དུ་བྱུང་བ། འཆི་འཕོ་བ་དང་སྐྱེ་བར་བྱུང་བ། འཇིག་པ་དང་ཆགས་པར་བྱུང་བ། སྔོན་གྱི་དུས་ན་བྱུང་བ། འཆི་བའི་དུས་ན་བྱུང་བ། བར་དུ་བྱུང་བ། ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བ་སྟེ་ཉི་ཤུ་རྩ་བཞིའོ། །མངོན་པ་འོག་མར། རྣམ་སྨིན་སྐྱེས་དང་། རྒྱས་བྱུང་དང་། རྒྱུ་མཐུན་ལས་བྱུང་བ། རྫས་ལྡན་གྱི་ཁྱད་པར། སྐད་ཅིག་མའི་དབྱེ་བ་དང་ལྔའི་སྒོ་ནས་བྱུང་བའི་རྣམ་བཞག་བཤད་དོ། ། འཛིན་པ་དང་གཟུང་བ་གཉིས་ལས། འཛིན་པ་ལ་ཕྲད་ནས་འཛིན་པ་དང་། མ་ཕྲད་པར་འཛིན་པ་གཉིས་དང་། རང་མཚན་འཛིན་པ་དང་། སྤྱི་མཚན་འཛིན་པ་གཉིས་སོ། །ཕྱི་བལྟས་ནང་བལྟས་གཉིས་ལ་དབྱེ་བ་མེད་དེ། ཉོན་མོངས་ཅན་ཡིན་མིན་གཉིས་ལས། ཉོན་མོངས་ཅན་ལ། མི་དགེ་བ་དང་། བསྒྲིབས་ལུང་མ་བསྟན་གཉིས་སོ། ། ཉོན་མོངས་ཅན་མ་ཡིན་པ་ལ། དགེ་བ་དང་། མ་བསྒྲིབས་ལུང་མ་བསྟན་གཉིས་སོ། །དུས་གསུམ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ། །དགེ་སོགས་གསུམ་ལས། དགེ་བ་ལ། ངོ་བོ་ཉིད་ཀྱི་དགེ་བ། དེ་བཞིན་དུ་སྦྱར་ཏེ། འབྲེལ་བ། རྗེས་སུ་འབྲེལ་པ། སློང་བ། དོན་དམ་པ། སྐྱེ་བས་ཐོབ་པ། སྦྱོར་བ། མདུན་དུ་བྱས་པ། ཕན་འདོགས་པ། ཡོངས་སུ་འཛིན་པ། གཉེན་པོ། ཉེ་བར་ཞི་བ། རྒྱུ་མཐུན་པས་དགེ་བ་སྟེ་བཅུ་གཉིས་སོ། །དེའི་ནང་གི་གཉེན་པོ་ལ། རྣམ་པར་སུན་འབྱིན་པའི་གཉེན་པོ། སྤོང་གཉེན། གཞི་གཉེན། ཐག་བསྲིང་བ་གཉེན་པོ། རྣམ་པར་གནོན་པ་གཉེན་པོ། བྲལ་བ་གཉེན་པོ། ཉོན་སྒྲིབ་ཀྱི་གཉེན་པོ། ཤེས་སྒྲིབ་ཀྱི་གཉེན་པོ་སྟེ་བརྒྱད་དོ། །དེས་མི་དགེ་བ་དང་ལུང་མ་བསྟན་གྱི་མིང་གི་རྣམ་གྲངས་ཡང་ཤེས་སླའོ། །འདོད་པ་དང་ལྡན་པ། གཟུགས་དང་ལྡན་པ། གཟུགས་མེད་པ་དང་ལྡན་པ་གསུམ་གྱི་དབྱེ་བ་ནི་སླའོ། །
ཞར་བྱུང་ཆགས་བྲལ་ལ། ཕྱོགས་གཅིག་ལ་ཆགས་པ་དང་བྲལ་བ། མཐའ་དག་ལས་ཆགས་པ་དང་བྲལ་བ། རྟོག་པས་ཆགས་བྲལ། གནོན་པའི་ཆགས་བྲལ། ལེགས་པར་སྟོན་པའི་ཆགས་བྲལ་ཏེ་ལྔ་དང་། ཡང་ཆགས་བྲལ་བཅུར་དབྱེ་བ་ཡང་ཡོད་དེ་གོ་སླའོ། །སློབ་པ། མི་སློབ་པ། གཉིས་ཀ་མ་ཡིན་པའི་ཆོས། མཐོང་སྤང་། སྒོམ་སྤང་སྤང་བྱ་མ་ཡིན་པ་རྣམས་ཀྱི་མིང་གི་རྣམ་གྲངས་ཡང་གོང་འོག་ཏུ་ཅི་རིགས་པར་འབྱུང་བའི་ཕྱིར་འདིར་མ་བྲིས་སོ། ། རྟེན་འབྲེལ་གྱི་རྣམ་བཞག་ནི། མདོ་སྔགས་དང་གྲུབ་མཐའ་སྤྱི་ལ་མཁོ་བས་མངོན་པ་གོང་འོག་དང་གཞུང་གཞན་ལས་འབྱུང་བའི་མེད་མི་རུང་གི་མིང་གི་རྣམ་གྲངས་མདོར་བསྡུས་ཏེ་འབྲི་བར་བྱའོ། །དེ་ལ་བརྟེན་པ་དང་། འཕྲད་པ་དང་ལྟོས་པ་གསུམ་སྐབས་འདིར་དོན་གཅིག་ལ། རྟེན་འབྲེལ་གྱི་མིང་གི་རྣམ་གྲངས་ལ་རྟེན་འབྲེལ། བརྟེན་ནས་འབྱུང་བ། བརྟེན་ནས་སྐྱེས་པ། རྐྱེན་ལས་སྐྱེས་པ། རྟེན་ནས་གྲུབ་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་རྣམས་འབྱུང་ཞིང་། ལྟོས་ནས་གྲུབ་པ། བརྟེན་ནས་བཏགས་པ། རྐྱེན་ཉིད་འདི་པ་ཙམ། བཏགས་པ་ཙམ་ཞེས་ཀྱང་གྲུབ་མཐའ་གོང་མ་རྣམས་ཀྱི་སྐབས་སུ་འབྱུང་ངོ་། །དབྱེ་ན། ཕྱི་དང་ནང་གི་རྟེན་འབྲེལ་གཉིས། གཟུགས། ཤེས་པ། ལྡན་མིན་འདུ་བྱེད་ཀྱི་རྟེན་འབྲེལ་གསུམ། སེམས་ཅན་དུ་སྟོན་པ་དང་མི་སྟོན་པའི་རྟེན་འབྲེལ་གཉིས། སྐད་ཅིག་མ། རྒྱུན་ཆགས་པ། འབྲེལ་བ་ཅན། གནས་སྐབས་པའི་རྟེན་འབྲེལ་ཏེ་བཞི། སྣོད་དང་བཅུད་ཀྱི་རྟེན་འབྲེལ་གཉིས་རྣམས་སུ་ཡོད་ལ། དབུ་མ་པའི་ལུགས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་གཉིས་ཀྱང་འདོད་དོ། །སྐབས་འདིར་རྐྱེན་གསུམ་ལས་བྱུང་བ་རྟེན་འབྲེལ་གྱི་དོན་ཏེ། རྐྱེན་གསུམ་ནི། གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཏེ་གསུམ་མོ། །ཡན་ལག་བཅུ་གཉིས་ནི།
དང་པོ་མ་རིག་པ་ལ་སྔོན་གྱི་མཐའ་ལ་རྨོངས་པ། དེ་བཞིན་དུ་སྦྱར་ཏེ། ཕྱི་མའི་མཐའ། གཉིས་ཀ ནང་། ཕྱི། དེ་གཉིས་ཀ ལས། རྣམ་པར་སྨིན་པ། དེ་གཉིས་ཀ སངས་རྒྱས། ཆོས། དགེ་འདུན། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ། རྒྱུ། རྒྱུ་ལས་བྱུང་བ། རེག་པའི་སྐྱེ་མཆེད་ལ་རྨོངས་པ་སྟེ་བཅུ་དགུ་དང་། དེ་རེ་རེ་ལ་ཡང་ཡུལ་ལ་རྨོངས་ཙམ་དང་། ཐེ་ཚོམ་དང་། ལོག་པར་རྟོག་པའི་རྣམ་པ་ཅན་གསུམ་གསུམ་སྟེ་ང་བདུན། དེ་རེ་རེ་ལ་ཆེ་འབྲིང་ཆུང་གསུམ་རེ་སྟེ་བརྒྱ་དང་དོན་གཅིག་ཡོད་དོ། ། ཡང་དུས། དངོས་པོ། འཕོ་བ། མཆོག དེ་ཁོ་ན་ཉིད། ཀུན་བྱང་། མངོན་པའི་ང་རྒྱལ་ལ་རྨོངས་པ་བདུན་དུ་ཡང་བཤད་དོ། ། ཡང་ཉོན་མོངས་ཅན་ཡིན་མིན་གཉིས་དང་། ཉོན་སྒྲིབ་ཏུ་གྱུར་པ། ཤེས་སྒྲིབ་ཏུ་གྱུར་པ་གཉིས་དང་། གང་ཟག་གི་བདག་འཛིན། ཆོས་ཀྱི་བདག་འཛིན་གཉིས་དང་། ལས་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས་རྣམས་སོ། ། ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པ་དང་ཐོག་མའི་མ་རིག་པ་གཉིས་དོན་མི་གཅིག རྒྱུའི་ཀུན་སློང་དུ་གྱུར་པ་དང་། དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་གཉིས། ལྡན་པའི་མ་རིག་པ། འབའ་ཞིག་པའི་མ་རིག་བ་གཉིས་ཀྱང་ཡོད་ལ། དེ་གཉིས་ལ་འདྲེས་པ་དང་། མ་འདྲེས་པའི་མ་རིག་པ་ཞེས་ཀྱང་ཟེར་རོ། །འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། འཕེན་བྱེད་ཀྱི་རྒྱུའི་མ་རིག་པ་གཉིས་ལ་སྔ་མ་ཡིན་ལ་ཕྱི་མ་མ་ཡིན་པ་དང་། ཕྱི་མ་ཡིན་ལ་སྔ་མ་མ་ཡིན་པ་དང་། གཉིས་ཀ་ཡིན་པ། གཉིས་ཀ་མ་ཡིན་པ་སྟེ་མུ་བཞིར་བཤད་པའང་ཡོད་དོ། ། མ་རིག་པ་དང་འཇིག་ལྟ་གཉིས་གཅིག་ཏུ་འདོད་པ་དང་། ཐ་དད་དུ་འདོད་པའི་ལུགས་གཉིས་སོ། །
གཉིས་པ་འདུ་བྱེད་ལ། དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་ལས་གསུམ་སྟེ། དང་པོ་གཉིས་ལ། བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་ཞེས་ཀྱང་ཟེར་རོ། ། འདི་རྒྱས་པར་འོག་ཏུ་འབྱུང་ངོ་། །
གསུམ་པ་རྣམ་ཤེས་ལ། རྒྱུ་དུས་ཀྱི་རྣམ་ཤེས། འབྲས་དུས་ཀྱི་རྣམ་ཤེས་གཉིས་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་དང་། ཕྱི་མ་ལ་བསྒྲིབས་ལུང་མ་བསྟན་དང་། མ་བསྒྲིབས་ལུང་མ་བསྟན་གཉིས། ཡང་རྣམ་ཤེས་ཚོགས་དྲུག་དང་། ཀུན་བཏུས་ལྟར་ན་ཚོགས་བརྒྱད་ཀྱང་ཡོད་ལ། དེ་དག་ནི་རྣམ་ཤེས་དང་ཡན་ལག་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་གཉིས་མ་ཕྱེད་པའི་དབང་དུ་བྱས་པ་ཡིན་པས། གོང་འོག་གི་ཡན་ལག་གཞན་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །
བཞི་པ་མིང་གཟུགས་ལ། མིང་དང་། གཟུགས་གཉིས། མིང་ལ་ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་སྟེ་ཕུང་པོ་བཞིའོ། །གཟུགས་ལ། གཟུགས་ཀྱི་ས་བོན་ཙམ་དང་། ནུར་ནུར་པོ། ནར་ནར་པོ། ལྟར་ལྟར་པོ། འཁྲང་འགྱུར་བ། རྐང་ལག་འགྱུས་པ་སྟེ་ལྔ་ཡོད། ནུར་ནུར་པོ་སོགས་ལ་མིང་འདོགས་མི་འདྲ་བ་མང་ངོ་། །
ལྔ་པ་སྐྱེ་མཆེད་དྲུག་ནི། ནང་གི་སྐྱེ་མཆེད་དྲུག་སྟེ་གོང་དུ་བཤད་ཟིན་ཏོ། ། དྲུག་པ་རེག་པ་ནི། སྤྱིར་རེག་པ་ལ་སེམས་བྱུང་རེག་པ་དང་། རེག་བྱ་དང་། རྣམ་ཤེས་དྲུག་ཡུལ་དང་ཕྲད་པའི་ཆ་ལ་རེག་པར་བརྗོད་པ་སྟེ་གསུམ་ཡོད། ཡང་ཐོགས་པའི་རེག་པ། ཚིགས་བླ་དགས་ཀྱི་རེག་པ་གཉིས། རིག་པའི་རེག་པ། མ་རིག་པའི་རེག་པ། དེ་གཉིས་ལས་གཞན་པའི་རེག་པ། དྲི་མེད་ཀྱི་རེག་པ། ཉོན་མོངས་ཅན་གྱི་རེག་པ་གཉིས། ཕྱི་མ་ལ་མ་རིག་པའི་རེག་པ། གནོད་སེམས་ཀྱི་རེག་པ། རྗེས་སུ་ཆགས་པའི་རེག་པ་གསུམ། བདེ་བ་མྱོང་འགྱུར་གྱི་རེག་པ། སྡུག་བསྔལ་མྱོང་འགྱུར་གྱི་རེག་པ། བཏང་སྙོམས་མྱོང་འགྱུར་གྱི་རེག་པ་སྟེ་གསུམ་ཡོད་ལ། རེག་པ་དྲུག་ནི་སྔར་བཤད་ཟིན་ཏོ། །
བདུན་པ་ཚོར་བ་ལ། བདེ་སྡུག་བཏང་སྙོམས་གསུམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་དྲུག ཡོད་ཚོར་ལ་ཉེ་བར་རྒྱུ་བ་བཅོ་བརྒྱད་དེ་ཟག་བཅས་ཀྱི་ཚོར་བའོ། ། གོང་གི་ནུར་ནུར་པོ་སོགས་ནི་གཟུགས་ཀྱི་ངོ་བོ་ཡིན་ལ། སྐྱེ་མཆེད་དྲུག་ནི་གཟུགས་ཀྱི་ཁྱད་པར་ཏེ། དེ་གཉིས་ནི་ལོངས་སྤྱོད་པ་པོ་དང་། རེག་པ་ཡུལ་གྱི་ལོངས་སྤྱོད་དང་། ཚོར་བ་རྣམ་སྨིན་གྱི་ལོངས་སྤྱོད་དོ། །
བརྒྱད་པ་སྲེད་པ་ལ། འདོད་པའི་སྲེད་པ། གཟུགས་ཀྱི་སྲེད་པ། གཟུགས་མེད་པའི་སྲེད་པ་གསུམ། ཡང་འདོད་སྲེད། འཇིག་སྲེད། སྲིད་སྲེད་གསུམ་ཡོད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号