ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
     བསྐལ་པ་ལ་བར་བསྐལ།   འཇིག་བསྐལ།   སྟོང་བསྐལ། ཆགས་བསྐལ། གནས་བསྐལ།བསྐལ་པ་ཆེན་པོ་རྣམས་སུ་ཡོད་དོ།  ། གཟུགས་དང་དུས་ཀྱི་ཚད་གཞལ་བར་བྱེད་པའི་གྲངས་ཀྱི་གནས་ལ་ལུགས་མི་འདྲ་བ་ལྔ་ཙམ་ཡོད་ཀྱང༌། མངོན་པའི་ལུགས་ནི།   གཅིག བཅུ།   བརྒྱ། སྟོང་ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་ཏེ་དགུ་ནི་རྐྱང་པ་དང༌།ཐེར་འབུམ། ཁྲག་ཁྲིག   རབ་བཀྲམ། གཏམས། དཀྲིགས། མི་འཁྲུགས། ཁྱད་འབྱིན།   པང་སྟེང༌།དེད་འདྲེན། མཐའ་སྣང༌། རྒྱུ་རིགས། འོད་མཛེས། དབང་པོ། ལེགས་ཕྱིན། རྟོགས་འགྲོ། འབྱིད་རྡུལ།རྒྱ་རྟགས། སྟོབས་འཁོར། བརྡའ་ཤེས། རྣམ་བྱུང༌། སྟོབས་མིག བྱམས་པ། སྙིང་རྗེ། འགའ་བ།   བཏང་སྙོམས་རྣམས་ཆེན་པོའི་ཟླ་དང་བཅས་ལ།གྲངས་མེད།ཚད་མེད། དཔག་མེད།   བརྗོད་མེད།   དཔག་ཡས།གཞལ་མེད།གཞལ་གྱིས་མི་ལང༌།བསམ་གྱིས་མི་ཁྱབ་པ་རྣམས་གོང་ནས་གོང་དུ་བཅུ་བཅུར་བསྒྲེའོ།འདི་ལ་མངོན་པ་མཛོད་ཀྱི་འགྲེལ་པར་སྟོབས་མིག་ཆེན་པོ་དང་གྲངས་མེད་ཀྱི་བར་དུ་གནས་བརྒྱད་མ་རྙེད་པར་གསུངས་པས། དེའི་ཚབ་ཏུ་ཚད་མེད་བཞི་ཆེན་པོ་རེ་དང་བཅས་བསྣན་ནས་འདྲེན་པ་ནི་བླ་མ་གོང་མའི་ཕྱག་ལེན་ཡིན་ནོ།   །དེ་ལྟར་ན་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཆེན་པོ་གསུམ། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས་བདུན།   རབ་བཀྲམ་ཆེན་པོ་བདུན།   ཁྲག་ཁྲིག་ཆེན་པོ་དྲུག   ཁྲག་ཁྲིག་གཉིས།   ཐེར་འབུམ་ཆེན་པོ་བཞི་རྣམས་སུ་ཡོད་ལ།དེ་ལྟ་བུའི་བར་བསྐལ་ཉི་ཤུ་ནི་ཆགས་པའི་བསྐལ་པ།ཉི་ཤུ་གནས་བསྐལ།ཉི་ཤུ་འཇིག་བསྐལ།ཉི་ཤུ་སྟོང་བསྐལ་ཏེ་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་འཇོག་གོ།།
གནས་བསྐལ་ལ་ཡ་ཐོག་རིང་མོ།   བར་གྱི་ཁུག་པ་བཅོ་བརྒྱད། མ་ཐོག་རིང་མོ་སྟེ་ཉི་ཤུར་བཤད་དོ།།མཁས་པ་ཁ་ཅིག་བར་བསྐལ་གཅིག་ལ་མི་ལོ་དཀྲིགས་ཕྲག་དགུར་བཤད་པའང་ཡོད་དོ།   །དེ་ལྟ་བུའི་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་འཐོབ་བོ།   །བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱས་པ་ལས་རང་སངས་རྒྱས་འཐོབ་བོ།   །མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་བསྒྱུར་བ་འབྱུང་ངོ༌།    །དེ་ལ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་བ་བཞིའོ། །དེས་ནི་རིམ་པ་བཞིན་དུ་གླིང་བཞི་དང༌།གསུམ་དང༌།གཉིས་དང༌། གཅིག་ལ་དབང་བསྒྱུར་པར་བྱེད་དོ།   །དབང་བྱེད་ཚུལ་ནི།ཕས་ནས་བསུ་བ་དང༌།རང་ཉིད་འགྲོ་བ་དང༌། གཡུལ་བཤམས་པ་ཙམ་དང༌།   མཚོན་བརྩམས་པ་ཙམ་གྱིས་དབང་དུ་བྱེད་དོ།   །དེའི་རིན་པོ་ཆེ་སྣ་བདུན་ནི།  འཁོར་ལོ། གླང་པོ། རྟ།   བུད་མེད།   ནོར་བུ།ཁྱིམ་བདག བློན་པོ་རིན་པོ་ཆེ་དང་བདུན་ནོ།   །ཉེ་བའི་རིན་པོ་ཆེ་བདུན་ནི།   རལ་གྲི། པགས་པ།   ཁང་པ།   གོས། ནགས་ཚལ།   མལ་ཆ། ལྷམ་རིན་པོ་ཆེ་སྟེ་བདུན་ནོ། །འཇིག་བསྐལ་གྱི་རྒྱུ་ལ། མུ་གེ་དང༌། ནད་དང༌།   མཚོན་གྱི་བསྐལ་པ་བར་མ་གསུམ་དང༌།   མེ་ཆུ་རླུང་གསུམ་གྱིས་འཇིག་པ་རྣམས་སུ་ཡོད་དོ།།དེ་དག་ནི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཞག་པའི་མིང་གི་རྣམ་གྲངས་སློབ་དཔོན་སྐུ་མཆེད་གྱི་གཞུང་ལས་བྱུང་བ་རྣམས་ཕན་ཚུན་བསྲེས་ཏེ་བྲིས་པ་ཡིན་ལ། མངོན་པ་གོང་གཉིས་བཞེད་པ་ཅུང་ཟད་ཅུང་ཟད་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་ནི་མིང་ཙམ་བསྡུ་བར་འདོད་པས་གཉི་ཀ་ལས་འབྱུང་བའི་མིང་ཕྱོགས་གཅིག་ཏུ་བསྡུས་པ་ལ་སྐྱོན་དུ་མ་འཛིན་ཤིག ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ལྟ་བུ་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ནོ། །སྡུག་བསྔལ་གྱི་མཚན་ཉིད་ནི་སྡུག་བསྔལ་བརྒྱད་དུ་དབྱེ་བ་ལ།
དང་པོ་སྐྱེ་བའི་སྡུག་བསྔལ་ལ། སྡུག་བསྔལ་དང་ལྡན་པས་སྡུག་བསྔལ་བ། དེ་བཞིན་དུ་སྦྱར་ཏེ། གནས་ངན་ལེན་དང་ལྡན་པ། སྡུག་བསྔལ་གྱི་གནས་སུ་གྱུར་པ། ཉོན་མོངས་ཀྱི་གནས་སུ་གྱུར་པ། མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་བ་སྟེ་ལྔའོ། །གཉིས་པ་རྒ་བ་ལ། ལང་ཚོ། མཐུ་སྟོབས། དབང་པོ། ཡུལ་ལ་ལོངས་སྤྱོད་པ་ཚེ་ཡོངས་སུ་ཉམས་པས་སྡུག་བསྔལ་བ་སྟེ་ལྔའོ། །གསུམ་པ་ན་བ་ལ། ལུས་ཀྱི་རིང་བཞིན་འགྱུར་བ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་ཞིང་དེ་ལ་གནས་པ། ཡིད་དུ་འོང་བའི་ཡུལ་སྤྱད་དུ་མེད་པ། ཡིད་དུ་མི་འོང་བ་ནན་གྱིས་སྤྱད་དགོས་པ། སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བ་སྟེ་ལྔའོ། །བཞི་པ་འཆི་བ་ལ། ལོངས་སྤྱོད་སྡུག་པ་དང་འབྲལ་བ། འཁོར་སྡུག་པ་དང་འབྲལ་བ། ལུས་སྡུག་པ་དང་འབྲལ་བ། འཆི་བའི་སྡུག་བསྔལ་དང་། ཡིད་མི་བདེ་དྲག་པོ་མྱོང་བ་སྟེ་ལྔའོ། །ལྔ་བ་མི་སྡུག་པ་དང་ཕྲད་པ་ལ། ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ། ཆད་པས་འཇིགས་པ། གཏམ་ངན་གྱིས་འཇིགས་པ། ཉམ་ང་བཞིན་དུ་འཆི་བས་འཇིགས་པ། ངན་འགྲོར་སོང་དོགས་ནས་འཇིགས་པ་སྟེ་ལྔའོ། །དྲུག་པ་སྡུག་པ་དང་བྲལ་པ་ལ། སེམས་ལ་མྱ་ངན་སྐྱེ་བ། ངག་གི་སྨྲེ་སྔགས་འདོན་པ། ལུས་ལ་གནོད་པ་སྐྱེད་པ། འདོད་པས་ཡིད་གདུང་བ། ལོངས་སྤྱོད་མ་ཚང་བ་སྟེ་ལྔའོ། །བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པ་ལ་ལྔ་སྟེ་ལྔ་མ་དང་འདྲའོ། །བརྒྱད་པ་ཉེ་བར་ལེན་པའི་ཕུང་པོའི་སྡུག་བསྔལ་ལ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད། འགྱུར་བའི་སྡུག་བསྔལ་གྱི་སྣོད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྟེ་ལྔའོ། །སྡུག་བསྔལ་གསུམ་ཡང་དེར་འདུའོ། །སྡུག་བསྔལ་གཉིས་ནི། ཀུན་རྫོབ་པའི་བདེན་པར་སྡུག་བསྔལ་བ། དོན་དམ་པའི་བདེན་པར་སྡུག་བསྔལ་བ་སྟེ་གཉིས་སོ། །སྡུག་བསྔལ་སྤྱིའི་མཚན་ཉིད་ལ་མི་རྟག་པ། སྡུག་བསྔལ་བ། སྟོད་པ། བདག་མེད་བཞིའོ། །མི་རྟག་པ་ལ། མེད་པའི་མཚན་ཉིད། དེ་བཞིན་དུ་སྦྱར་ཏེ། རྣམ་པར་འཇིག་པ། འགྱུར་བ། འབྲལ་བ། ཉེ་བ། ཆོས་ཉིད། སྐད་ཅིག་མ། རྒྱུན། ནད་ལ་སོགས་པ། རྣམ་པ་སྣ་ཚོགས་ཀྱི་སེམས་འབྱུང་བ། ལོངས་སྤྱོད་རྒུད་པ། སྣོད་ཆགས་འཇིག་གི་མཚན་ཉིད་དེ་བཅུ་གཉིས་སོ། །སེམས་ཅན་འཆི་འཕོ་བའི་རྒྱུ་ལ། ཚེ་ཟད་པ། བསོད་ནམས་ཟད་པ། ལས་ཟད་པ་སྟ་གསུམ་མོ། །ཡང་སྡུག་བསྔལ་གྱི་དབྱེ་བ་ལ། སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ། བསྲབས་པ། གཉི་ཀ་ཡིན་པ། བར་མ་མ་བསྲབས་པ། སྲབ་ལ་མ་བསྲབས་པ། ཆེས་སྲབ་ལ་བསྲབས་པ། ཤིན་ཏུ་བསྲབས་ལ་སྲབ་པ། བསྲབས་པ་ཆེན་པོས་ཉེ་བར་གནས་པ་སྟེ་བརྒྱད་དོ། །སྡུག་བསྔལ་མངོན་པར་འགྲུབ་པའི་རིམ་པ་ལ།
འཆི་སེམས་གསུམ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་པའི་སེམས་དང་ལྡན་པས་འཆི་བའོ༑ ༑འཆི་བའི་ཚེ་ལུས་ཀྱི་བྱེ་བྲག་ལ། དགེ་བ་བྱེད་པ་ནི་ཐོག་མར་སྨད་ནས་དྲོད་སྡུད་པ་དང་། མི་དགེ་བྱེད་པ་ནིཐོག་མར་སྟོད་ནས་དྲོད་སྡུད་པའོ། །འདོད་ལྷའི་འཆི་ལྟས་ལྔ་ནི། གོས་ལ་དྲི་མ་ཆགས་པ། མེ་ཏོག་གི་ཕྲེང་བ་རྙིང་པ། མཆན་ཁུང་དུ་རྔུལ་འབྱུང་བ། ལུས་ལ་དྲི་ང་བ། སྟན་ལ་མི་དགའ་བའོ༑ ༑མ་ངེས་པའི་ལྟས་ལྔ་ནི། གོས་རྒྱན་ལས་སྒྲ་མི་སྙན་པ་འབྱུང་བ། ལུས་ཀྱི་འོད་ཆུང་བ། ལུས་ལ་ཁྲུས་ཆུ་ཆགས་པ། ཡུལ་གཅིག་ལ་ཆགས་པ། མིག་གི་རྫི་མ་འཁྲབ་པ་སྟེ་ལྔའོ། །བར་སྲིད་འགྲུབ་ཚུལ་ལ། ཡིད་ལས་བྱུང་བ། དྲི་ཟ། སྲིད་འཆོལ། སྲིད་པ་བར་མ། མངོན་པར་འགྲུབ་པའི་སྲིད་པ་རྣམས་ནི་བར་དོའི་མིང་གི་རྣམ་གྲངས་སོ། །དམྱལ་བའི་བར་དོའི་ཁ་དོག་ནི། སྡོང་དུམ་ཚིག་པ་ལྟ་བུ། དུད་འགྲོའི་དུ་བ་ལྟ་བུ། ཡི་དྭགས་ཀྱི་ཆུ་ལྟ་བུ། འདོད་པའི་ལྷ་མིའི་གསེར་ལྟ་བུ། གཟུགས་ཁམས་པའི་དཀར་པོའོ། །ཚེ་ཚད་ནི་ཞག་བདུན་ནོ། །དེ་ལྟར་ཐོགས་ན་བདུན་བདུན་བཞི་བཅུ་ཞེ་དགུའོ། །དབྱིབས་ནི་སྔོན་དུས་ཀྱི་སྲིད་པའི་ཤ་ཚུགས་ཅན་ནོ། ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་ཀུན་ཚང་བ། གང་ལའང་ཐོགས་པ་མེད་པ། རིས་མཐུན་དང་ལྷའི་མིག་དག་པས་མཐོང་བ་སྟེ་ཁྱད་པར་བཞི་ལྡན་ནོ། །འགྲོ་ཚུལ་ནི། ལྷའི་བར་དོ་གྱེན། མིའི་བར་དོ་ཐད་ཀ ངན་འགྲོའི་སྤྱིའུ་ཚུགས་སུ་འགྲོའོ། །གཉིས་པ་ཀུན་འབྱུང་བདེན་པ་ལ། ཉོན་མོངས་པ་དང་། ལས་གཉིས་ལས། ཉོན་མོངས་པའི་ཀུན་འབྱུང་ལ་མདོ་ལས། སྲེད་པ་གཙོ་བོར་བཤད་པ་ནི། དངོས་པོ་ཐམས་ཅད་དུ་འགྲོ་བ་སྟེ་དྲུག་ལ་དགོངས་པའོ། །གཞུང་འདིར་ཆོས་བཅུའི་སྒོ་ནས་ཉོན་མོངས་རྒྱས་པར་བཤད་དེ། གྲངས། མཚན་ཉིད། འབྱུང་བ། དམིགས་པ་མཚུངས་པར་ལྡན་པ། རྣམ་གྲངས། ལྡོག་པར་ཞུགས་པ། ཁམས། རིས། སྤོང་བྱེད་གཉེན་པོ་སྟེ་བཅུའོ། །གྲངས་ལ་རྩ་བའི་ཉོན་མོངས་པ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བའོ། ། ལྟ་བ་ལ་དབྱེ་བ་ན། འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག འཛིན༑ ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྔའོ། །མཚན་ཉིད་ནི། སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བས་རབ་ཏུ་ཕྱེ་བའོ། །འབྱུང་བའི་རྒྱུ་ནི། བག་ལ་ཉལ། དམིགས་པ། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་དེ་གསུམ་མོ། །དམིགས་པ་ནི། ཉོན་མོངས་དང་། ཉོན་མོངས་འབྱུང་བའི་གཞི་དང་། མེད་པའི་དོན་ཏེ་གསུམ་མོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号