ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
བསམ་གཏན་ས་དྲུག་ནི།དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་བ་དང༌།   ཁྱད་པར་ཅན་གཉིས།ཕྱི་མ་གསུམ་གྱི་དངོས་གཞི་གསུམ་མོ།།བསམ་གཏན་དང་པོའི་དངོས་གཞི་ལ།ཉོན་མོངས་ཅན།དག་པ་བ།ཟག་མེད་གསུམ།འདི་ཕྱི་མ་གསུམ་ལའང་རིགས་འགྲེ། བསམ་གཏན་དག་པ་བ་ལ་དབྱེ་ན།ཉམས་པ་ཆ་མཐུན།གནས་པ་ཆ་མཐུན།ཁྱད་པར་ཆ་མཐུན།   ངེས་འབྱེད་ཆ་མཐུན་ཏེ་བཞིའོ།།ཉོན་མོངས་ཅན་གྱི་བསམ་གཟུགས་བཞི་ནི།སྲེད་པ།ལྟ་བ།ང་རྒྱལ།མ་རིག་པ་བཞི་ཤས་ཆེ་བས་ཕྱེ་བའོ།།དག་པའི་བསམ་གཏན་གཟུགས་བཞི་ནི། རང་སའི་ཀུན་དཀྲིས་དང་བྲལ་བའི་ཆགས་བྲལ་གྱི་སེམས་རྩེ་གཅིག་པའོ།།ཟག་མེད་ནི།བདག་མེད་པའི་རྣམ་པ་ཅན་ནོ།།བསམ་གཏན་དང་པོའི་ཡན་ལག་ལྔ་ནི།རྟོག་པ།དཔྱོད་པ།དགའ་བ། བདེ་བ།སེམས་རྩེ་གཅིག་པ་སྟེ་ལྔའོ།།གཉིས་པ་ལ།རབ་ཏུ་དང་བ།དགའ་བ།ཏིང་ངེ་འཛིན་ཏེ་བཞིའོ།།གསུམ་པ་ལ།བཏང་སྙོམས།དྲན་པ།ཤེས་བཞིན།བདེ་བ།ཏིང་ངེ་འཛིན་ཏེ་ལྔའོ། །བཞི་པ་ལ།དྲན་པ།བཏང་སྙོམས།བདེ་མིན་སྡུག་མིན་གྱི་ཚོར་བ།བདེ་བ།ཏིང་ངེ་འཛིན་ཏེ་བཞིའོ།། བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་ནི།གཡོ་བྱེད་ཀྱི་སྐྱོན་བརྒྱད་དང་བྲལ་བ་སྟེ།སྐྱོན་བརྒྱད་ནི།རྟོག་པ།དཔྱོད་པ།བདེ་བ།སྡུག་བསྔལ།ཡིད་བདེ།ཡིད་མི་བདེ། དབུགས་རྔུབ་པ།དབུགས་དབྱུང་བ་སྟེ་བརྒྱད་དོ།།ཡན་ལག་བཅོ་བརྒྱད་པོ་བསྡུ་ན།གཉེན་པོའི་ཡན་ལགཕན་ཡོན་གྱི་ཡན་ལགགནས་ཀྱི་ཡན་ལག་སྟེ་གསུམ་མོ།།གཟུགས་མེད་ཀྱི་སྙོམས་འཇུག་ལ་ཡན་ལག་མི་འདྲ་བའི་ཁྱད་པར་མེད་དོ།།ལས་དང་པོ་པའི་ཡིད་བྱེད་ལ།ཡིད་ལ་བྱེད་པའི་ལས་དང་པོ་པའི་ཡིད་བྱེད།ལས་དང་པོ་པ་ཙམ་གྱི་ཡིད་བྱེད།ཉོན་མོངས་རྣམ་པར་སྦྱོང་བའི་ལས་དང་པོ་པའི་ཡིད་བྱེད་གསུམ་མོ།།ཡིད་ལ་བྱེད་པ་བདུན་ནི།མཚན་ཉིད་སོ་སོར་རབ་ཏུ་རིག་པོའི་ཡིད་ལ་བྱེད་པ།མོས་པ་ལས་བྱུང་བ། རབ་ཏུ་དབེན་པ།དགའ་བ་སྡུད་པ།དཔྱོད་པ།སྦྱོར་བའི་མཐའ།སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ།།དང་པོ་དྲུག་བསྡུ་ན།རྗེས་མཐུན་གྱི་ཡིད་བྱེད།གཉེན་པོ་ཡིད་བྱེད།དང་བར་འགྱུར་བའི་ཡིད་བྱེད།སོ་སོར་རྟོགས་པའི་ཡིད་བྱེད་བཞིར་འདུའོ།།སྙོམས་འཇུག་བསྒོམ་པ་ལ།ཡོན་ཏན་འཐོབ་པའི་ཕྱིར་བསྒོམ་པ།བསྟེན་པའི་ཕྱིར་བསྒོམ་པ།བསལ་བའི་ཕྱིར་བསྒོམ་པ།གཉེན་པོ་བསྒོམ་པ་སྟེ་བཞིའོ།།ཞི་གནས་ཀྱི་དམིགས་པ་ལ་ཁྱབ་པའི་དམིགས་པ།སྤྱད་པ་རྣམ་སྦྱོང་གི་དམིགས་པ།མཁས་པའི་དམིགས་པ།ཉོན་མོངས་རྣམ་སྦྱོང་གི་དམིགས་པ་སྟེ་བཞིའོ།།ཁྱབ་པའི་དམིགས་པ་ལ།རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན།རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ།དགོས་པ་ཡོངས་སུ་གྲུབ་པ་སྟེ་བཞི།སྤྱད་པ་རྣམ་སྦྱོང་གི་དམིགས་པ་ལ།མི་སྡུག་པ།བྱམས་པ།རྟེན་འབྲེལ།ཁམས་ཀྱི་རབ་དབྱེ།དབུགས་འབྱུང་རྔུབ་བསྒོམ་པ་སྟེ་ལྔ།མཁས་པའི་དམིགས་པ་ལ།ཕུང་པོ།ཁམས།སྐྱེ་མཆེད།རྟེན་འབྲེལ།གནས་དང་གནས་མིན་ལ་མཁས་པ་ལྔ།ཉོན་མོངས་རྣམ་སྦྱོང་གི་དམིགས་པ་ལ།ཞི་རགས་ཀྱི་རྣམ་པ་ཅན་དང༌།མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣམ་པ་ཅན་གཉིས།ཏིང་ངེ་འཛིན་གྱི་དམིགས་པའི་མིང་གི་རྣམ་གྲངས་ལ།དམིགས་པ།གཟུགས་བརྙན།ཏིང་ངེ་འཛིན་གྱི་མཚན་མ།ཏིང་ངེ་འཛིན་གྱི་སྤྱོད་ཡུལ།ཏིང་ངེ་འཛིན་གྱི་ཐབས།ཏིང་ངེ་འཛིན་གྱི་སྒོ།ཡིད་ལ་བྱེད་པའི་རྟེན།ནང་དུ་རྣམ་པར་རྟོག་པའི་ལུས།སྣང་བརྙན་ཏེ་དགུའོ། །ཏིང་ངེ་འཛིན་བསྒྲུབ་པ་ལ།སྤང་བྱ་ཉེས་པ་ལྔ་ནི།ལེ་ལོ།གདམས་ངག་བརྗེད་པ། བྱིང་རྒོད།མངོན་པར་འདུ་མི་བྱེད་པ།འདུ་བྱེད་པའོ། །འདུ་བྱེད་བརྒྱད་ནི། དད་པ་འདུན་པ། རྩོལ་བ།ཤིན་སྦྱངས།དྲན་པ།ཤེས་བཞིན།འདུ་བྱེད་པ།འདུ་མི་བྱེད་པའོ།།སེམས་གནས་པའི་ཐབས་དགུ་ནི།སེམས་འཇོག་པ།རྒྱུན་དུ་འཇོག་པ།བླན་ཏེ་འཇོག་པ།   ཉེ་བར་འཇོག་པ། དུལ་བར་བྱེད་པ།ཞི་བར་བྱེད་པ།རྣམ་པར་ཞི་བར་བྱེད་པ།རྩེ་གཅིག་ཏུ་བྱེད་པ།མཉམ་པར་འཇོག་པ་སྟེ་དགུའོ།།ཡིད་བྱེད་བཞི་ནི་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད།ཆད་ཅིང་འཇུག་པའི་ཡིད་བྱེད།ཆད་པ་མེད་པར་འཇུག་པའི་ཡིད་བྱེད།རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དོ།།ཕྱི་མ་ལ་ལྷུན་གྱིས་གྲུབ་པའི་ཡིད་བྱེད་ཅེས་ཀྱང་ཟེར་རོ།།སྟོབས་དྲུག་ནི།   ཐོས་པའི་སྟོབས།བསམ་པའི་སྟོབས།དྲན་པའི་སྟོབས།ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས།ཡོངས་སུ་འདྲིས་པའི་སྟོབས་སོ།།སྒྲུབ་པའི་འབྲས་བུ་ལུས་སེམས་ལས་རུང་གི་ཤིན་སྦྱངས་ལ།ལུས་ཤིན་སྦྱངས།སེམས་ཤིན་སྦྱངས།ཤིན་སྦྱངས་མི་གཡོ་བ་སྟེ་གསུམ་མོ།།
བསམ་གཏན་ལ་བརྟེན་ནས་སྒོམ་བྱའི་ལམ་གྱི་རྣམ་གྲངས་བཅུ་གཅིག་ནི།ཡོངས་སུ་རྟོགས་པའི་ལམ༑རྩོལ་བ་ལས་བྱུང་བའི་ལམ།ཡོངས་སུ་བྱང་བ་བྱས་པའི་ལམ།མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ།མངོན་པར་རྟོགས་པ་དང་མ་འདྲེས་པའི་ལམ།མངོན་པར་རྟོགས་པའི་ལམ། ངེས་འབྱིན་གྱི་ལམ།གནས་དང་དབང་པོ་ཐ་དད་པའི་ལམ།བསླབ་གསུམ་ཡོངས་སུ་སྦྱོང་བའི་ལམ༑ཡོན་ཏན་བསྒྲུབ་པར་བྱེད་པའི་ལམ།ལམ་བསྡུད་པའི་ལམ་མོ།།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ནི།ལུས།ཆོས།ཚོར་བ།སེམས་རྗེས་སུ་དྲན་པ་ཉེ་བར་བཞག་པ་བཞི།   དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ།སྐྱེས་པ་རྣམས་བསྲུང་བ།མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ།སྐྱེས་པ་རྣམས་སྤོང་བ་སྟེ་ཡང་དག་པར་སྤོང་བ་བཞི།འདུན་པ།བརྩོན་འགྲུས། སེམས།དཔྱོད་པ་སྣེ་རྫུ་འཕྲུལ་གྱི་རྐང་པ་བཞི།དད་པ།བརྩོན་འགྲུས།དྲན་པ།ཏིང་འཛིན།ཤེས་རབ་སྟེ་དབང་པོ་ལྔ།དད་པ་སོགས་སྟོབས་ལྔ་ཡང་དེ་དང་འདྲའོ།།དྲན་པ།ཆོས་རབ་ཏུ་རྣམ་འབྱེད།བརྩོན་འགྲུས།དགའ་བ།ཤིན་སྦྱངས།ཏིང་ངེ་འཛིན།བཏང་སྙོམས་ཏེ་བྱང་ཆུབ་ཡན་ལག་བདུན།ཡང་དག་པའི་ལྟ་བ།ཡང་དག་པའི་རྟོགས་པ།ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ།ཡང་དག་པའི་འཚོ་བ།ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ།ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་རྣམས་སོ། །གནས་དང་དབང་པོ་ཐ་དད་པའི་ལམ་བཞི་ནི།མངོན་ཤེས་བུལ་ལ་དཀའ་བ།མངོན་ཤེས་མྱུར་ལ་དཀའ་བ༑ མངོན་ཤེས་བུལ་ལ་སླ་བ།མངོན་ཤེས་མྱུར་ལ་སླ་བའོ།།ཆོས་ཀྱི་གནས་བཞི་ནི།བརྣབ་སེམས་མེད་པ།གནོད་སེམས་མེད་པ།ཡང་དག་པའི་དྲན་པ།ཡང་དག་པའི་ཏིང་ངེ་འཛིན་ནོ༑ ༑ཡོན་ཏན་བསྒྲུབ་བྱེད་ཀྱི་ལམ་ལ།ཞི་གནས་ལྷག་མཐོང་གཉིས་ལས།ཞི་གནས་གོང་དུ་བཤད་ཟིན། ལྷག་མཐོང་ལ།རྣམ་པར་འབྱེད་པ།རབ་ཏུ་རྣམ་པར་འབྱེད་པ་གཉིས།དེ་རེ་རེ་ལ་ཡང་རྟོག་དཔྱོད་གཉིས་གཉིས་སོ།།ཡང་མཚན་མ་ལས་བྱུང་བ།ཡོངས་སུ་ཚོལ་བ་ལས་བྱུང་བ༑ སོ་སོར་རྟོགས་པ་ལས་བྱུང་བའི་ལྷག་མཐོང་གསུམ།ཡང་ཞི་གནས་ལྷག་མཐོང་ལ་བརྟེན་པའི་ལམ་བཞི་ནི།   ཞི་གནས་ལ་བརྟེན་ནས་ལྷག་མཐོང་འཚོལ་བ།   ལྷག་མཐོང་ལ་བརྟེན་ནས་ཞི་གནས་འཚོལ་བ།གཉིས་ཀ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་འཚོལ་བ།གཉིས་ཀ་ཐོབ་པ་ཟུང་འབྲེལ་དུ་ཉམས་སུ་ལེན་པར་བརྩོན་པའོ།།འདིའི་ལྷག་མཐོང་ཐོབ་ལ་ཞི་གནས་མ་ཐོབ་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་མ་ཡིན་གྱི་བསལ་གཏན་གྱི་དངོས་གཉིས་བསྡུས་པའི་ཞི་གནས་སོ།།ལམ་ཐམས་ཅད་བསྡུད་པར་བྱེད་པའི་དབང་པོ་གསུམ་ནི།དྲི་མེད་ཀྱི་དབང་པོ་གསུམ་སྟེ་སྔར་བཤད་ཟིན་ཏོ།།མཐར་ཕྱིན་པའི་ལམ་ལ།སྤངས་བྱ་ཟད་པར་སྤངས་པ།བྲལ་ཐོབ་མཐར་ཕྱིན་པ་སྟེ་སྤངས་པ་མཐར་ཕྱིན་པ་གཉིས།རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན།དུས་དེའི་མཇུག་ཐོགས་དེ་མ་ཐག་ཏུ་ཐོབ་པ།ངོ་བོ་ཟང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཏེ་ཁྱད་ཆོས་གསུམ་ལྡན་ནི་རྟོགས་པ་མཐར་ཕྱིན་པའོ།།སྤངས་རྒྱུའི་གནས་ངན་ལེན་ནི།མངོན་པར་བརྗོད་པའི་གནས་ངན་ལེན།དེ་བཞིན་དུ་སྦྱར་ཏེ།ཚོར་བ།ཉོན་མོངས་པ།ལས།རྣམ་པར་སྨིན་པ།ཉོན་མོངས་པའི་སྒྲིབ་པ།ལས་ཀྱི་སྒྲིབ་པ།རྣམ་པར་སྨིན་པའི་སྒྲིབ་པ།སྒྲིབ་པ།རྟོག་པ། ཟས།འཁྲིག་པ། རྨི་ལམ།ནད།རྒ་བ།འཆི་བ།ཡོངས་སུ་ངལ་བའི་གནས་ངན་ལེན་ཏེ།གནས་སྐབས་ཅན་གྱི་དབང་དུ་བྱས་པ་བཅུ་བདུན།གནས་ངན་ལེན་ཆེན་པོ།འབྲིང༌།ཆུང་ངུ༌།ཉོན་སྒྲིབ་ཀྱི་གནས་ངན་ལེན།སྙོམས་འཇུག་གི་སྒྲིབ་པའི་གནས་ངན་ལེན།ཤེས་སྒྲིབ་ཀྱི་གནས་ངན་ལེན་ཏེ་གནས་སྐབས་ཀྱི་དབང་དུ་བྱས་པ་བདུན་ནོ།།རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ།སྦྱོར་བའི་ལམ་གྱིས་བསྡུས་པ་དང༌།བར་ཆད་མེད་པའི་ལམ་གྱིས་བསྡུས་པ་གཉིས།གནས་འགྱུར་མཐར་ཕྱིན་པ་གསུམ་ནི། བྲལ་ཐོབ་སེམས་ཀྱི་གནས་འགྱུར།ལམ་གྱི་གནས་འགྱུར།ཡེ་ཤེས་ཀྱི་གནས་འགྱུར་རོ།།ཟག་མེད་ཀྱི་ཕུང་པོ་ལྔ་ནི།ཚུལ་ཁྲིམས།ཏིང་ངེ་འཛིན།ཤེས་རབ།རྣམ་པར་གྲོལ་བ། ནོམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ།།ལམ་བདེན་སྤྱིའི་མཚན་ཉིད་བཞི་ནི་ཕར་ཕྱིན་གྱི་སྐབས་སུ་བལྟ་བར་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号