ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
སྡོམ་པའི་ལས་ལ། སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་སྟེ་གསུམ་མོ༑ ༑ སོ་ཐར་གྱི་སྡོམ་པ་ལ་རིགས་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བརྙེན་ཕ་མ་གཉིས། བསྙེན་གནས་ཀྱི་སྡོམ་པའོ། །དགེ་བསྙེན་ལ། སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་པ། ཚངས་སྤྱོད་དགེ་བསྙེན་ཏེ་དྲུག་གོ། །འགའ་ཞིག་ཏུ། གོ་མིའི་དགེ་བསྙེན་ཞེས་པ་གཅིག་ཀྱང་བཤད་དོ། །མངོན་པ་འོག་མར། མིང་གི་སྒོ་ནས་བརྒྱད་དང་། རྫས་ཀྱི་སྒོ་ནས་དགེ་སློང་། དགེ་ཚུལ། དགེ་བསྙེན། བསྙེན་གནས་ཏེ་བཞི། རྟེན་གྱི་སྒོ་ནས་ཁྱིམ་པ་དང་། རབ་བྱུང་གི་སྡོམ་པ་གཉིས། ཡན་ལག་གི་སྒོ་ནས། སྤོང་བདུན། སྤོང་བཞི་གཉིས། དུས་ཀྱི་སྒོ་ནས། ཇི་སྲིད་འཚོའི་མཐའ་ཅན་དང་། ཉིན་ཞག་གི་མཐའ་ཅན་གཉིས། བསྙེན་གནས་ཀྱི་ཡན་ལག་ལ། ཚུལ་ཁྲིམས་ཀྱི་ཡན་ལག བག་ཡོད་པའི་ཡན་ལག བརྟུལ་ཞུགས་ཀྱི་ཡན་ལག་སྟེ་གསུམ་དུ་བཤད་ལ། དེ་དག་མངོན་པ་གོང་མའི་ལུགས་ལ་ཡང་མི་འདོད་པ་མིན་ནོ། །འདིའི་བསྙེན་པར་རྫོགས་པ་བཅུ་སོགས་རྒྱས་པར་འདུལ་བའི་སྐབས་སུ་བལྟའོ། །
བསམ་གཏན་གྱི་སྡོམ་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་དང་། བསམ་གཏན་བཞིའི་བཞི་སྟེ་ལྔའོ། །མངོན་པ་འོག་མར། བསམ་གཏན་གྱི་སྡོམ་པ་དང་། སྤོང་སྡོམ་ཡིན་མིན་ལ་མུ་བཞི་སྟེ། བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་སྡོམ་མ་ཡིན་པ། སྤོང་སྡོམ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མ་ཡིན་པ། གཉི་ཀ་ཡིན་པ། གཉི་ཀ་མ་ཡིན་པའི་སྡོམ་པ་སྟེ་བཞིར་བཤད་དོ། །ཟག་པ་མེད་པའི་སྡོམ་པ་ནི། ཁམས་གསུམ་གྱི་གསུམ་དང་། སྤོང་སྡོམ་དང་སྤོང་སྡོམ་མ་ཡིན་པ་གཉིས་སུ་བཤད་དོ༑ ༑མུ་བཞི་བརྩི་ཚུལ་ནི་སྔ་མ་དང་འདྲའོ། །སྡོམ་པ་མ་ཡིན་པ་ལ། ཤན་པ་དང་། བྱ་གག་གསོད་པ། ཕག་གིས་འཚོ་བ། ཉ་པ། རི་དྭགས་ཀྱི་རྔོན་པ། བྱ་པ། བོང་རྒྱས་འཚོ་བ། ཆོམ་རྐུན་པ། གཤེད་མ། གླང་པོ་ཆེ་འཛིན་པ། སྦྲུལ་གྱིས་འཚོ་བ། བཙོན་བསྲུང་། ཉན་རྣ་བྱེད་པ་རྣམས་སོ། །ཡང་ན་རིགས་སུ་སྐྱེས་པ་དང་། བླངས་པ་ལས་བྱུང་པ་གཉིས་སོ། །བར་མ་ལ༑ བར་མའི་དགེ་བ་དང་། བར་མའི་མི་དགེ་བ་གཉིས་སོ། །སོ་ཐར་གྱི་སྡོམ་པའི་རྣམ་གྲངས་ལ། ཚུལ་ཁྲིམས། ལེགས་སྤྱོད། ལས། སྡོམ་པ། སོ་སོར་ཐར་པ། བྱ་བའི་ལམ་སྟེ་དྲུག་ཏུ་བཤད་ལ་དོན་གཅིག་པ་མ་ཡིན་ནོ། །སྡོམ་མིན་ལ། ཉེས་སྤྱད་དང་། ཚུལ་འཆལ་ཞེས་ཀྱང་བཤད་དོ། །སྤྱིར་ལས་ལ་བདེ་བ་མྱོང་འགྱུར། སྡུག་བསྔལ་མྱོང་འགྱུར། བཏང་སྙོམས་མྱོང་འགྱུར་གསུམ། ཡང་མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ནས་མྱོང་འགྱུར་གསུམ། ལས་དང་རྣམ་སྨིན་ནག་པ། གཉི་ཀ་དཀར་བ། འདྲེས་མའི་ལས་དང་གསུམ། ཡང་ན་ཟག་བཅས་དང་ཟག་མེད་ཀྱི་ལས་གཉིས། འདོར་བ་དང་བླང་བྱའི་ལས་གཉིས། བླང་བྱ་ལ། སྦྱིན་པའི་ལས་དང་། ཚུལ་ཁྲིམས་ཀྱི་ལས་གཉིས་སོ། །སོ་ཐར་གྱི་སྡོམ་པ་ལ། མདོ་ལས་བྱུང་མིང་གི་རྣམ་གྲངས་ནི། མ་སྨད་པའི་ཚུལ་ཁྲིམས། གུས་པར་སླབ་པའི་ཚུལ་ཁྲིམས། བསླབ་པ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས། ལུས་ངག་ཕུན་སུམ་ཚོགས་པ། ཀུན་སྤྱོད་ཡོངས་སུ་དག་པ། ཀུན་སྤྱོད་དག་པ། ཀུན་སྤྱོད་ཁ་ན་མ་ཐོ་བ་མེད་པ། ཀུན་སྤྱོད་གནོད་པ་མེད་པ། ཀུན་སྤྱོད་རྗེས་སུ་མཐུན་པ། ཀུན་སྤྱོད་རྗེས་སུ་འབྱོར་བ། ཀུན་སྤྱོད་ཐབས་དང་ལྡན་པ། ཀུན་སྤྱོད་འཚམ་པ། ཀུན་སྤྱོད་མཐུན་པ། གདུང་བ་མེད་པ། འགྱོད་པ་མེད་པ། ཡིད་ལ་བཅགས་པ་མེད་པ་རྣམས་སུ་བཤད་དོ། །མངོན་པ་འོག་མར་མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཅོ་ལྔ་བཤད་ལ།
དང་པོ་ནི། དགེ་བ། མི་དགེ་བ། ལུང་མ་བསྟན་གསུམ། གཉིས་པ་ནི། བསོད་ནམས་ཀྱི་ལས་སོགས་གསུམ་དང་། བདེ་བ་མྱོང་འགྱུར་གྱི་ལས་སོགས་གསུམ་སྟེ་སྔ་མ་དང་འདྲའོ། །མྱོང་བར་འགྱུར་བའི་ལས་ལྔ་ནི། ངོ་བོ་ཉིད་ཀྱིས་མྱོང་འགྱུར། མཚུངས་ལྡན་གྱིས་མྱོང་བར་འགྱུར། དམིགས་པས་མྱོང་འགྱུར། རྣམ་སྨིན་གྱི་མྱོང་འགྱུར། མངོན་སུམ་དུ་གྱུར་པ་ལས་མྱོང་བར་འགྱུར་བ་སྟེ་ལྔའོ། །གསུམ་པ་ནི། ཡོན་པོ། སྐྱོན་ཅན། སྙིགས་མའི་ལས་ཏེ་གསུམ་མོ། །བཞི་པ་ནི། གནག་ལ་རྣམ་སྨིན་ནག་པ་སོགས་ཏེ་སྔ་མ་དང་འདྲའོ། །ལྔ་པ་ནི། ཐུབ་པའི་ལུས། ཐུབ་པའི་ངག ཐུབ་པའི་ཡིད་གསུམ། དྲུག་པ་ནི། སྒོ་གསུམ་གྱི་གཙང་བྱེད་གསུམ་མོ། །བདུན་པ་ནི། ལེགས་སྤྱད་ཉེས་སྤྱད་གཉིས་སོ། །བརྒྱད་པ་རིགས་པས་བསྐྱེད་པ། རིགས་པ་མིན་པས་བསྐྱེད་པ། གཉིས་ཀ་མ་ཡིན་པའི་ལས་ཏེ་གསུམ་མོ། །དགུ་པ་ནི། འཕེན་བྱེད་དང་རྫོགས་བྱེད་དེ་སྔ་མ་དང་འདྲའོ། །བཅུ་པ་ནི། ལས་སྒྲིབ། ཉོན་སྒྲིབ། རྣམ་སྨིན་གྱི་སྒྲིབ་པ་གསུམ་མོ། །བཅུ་གཅིག་པ་ནི། ཕ་བསད་པ། མ་བསད་པ། དགྲ་བཅོམ་པ་བསད་པ། དགེ་འདུན་འཁོར་ལོའི་དབྱེན་བྱས་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ་འཚམས་མེད་པ་ལྔའོ། །བཅུ་གཉིས་པ་ནི། མ་དགྲ་བཅོམ་པ་སུན་ཕྱུང་བ། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བསད་པ། སློབ་པ་འཕགས་པའི་གང་ཟག་བདུན་པོ་གང་རུང་བསད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ། མཆོད་རྟེན་འཇིག་པ་སྟེ་ཉེ་བའི་འཚམས་མེད་ལྔའོ། །བཅུ་གསུམ་པ་ནི། སྦྱིན་པ་ལས་བྱུང་བ། ཚུལ་ཁྲིམས་ལས་བྱུང་བ། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་སྟེ་གཞི་གསུམ་མོ།།བཅུ་བཞི་པ་ནི།བསོད་ནམས་ཆ་མཐུན། ཐར་པ་ཆ་མཐུན། ངེས་འབྱེད་ཆ་མཐུན་ཏེ་གསུམ་མོ།   །བཅོ་ལྔ་པ་ནི།རིག་པས་རབ་ཏུ་བཅུག་པའི་སྒོ་གསུམ་གྱི་ལས་གསུམ་མོ།     །དེ་དག་ནི་དགེ་མི་དགེ་ཅི་རིགས་པའི་རྣམ་གྲངས་མདོ་ལས་འབྱུང་བ་རྣམས་བཏུས་པར་བཤད་དོ།     །ཀུན་འབྱུང་བདེན་པ་སྤྱིའི་མཚན་ཉིད་བཞི་ནི་ཕར་ཕྱིན་གྱི་སྐབས་སུ་བཤད་ཟིན་ཏོ།།
བསམ་གྱིས་མི་ཁྱབ་པ་ལྔ་ནི། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ།    ནོར་བུ་སྔགས་སྨན་མཁྱུད་སྤྱད་ཀྱི་ནུསོཔ་བསམ་གྱིས་མི་ཁྱབ་པ།   རྣལ་འབྱོར་པའི་མཐུ་བསམ་གྱིས་མི་ཁྱབ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུའི་ལས་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྟེ་ལྔའོ།   །གསུམ་པ་འགོག་པའི་བདེན་པ་ལ།ཆོས་བཅུ་གཉིས་ནི། མཚན་ཉིད་ཀྱི་འགོག་པ།   ཟབ་པ། བརྡའ། དོན་དམ་པ། ཡོངས་སུ་མ་རྫོགས་པ། རྫོགས་པ། རྒྱན་མེད་པ།རྒྱན་དང་བཅས་པ། ལྷག་བཅས། ལྷག་མེད། ཁྱད་པར་དུ་འཕགས་པའི་འགོག་པ་དང༌།རྣམ་གྲངས་ཏེ་བཅུ་གཉིས་སོ། །རྣམ་གྲངས་སོ་བཞི་ནི་མ་ལུས་པར་སྤངས་པ། ངེས་པར་སྤངས་པ།   བྱང་བར་གྱུར་པ།ཟད་པ། འདོད་ཆགས་དང་བྲལ་པ། འགོག་པ། རྣམ་པར་ཞི་བ། ནུབ་པ་སྟེ་སྤངས་བྱའི་སྒོ་ནས་བརྒྱད། འདུས་མ་བྱས།ལྟ་དཀའ་བ།གཡོ་བ་མེད་པ།མདུད་པ་མེད་པ། འཆི་བ་མེད་པ། ཟག་པ་མེད་པ། གནས། གླིང༌། སྐྱོབ་པ། མགོན། དཔུང་གཉེན།འཆི་འཕོ་མེད་པ།རིམས་ནད་མེད་པ།ཡོངས་སུ་གདུང་བ་མེད་པ།བདེ་བ། ཞི་བ།བདེ་བའི་གཞི། བདེ་བར་འགྱུར་པ།ནད་མེད་པ།མི་གཡོ་བ།མྱ་ངན་ལས་འདས་པ་སྟེ་ཡོན་ཏན་གྱི་སྒོ་ནས་བཞག་པ་ཉེར་གཅིག མ་སྐྱེས་པ། མ་བྱུང་བ། མ་བྱས་པ། འདུས་མ་བྱས་པ།སྐྱེ་བ་མེད་པ་སྟེ་སྡུག་བསྔལ་ལྡོག་པའི་ཆ་ནས་བཞག་པ་ལྔ་སྟེ་བསྡོམ་པས་སོ་བཞིའོ།   །འགོག་བདེན་སྤྱིའི་མཚན་ཉིད་བཞི་ནི་ཕར་ཕྱིན་གྱི་སྐབས་སུ་བལྟ་བར་བྱའོ། །བཞི་པ་ལམ་གྱི་བདེན་པ་ལ། བྱེད་ལས་བཞི་ནི་སྡུག་བསྔལ་ཤེས་པར་བྱེད།ཀུན་འབྱུང་སྤོང་བར་བྱེད།འགོག་པ་མངོན་དུ་བྱེད།ལམ་བསྒོམས་པར་བྱེད་པས་ཁྱད་པར་དུ་བྱས་པའོ། །སྤྱིར་ལམ་ཙམ་ལ་ལྔ་སྟེ།ཚོགས་ཀྱི་ལམ།སྦྱོར་བའི་ལམ།མཐོང་བའི་ལམ།སྒོམ་པའི་ལམ།མཐར་ཕྱིན་པའི་ལམ་མོ།   །ཚོགས་ཀྱི་ལམ་ནི།ཚུལ་ཁྲིམས།དབང་པོའི་སྒོ་སྡོམ་པ།ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། དྲན་ཤེས་དང་ལྡན་པས་དགེ་བ་ལ་རྩེ་གཅིག་ཏུ་གནས་པར་དགའ་བ་སྟེ་ཡན་ལག་ལྔའོ། །མངོན་པ་འོག་མར། ཚུལ་ཁྲིམས་ལ་གནས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་ལ་རིམ་བཞིན་སྦྱོར་བ་དང༌།   འཕགས་པའི་རིགས་བཞི་ལ་གནས་པར་བཤད་ལ། རིགས་བཞི་ནི།ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ།   བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ།གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་སྒོམ་པ་ལ་རབ་ཏུ་དགའ་བ་བཞིར་བཤད་དོ། །མི་སྡུག་པ་བསྒོམ་པ་ལ།ཁ་དོག་གི་འདོད་ཆགས།དབྱིབས་ཀྱི་འདོད་ཆགས། རེག་པའི་འདོད་ཆགས།བསྙེན་བཀུར་གྱི་འདོད་ཆགས་བཞིའི་གཉེན་པོར།རྣམ་པར་བསྡོས་པ།རྣམ་པར་བམ་པ།རྣམ་པར་འབུས་གཞིག་པ།ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པ་དང་བཞིའོ། །དབུགས་འབྱུང་རྔུབ་ཀྱི་སྒོ་ནས་བསྒོམ་པ་ལ།བགྲངས་པ།རྗེས་སུ་འགྲོ་བ།འཇོག་པ། ཉེ་བར་རྟོག་པ། བསྒྱུར་བ།ཡོངས་སུ་དག་པ་དྲུག་གོ།།སྦྱོར་བའི་ལམ་ལ། དྲོང་སོགས་བཞི་སྟེ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་རྣམས་ཕར་ཕྱིན་གྱི་སྐབས་སུ་བལྟ་བར་བྱའོ། །མཐོང་བའི་ལམ་ལ་སྐད་ཅིག་བཅུ་དྲུག་ནི།བདེན་པ་བཞི་རེ་རེ་ལ།ཆོས་བཟོད།ཆོས་ཤེས།རྗེས་བཟོད། རྗེས་ཤེས་ཏེ་བཞི་བཞིར་ཕྱེ་བའོ།།མངོན་པ་འོག་མར། བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌།ཤེས་པ་བརྒྱད་རྣམ་གྲོལ་ལམ་དུ་བཤདལ། སྐད་ཅིག་མ་ལ་དུས་མཐའི་སྐད་ཅིག་མ་དང༌།བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ཡོད་པས་འདིར་ནི་ཕྱི་མའོ།།སྒོམ་པའི་ལམ་ལ་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ། འཇིག་རྟེན་ལས་འདས་པའི་ལམ།ལམ་ཆུང་ངུ༌།ལམ་འབྲིང་པོ།ལམ་ཆེན་པོ།སྦྱོར་བའི་ལམ།བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ།ཁྱད་པར་གྱི་ལམ་སྟེ་དགུའོ།།འཇིག་རྟེན་པའི་ལམ་ནི་བསམ་གཏན་བཞི་དང༌།གཟུགས་མེད་བཞི་སྟེ་བརྒྱད་དོ། །སྤྱིར་བསམ་གཏན་ལ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང༌། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས།གཟུགས་མེད་ལའང༌། རྒྱུ་སྙོམས་འཇུག་གི་གཟུགས་མེད། འབྲས་བུ་སྐྱེ་བའི་གཟུགས་མེད་གཉིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号