ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལས་ལེའུ་བཞི་པ།མཛད་པའི་འཕྲིན་ལས་ཀྱི་སྐབས་ཀ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
   ཤེས་རབ་ཀྱིས་འགྱུར་བ་དང་ཅེས་པ་(༡༥༧བ)འཁོར་བའི་ཉེས་པ་དང༌། སྙིང་རྗེས་མི་འགྱུར་བ་ཞི་བ་མྱ་ངན་ལས་འདས་པའི་སྤྲོས་པས་མ་གོས་པའོ། །གཉིས་པ་སྣོད་ཀྱི་དབང་གིས་ཐ་དད་དུ་འགྱུར་བ་ནི་ཇི་ལྟར་ནམ་མཁའ་ལ་ཆར་འབེབས་པ་ན་ཐོག་མར་སྤྲིན་དེ་ལས་བསིལ་ཞིམ་རོ་མངར་བ་དང་ལུས་ལ་མི་གནོད་པའི་འཇམ་པ་དང་རེག་པ་ཡང་བ་ལ་སོགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ནི་རོ་གཅིག་པ་འཐོན་ཅིང་བབ་པར་གྱུར་ན་ཡང༌།ཕྱིས་ས་ལ་བབ་པ་ན་བ་ཚྭ་ལ་སོགས་པའི་གནས་སོ་སོ་དང་འབྲེལ་བ་ལས་ཚ་བ་དང་ཁ་བ་ལ་སོགས་ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་དེ་བཞིན་དུ།   སངས་རྒྱས་ཀྱིས་ཆོས་གསུངས་པ་ན་ཐོག་མར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཟབ་མོ་སྟོང་པ་ཉིད་དུ་རོ་གཅིག་པའི་ཆོས་ཀྱི་ཆར་ཆེར་འཐོན་ཅིང་ཕབ་པ་ཡང༌།    གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱི་ཁམས་ཐ་དད་པའི་གནས་ཀྱི་དབང་པོ་རྣོ་རྟུལ་ལ་སོགས་པའི་དབྱེ་བ་ལས་ཐེག་པ་གསུམ་ལ་སོགས་པ་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་ཏེ།   ཐེག་པ་གསུམ་གྱི་འབྲས་བུ་ཐ་དད་པའི་རྒྱུར་འགྱུར་བའོ། །འདི་ལྟར་སྟོན་པས་འདུས་བྱས་མི་རྟག་པར་གསུངས་པ་ལ་ཉན་ཐོས་པས་མི་རྟག་པའི་ཆོས་སུ་བདེན་པར་གོ་ལ། དབུ་མ་པས་དེའི་དོན་སྟོང་པ་ཉིད་དུ་གོ་བ་ལྟ་བུ་སྟེ།སློབ་དཔོན་དཔའ་བོས་བསྟོད་པ་ལས། མོས་པ་དུ་མ་དང་ལྡན་པ། །( ༡༥༨ན)མང་པོ་འཁོར་བར་གྱུར་པ་ལ། །གསུང་གཅིག་བཀའ་ནི་སྩལ་བ་ལས།།དུ་མ་ལྟ་བུར་སྣང་འགྱུར་ཏེ།།ཞེས་པ་ལྟ་བུའོ།།
གསུམ་པ་ཕན་གནོད་ལ་ལྟོས་མེད་དུ་འཇུག་པ་ལ་གསུམ་ལས།སྣོད་ཀྱི་དབྱེ་བ་དཔེས་བསྟན་པ་ནི། ཆོས་བསྟན་པའི་གདུལ་བྱ་ཐེག་པ་མཆོག་ལ་དང་བ་དང༌། བར་མ་དང༌། སྡང་བའི་སེམས་ཅན་གྱི་ཕུང་པོ་གསུམ་ནི་རིམ་པ་བཞིན་དུ་མི་དག་དང་རྨ་བྱ་དང་ཡི་དྭགས་དང་འདྲའོ།   །ཅིའི་ཕྱིར་ན།   དཔྱིད་ཀྱི་མཐར་སོས་ཀའི་དུས་སུ་སྤྲིན་མེད་པ་ན་ཆར་མི་འབབ་པས་མི་རྣམས་མི་དགའ་ཞིང་ཡི་དྭགས་རྣམས་དགའ་བ་དང༌།   དབྱར་གྱི་དུས་སུ་ས་ལ་ཆར་བབ་པ་ན་ཡི་དྭགས་ནི་བྱེ་ཚན་གྱི་ཆར་དུ་འབབ་པས་སྡུག་ཅིང་མི་དགའ་བ་དང་མི་རྣམས་ནི་དགའ་ལ། མཁའ་ལ་མི་རྒྱུ་བའི་བྱ་ནི་རྨ་བྱ་སྟེ་དེ་ནི་བཏང་སྙོམས་སུ་གནས་པ་ལྟར་ཞེས་པའོ། །དོན་ནི་རྫོགས་པའི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚོགས་དག་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆུའི་ཆར་བྱུང་བ་ལས་ཐེག་པ་ཆེན་པོའི་ཆོས་འདོད་པའི་གང་ཟག་རྣམས་དགའ་ཞིང་ཐེག་ཆེན་གྱི་ཆོས་ལ་སྡང་བའི་གང་ཟག་རྣམས་མི་དགའ་བ་དང༌།   ཡང་ཆོས་ཀྱི་ཆར་མ་བྱུང་བ་ལས་ཀྱང་ཆོས་འདོད་པའི་མི་རྣམས་མི་དགའ་ཞིང་ཆོས་ལ་སྡང་བ་རྣམས་དགའ་བ་དང༌།བར་མ་ཉན་ཐོས་ལ་སོགས་པ་རྣམས་གཉིས་ཀ་ལ་བཏང་སྙོམས་སུ་གནས་པ་འཇིག་རྟེན་ལ་( ༡༥༨བ)ནི་དེའི་གོང་དུ་བསྟན་པ་དེ་ཉིད་ཀྱིས་མཚོན་ནོ། །ཉེས་པའི་དབང་གིས་མི་ལྡོག་པ་ནི་ཇི་ལྟར་སྤྲིན་གྱི་ཚོགས་ཀྱིས་ཆུའི་ཐིགས་པ་རགས་པ་འབེབས་པ་དང༌།     རྡོ་ཚན་དང་ནི་རྡོ་རྗེའི་མེ་ཞེས་པ་ཐོག་དྲག་པོ་འབེབས་པ་དང་ཆར་བསིལ་བ་འབེབས་པ་ན་སྲོག་ཆགས་ཕྲ་མོ་ལ་གནོད་པ་དང་རི་སུལ་དུ་སོང་བའི་རྨ་བྱ་དག་ལ་ཕན་པ་ལ་ལྟོས་པ་མེད་པ་ལྟར། དེ་བཞིན་གཤེགས་པའི་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་ཡང་ཕྲ་བ་ཟབ་མོ་སྟོང་པ་ཉིད་དང་རྒྱ་ཆེ་བའི་ཆོས་ཀྱི་ཐིགས་པ་སྟེ་ཆར་གྱི་ཐབས་ཚུལ་གྱིས་ཐེག་པ་མཆོག་ལ་མོས་པའི་གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་དག་པར་འགྱུར་བ་དང༌༑ ཆོས་ལ་སྡང་བའི་གང་ཟག་གི་བདག་ལྟའི་བག་ལ་ཉལ་ལས་ཉོན་མོངས་པ་འཕེལ་བར་འགྱུར་ཡང་དེ་དག་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་དེ་ཉེས་པས་ཀྱང་ལྡོག་པར་མི་འགྱུར་རོ། །བཞི་པ་སྡུག་བསྔལ་གྱི་མེ་འཇིལ་བ་ནི་བཞི་སྟེ། ཐུགས་རྗེའི་དམིགས་པ་སྡུག་བསྔལ་གྱི་རང་བཞིན༑དེ་སེལ་བའི་ཐབས་སྟོན་པའི་ཁྱད་པར། བསྟན་པ་ལས་ཡོངས་སུ་ཤེས་པའི་ཁྱད་པར།ཤེས་པ་དེ་རྗེས་སུ་སྒྲུབ་པའི་ཁྱད་པར་རོ།།དང་པོ་ནི་འཁོར་བ་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ་སྟེ་ངན་སོང་གསུམ་དང་མི་དང་ལྷ་རྣམས་སོ། །ལྷ་མ་ཡིན་རྣམས་ནི་འགའ་ཞིག་ཏུ་དུད་
འགྲོར་བསྡུས་ལ། འགའ་ཞིག་ཏུ་གཏོགས་ཀྱང་ཆང་འཐུངས་པས་ལྷར་ལྷ་གཞན་གྱིས་ལྷ་མ་ཡིན་ཞེས་བསྒྲགས་སོ། །མདོ་ལས། སྲིད་སྲེད་མ་རིག་(༡༥༩ན)དབང་གིས་སྐྱེ་བོ་རྣམས།   །མི་དང་ལྷ་གནས་ངན་སོང་རྣམ་གསུམ་པོ།།འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར།།དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་སོ། །འཁོར་བ་ཇི་ལྟ་བུ་ཞེ་ན༑སྐྱེ་བ་དང་འཆི་བའི་སྡུག་བསྔལ་ལ་ཐོག་མ་དང་ཐ་མའི་མཐའ་མེད་པའོ། །ལམ་ལྔ་པོ་ཇི་འདྲ་ཞེ་ན། དེ་དག་ན་བདེ་བ་མེད་དེ་ཐམས་ཅད་སྡུག་བསྔལ་གསུམ་ལས་མ་འདས་སོ། །དཔེར་ན་མི་གཙང་བ་ལ་དྲི་ཞིམ་པ་མེད་པ་བཞིན་ནོ། །སྡུག་བསྔལ་ཇི་ལྟ་བུ་ཞེ་ན། ལམ་ལྔ་དེའི་སྡུག་བསྔལ་གསུམ་ལས་ཚོར་བ་སྡུག་བསྔལ་ནི་དུས་རྟག་ཏུ་མེས་ཚིག་པ་དང་མཚོན་གྱིས་བཅད་པ་དང་ཁ་བས་འཁྱགས་པ་དང༌། རྨ་ལ་རྒྱ་ཚྭ་ལ་སོགས་པའི་འགྱུར་བྱེད་ཀྱི་སྨན་བཏབ་པའི་རེག་པའི་སྡུག་བསྔལ་སྐྱེས་པ་བཞིན་དུ་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དང་ལྡན་པའོ།།གཉིས་པ་ནི་རབ་ཏུ་འབེབས་ཞེས་པའོ།།གང་ལས་ན་ཐུགས་རྗེའི་སྤྲིན་ལས་སོ། །གང་ན་དམ་པའི་ཆོས་ཀྱི་ཆར་ཆེན་པོའོ། །གང་གི་ཕྱིར་ན་སྡུག་བསྔལ་དེ་མཐའ་དག་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །གསུམ་པ་ནི་ལྷ་དང་མིའི་དབང་ཕྱུག་མཆོག་རྒྱལ་པོའི་དཔལ་ལ་ཡང་མངོན་པར་འདོད་པ་མེད་དེ་གཞན་ལ་ལྟ་ཅི་སྨོས་པའོ༑ །གང་ཟག་གང་ཞེ་ན། བདེན་པ་བཞི་རྟོགས་པའི་ཤེས་རབ་དང་( ༡༥༩བ)ལྡན་པའོ།   །རྒྱུ་མཚན་གང་ལས་ན་ལྷ་ལ་འཆི་འཕོ་བའི་ལྟས་རྣམ་པ་ལྔ་འབྱུང་སྟེ། བཤེས་སྤྲིངས་ལས། མཐོ་རིས་དག་ནའང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་པ་དང༌། ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ཞེས་སོ༑ །སྡུག་བསྔལ་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དྲན་པ་ཉེར་བཞག་ལས།ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་ནི། །དེ་ཡི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོ། །དེ་བཞིན་དུ་མི་ལ་ཡང་འདོད་པ་ཡོངས་སུ་ཚོལ་བ་ན་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ཤེས་བྱར་རྟོག་པའི་ཕྱིར་རོ། །དེ་དག་ནི་ཉེ་བར་མཚོན་པ་སྟེ་མཐོ་རིས་ཀྱི་རྟེན་ལ་ཡང་སྡུག་བསྔལ་དེ་ལྟར་ཡོད་ན་ངན་སོང་ན་ལྟ་ཅི་སྨོས་ཞེས་པའོ། །གང་ལས་རྟོགས་ཤེ་ན། ཐོས་བསམ་གྱི་ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་ལ་ཡིད་ཆེས་པའི་དད་པའི་རྗེས་སུ་འབྲང་ནས་བདེན་པ་བཞི་ལ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་འབྲས་བུར་གྱུར་པའི་འམ། ཡང་ན་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་བསྡུས་པ་འདི་ནི་སྡུག་བསྔལ་ལོ་( ༡༦༠ན)ཞེས་པ་དང༌། ཟག་པ་དང་བཅས་པའི་ཕུང་པོ་ལྔ་རྒྱུར་གྱུར་པའམ། ཡང་ན་ལས་དང་ཉོན་མོངས་པ་འདི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ངོ་ཞེས་པ་དང༌། སྡུག་ཀུན་མ་ལུས་པར་འགགས་པ་འདི་ནི་འགོག་པའོ་ཞེས་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་འདི་ནི་འགོག་པར་འགྲོ་བའི་ལམ་མོ་ཞེས་ཤེས་པས་མཐོང་ཞིང་རྟོགས་པའི་ཕྱིར་རོ། །བཞི་པ་ནི་དེ་ལྟར་བདེན་པ་བཞི་ཤེས་ནས་རྗེས་སུ་སྒྲུབ་པའི་ཚུལ་ནི། ཇི་ལྟར་སྨན་པ་མཁས་པས་ཐོག་མར་ནད་ཀྱི་ངོ་བོ་ནི་ཤེས་པར་བྱ་ཞིང་ནད་ཀྱི་རྒྱུ་ནི་སྤང་བར་བྱ་ལ་ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་དང༌། དེའི་ཐབས་སུ་སྨན་ནི་རྒྱུད་ལ་བསྟེན་པར་བྱ་བ་ལྟར། དེ་བཞིན་དུ་ལམ་སྒྲུབ་པ་ལ་མཁས་པས་ཀྱང་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཡིན་པར་ཤེས་པར་བྱ་བ་དང༌།དེའི་རྒྱུ་ཀུན་འབྱུང་ཐམས་ཅད་སྤང་བར་བྱ་ཞིང་དེའི་རྒྱུད་ལ་བསྟེན་པར་བྱ་ཞེས་པའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号