ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལས་ལེའུ་ལྔ་པ། རིགས་ལ་མོས་པའི་ཕན་ཡོན་གྱི་ས
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་པ་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་སྐྱེ་བ། སྦྱོར་བ་སྦྱིན་སོགས་( ༡༧༠ན)བསྒྲུབ་པའོ།།
དང་པོ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ཁམས་འདི་ནི་སེམས་ཅན་ཀུན་ལ་ཡོད་པ་དང༌། དྲི་མ་མེད་པའི་བྱང་ཆུབ་ནི་བདག་འདྲས་ཀྱང་གློ་བུར་གྱི་དྲི་མ་བསལ་ན་འཐོབ་པར་ནུས་པ་དང༌། ཐོབ་པར་གྱུར་ན་འདི་འདྲ་བའི་ཡེ་ཤེས་དང་འཕྲིན་ལས་ཀྱི་ཡོན་ཏན་དང་ལྡན་ཞེས་ཡིད་ཆེས་པའི་དད་པས་མོས་པའི་ཕྱིར། དེ་དག་ལ་རྟག་ཏུ་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ནི་ཉེ་བར་གནས་པར་འགྱུར་ཞེས་པའོ། །སེམས་དེ་ཇི་ལྟ་བུ་ཞེ་ན། ཡོན་ཏན་མང་པོའི་སྣོད་དུ་གྱུར་པའོ། །ཡོན་ཏན་ཇི་ལྟ་བུ་ཞེ་ན། དགེ་བའི་ཆོས་ལ་འདུན་པ་དང༌། སྤྲོ་བའི་བརྩོན་འགྲུས་དང༌། དེ་མི་བརྗེད་པའི་དྲན་པ་དང་༑ དེ་ལ་རྩེ་གཅིག་པའི་བསམ་གཏན་དང༌། རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པའོ།།
གཉིས་པ་ལ་བཞི་སྟེ། སྤྱིར་བསྟན་པ། དེ་བཤད་པ། རིགས་བསྡུ་བ༑དག་པའི་རྒྱུའོ། །དང་པོ་ནི་བསམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་དེ་འབྲས་བུ་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ། དེའི་རྒྱུ་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་དག་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །གཉིས་པ་ལ་བསོད་ནམས་ཀྱི་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཡིན་ལ། ལྔ་པོ་དེ་ལ་སྦྱིན་པར་(༡༧༠བ)བྱ་བ་ལ་སོགས་པ་འཁོར་རྣམ་པ་གསུམ་དུ་རྟོག་པ་མེད་པས་བསོད་ནམས་ཀྱི་ཚོགས་དེ་རྫོགས་པར་འགྱུར་རོ། །དེ་དག་ཡོངས་སུ་དག་པར་བྱེད་པ་ནི་སྦྱིན་སོགས་དེའི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་རྣམས་སྤངས་པའི་ཕྱིར་རོ། །གསུམ་པ་ནི་བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་དང་གསུམ་ཡིན་ཏེ། དབུ་མ་ལ་འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ༑ །ཞེས་སོ། །དེ་ལ་ཕར་ཕྱིན་དང་པོ་ལྔ་ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ།   ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་བསམ་གཏན་གཉིས་ནི་བསྒོམས་པ་ལས་བྱུང་བ་ཡིན་ལ། བརྩོན་འགྲུས་ནི་ཀུན་གྱི་གྲོགས་སུ་འགྲོ་བའོ། །བཞི་པ་ལ་ཡང་སྤང་བྱ་ནི་བྱ་བའི་ཡུལ་དང་བྱེད་པ་པོ་དང་བྱ་བ་ལ་སོགས་པའི་འཁོར་གསུམ་གྱི་མཚན་མར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པར་འདོད་ལ། ལོངས་སྤྱོད་ལ་སོགས་པ་ལ་ཆགས་པའི་སེར་སྣ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པར་འདོད་དོ། །(༡༧༡ན)གཉེན་པོ་ནི་སྒྲིབ་པ་འདི་དག་གི་ས་བོན་སྤོང་བའི་རྒྱུ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཡིན་གྱི་དེ་ལས་གཞན་པའི་གཉེན་པོ་མེད་དོ། །དེའི་ཕྱིར་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་ཀྱང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་མཆོག་ཡིན་ཞིང་ཤེས་རབ་དེའི་གཞིའམ་རྒྱུ་ནི་རྒྱུད་བླ་མ་འདི་ཐོས་པ་ཡིན་ལ་དེའི་ཕྱིར་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་ཀྱང་ཐོས་པ་མཆོག་ཡིན་ཏེ། ཐོས་པའི་འབྲས་བུ་ཤེས་སྒྲིབ་སྤངས་པའི་ཆོས་སྐུ་ཡིན་པའི་ཕྱིར་རོ།།
གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གཉིས་ཏེ།རྫོགས་པའི་བྱ་བ་ཉིད་བརྗོད་པ།དེ་དག་གི་བསྡུས་དོན་ནོ།།
དང་པོ་ལ་གསུམ་སྟེ། གསུང་རབ་ཇི་ལྟར་བཤད་པའི་ཚུལ། ཆོས་སྤོང་གི་ལས་ལ་བག་ཟོན་བྱ་བ། གསུང་རབ་བཤད་པའི་བསོད་ནམས་བསྔོ་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་གང་ལས་དགོས་པ་གང་གི་ཕྱིར་བཤད་པ། ཚུལ་ཇི་ལྟར་བཤད་པ། དོན་གང་བཤད་པའོ། །དང་པོ་ནི་དེ་ལྟར་རྒྱུད་བླ་མའི་བསྟན་བཅོས་འདི་བཤད་དོ་ཞེས་པའོ། །རྒྱུ་གང་ལས་བཤད་ན་ངེས་དོན་གྱི་མདོ་སྡེ་རྣམས་ལ་ཡིད་ཆེས་པའི་ལུང་དང་འགལ་བ་འགོག་པ་དང་འབྲེལ་བ་སྒྲུབ་པ་ལ་སོགས་པའི་རི་གས་པ་ལ་བརྟེན་ནས་སོ།    །དགོས་པ་གང་གི་ཕྱིར་ན་རང་དོན་ནི་དངོས་སུ་བདག་ཉིད་འབའ་ཞིག་སྒྲིབ་པ་ཕྲ་ཞིང་( ༡༧༡བ)ཕྲ་བས་ཀྱང་དག་པར་བྱ་བའི་ཕྱིར་དང༌། གཞན་དོན་ནི་བརྒྱུད་ནས་གདུལ་བྱ་གང་དག་གོང་དུ་བཤད་པ་ལྟར་ཟབ་མོའི་དོན་ལ་མོས་པ་བསྐྱེད་པ་དང་དེ་ལ་བརྟེན་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་ཅན་དེ་དག་ལ་ཐེག་པ་ཆེན་པོའི་རྒྱས་འགྱུར་གྱི་རིགས་ཀྱི་དགེ་བ་བསྐྲུན་པས་རྗེས་སུ་གཟུང་བའི་ཕྱིར་རོ། །གཉིས་པ་ནི་རྒྱུད་བླ་མའི་བསྟན་བཅོས་འདི་ནི་རབ་ཏུ་བཤད་དོ་ཞེས་པའོ།   །ཚུལ་ཇི་ལྟར་ན་ཕྱིའི་རྐྱེན་སྒྲོན་མེ་དང་གློག་དང་ནོར་བུ་དང་ཉི་ཟླའི་འོད་ཟེར་ལ་བརྟེན་ནས་ནང་གི་རྐྱེན་མིག་དང་ལྡན་པས་གཟུགས་ལ་ལྟ་བ་བཞིན་དུ་དོན་རྟོགས་ནས་བཤད་དོ། །གང་ལ་བརྟེན་ནས་བཤད་ན་དེ་བཞིན་དུ་བརྗོད་བྱ་འབྲས་བུ་དོན་ཆེན་པོ་དང་ལྡན་པའི་རྗོད་བྱེད་གསུང་རབ་ཀྱི་ཆོས་ཀྱི་སྤོབས་པའི་འོད་མཛད་པའི་ཐུབ་པ་ལ་བརྟེན་ནས་བཤད་དེ་རང་དགར་བྱས་པ་ནི་མ་ཡིན་ཞེས་པའོ།།
གསུམ་པ་ལ་གཉིས་ལས། དང་པོ་བཤད་བྱ་དངོས་ནི་གལ་ཏེ་རྒྱུད་བླ་མའི་བསྟན་བཅོས་ཀྱིས་བདེ་བར་གཤེགས་པའི་གསུང་རབ་བཤད་ན་གསུང་རབ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གསུང་རབ་གང་ཞིག་བླང་བྱ་དང་དོར་བྱའི་དོན་སྟོན་པས་བསྒྲུབས་ན་འབྲས་བུའི་དོན་དང་ལྡན་པས་བརྗོད་བྱ་རྣམ་པར་དག་པ་དང༌། རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཞིང་སྤང་བྱ་ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་སྤོང་བར་བྱེད་ལ། འབྲས་བུ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་(༡༧༢ན)པས་དེ་ལ་སྦྱོར་བར་མཛད་པའི་གསུང་རབ་གང་ཡིན་པ་དེ་ནི་དྲང་སྲོང་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཡིན་ལ་དེ་དག་ལས་ལྡོག་པ་ནི་གཞན་ཞེས་པ་གསུང་རབ་མ་ཡིན་ནོ། །གཉིས་པ་དེའི་རྒྱུ་མཐུན་པ་ནི་གསུང་རབ་ལས་གཞན་མི་འཆད་དམ་ཞེ་ན། བཤད་པར་བྱ་བ་ཡང་ཡོད་དེ་བསྟན་བཅོས་གང་ཞིག་རྒྱལ་བ་འབའ་ཞིག་སྟོན་པར་བཟུང་བའི་དབང་དུ་བྱས་ཏེ་དེའི་གསུང་གི་རྗེས་སུ་ཞུགས་ཤིང་རྣམ་པར་གཡེང་བ་ཕྱིན་ཅི་ལོག་གི་བློ་མེད་པའི་ཡིད་ཅན་གྱིས་བཤད་པ་འབྲས་བུ་ཐར་པ་བྱང་ཆུབ་ཐོབ་པའི་ལམ་སྟོན་པས་བརྗོད་བྱ་དེ་དང་རྗེས་སུ་མཐུན་པ་གང་ཡིན་པ་དེ་ཡང་དྲང་སྲོང་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ཞེས་པ་ཡིད་ཆེས་པའི་གནས་སུ་གཟུང་བར་བྱ་བ་དེ་ཡང་ཤུགས་ཀྱིས་བཤད་དོ།།
གཉིས་པ་ཆོས་སྤོང་བའི་ལས་ལ་བག་ཟོན་བྱ་བ་ལ་གསུམ་སྟེ། ཆོས་སྤོང་གི་ལས་སྤང་བར་གདམས་པ། ལས་ཀྱི་རྒྱུ་ངོས་གཟུང་བ། ལས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་ངོ་བོ་སྤང་བ། རྒྱུ་ཞེན་ལྟ་བ་སྤང་པའོ། །དང་པོ་ནི་དྲང་སྲོང་རང་ཉིད་ཀྱིས་རྣམ་པར་བཞག་པའི་ངེས་དོན་གྱི་མདོ་སྡེ་གང་ཡིན་པ་དེ་དྲང་དོན་གྱི་ལུང་དང་རང་གི་རྟོག་གེ་ལ་བརྟེན་ནས་མི་དཀྲུག་ཅེས་པ་ལུང་གི་དོན་གཞན་དུ་བཅོས་པར་མི་བྱའོ།   །དེའི་རྒྱུ་མཚན་གང་གི་ཕྱིར་ན་རྒྱལ་བ་སངས་(༡༧༢བ)རྒྱས་ལས་ཆེས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་འདི་ན་ཡོད་པ་མ་ཡིན་པའི་ཕྱིར་ཏེ།ཤེས་བྱ་ཇི་སྙེད་པ་མ་ལུས་པ་དང༌། ཇི་ལྟ་བའི་དེ་ཁོ་ན་ཉིད་མཆོག་ནི་ཚུལ་བཞིན་དུ་ཀུན་མཁྱེན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་གྱི། དེ་ལས་གཞན་གྱིས་མཁྱེན་པ་མིན་པ་དེའི་ཕྱིར་རོ། །གལ་ཏེ་དཀྲུགས་ན་སྐྱོན་ཅི་ཡོད་ཅེ་ན།དཀྲུགས་པར་གྱུར་ན་དེ་ཡང་དམ་ཆོས་ལ་ནི་གནོད་པ་ཆེན་པོ་བྱེད་ཅིང་སྤོང་བར་འགྱུར་ཏེ། ཐུབ་པ་སངས་རྒྱས་ཀྱི་གསུང་རབ་ཀྱི་ཚུལ་བཤིག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་རང་གི་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་ཞེན་པའི་ལྟ་བའི་དྲི་མ་ཅན་དེ་ལ་བློ་མི་སྦྱོར་རོ་ཞེས་པའོ༑ །ཞེན་ལྟ་ལ་སྐྱོན་ཅི་ཡོད་ཅེ་ན། ཉེས་པ་གཉིས་ཡོད་དེ་ཉེས་སྤྱོད་ལ་འཇུག་པ་ནི་ཉོན་མོངས་པ་མ་རིག་པས་རྨོངས་པའི་བདག་ཉིད་ཅན་གྱི་གང་ཟག་རྣམས་ཀྱིས་འཕགས་པའི་གང་ཟག་ལ་སྐུར་བ་འདེབས་པ་དང༌། དེས་གསུངས་པའི་ཆོས་ལ་བརྙས་ཤིང་སྤངས་པ་གང་ཡིན་པ་དེ་ཀུན་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་བདེན་པར་ཞེན་པས་བྱས་པ་དེས་ན་ཞེས་པའོ། །ཡོན་ཏན་གྱི་རྟོགས་པ་སྐྱེ་མི་རུང་བ་ནི་དཔེར་ན་གོས་གཙང་མ་དྲི་མ་མེད་པ་ཚོན་གྱིས་ཁ་དོག་རྣམ་པར་བསྒྱུར་བར་ནུས་ཀྱི་སྣུམ་གྱིས་གོས་པའི་དྲི་མ་ཅན་བསྒྱུར་བར་ནུས་པ་མིན་པ་བཞིན་དུ་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་བློ་དྲི་མ་ཅན་ལ་ཡང་དག་པའི་རྟོགས་པ་མི་སྐྱེ་བའི་ཕྱིར་རོ།   །གཉིས་པ་རྒྱུ་ངོས་གཟུང་བ་ནི་( ༡༧༣ན)རྒྱུ་རྣམ་པ་བཅུས་དགྲ་བཅོམ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་དམ་པའི་ཆོས་སྤོང་བར་བྱེད་དོ།།བཅུ་གང་ཡིན་ན། སྐྱེས་ཐོབ་ཀྱི་ཤེས་རབ་མེད་པས་བློ་དམན་པ་དང༌།དད་པ་གསུམ་གང་ཡང་མེད་པས་དཀར་པོའི་ཆོས་རྣམས་ལ་མོས་པ་དང་བྲལ་བ་དང༌། དམན་པའི་དོན་ལ་མཆོག་ཏུ་འཛིན་པས་ལོག་པའི་ང་རྒྱལ་ལ་བརྟེན་པ་དང༌།    ཚེ་རབས་གཞན་དུ་དམ་པའི་ཆོས་ཀྱི་ཕོངས་པའི་སྒྲིབ་པས་བསྒྲིབས་པའི་ཕྱིར་དང༌། དྲང་དོན་དགོངས་པ་ཅན་གྱི་གསུང་རབ་ལ་སྒྲ་ཇི་ལྟ་བ་དེ་ཉིད་དུ་འཛིན་པ་དང༌། ཟང་ཟིང་ལོངས་སྤྱོད་ཀྱི་རྙེད་པ་ལ་བརྐམ་ཞིང་ཆགས་པའི་ཕྱིར་དང༌། རང་གི་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་དབང་དུ་གྱུར་པའི་ཕྱིར་དང༌།དམ་པའི་ཆོས་སུན་འབྱིན་ཅིང་སྤོང་བའི་སྡིག་པའི་གྲོགས་བསྟེན་པའི་ཕྱིར་དང༌། དམ་པའི་ཆོས་འཛིན་པའི་དགེ་བའི་བཤེས་གཉེན་རྒྱང་རིང་དུ་བསྲིངས་ཏེ་དེས་ཡོངས་སུ་འཛིན་པ་དང་བྲལ་བ་དང༌། ཟབ་པ་དང་རྒྱ་ཆེ་བའི་དོན་ལ་མོས་པ་དམན་པ་དང་བཅུའོ།   །མངོན་རྟོགས་རྒྱན་ལས། ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་པ་དང༌༑མདོ་སྡེ་རྒྱན་ལས་ཀྱང༌། རིགས་མེད་གྲོགས་ངན་སྔོན་དགེ་མ་(༡༧༣བ)བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌།།ཞེས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号