ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལས་ལེའུ་ལྔ་པ། རིགས་ལ་མོས་པའི་ཕན་ཡོན་གྱི་ས
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གསུམ་པ་ཆོས་སྤོང་གི་ལས་ཀྱི་འབྲས་བུ་ལ་གཉིས་ཏེ།   གནས་སྐབས་ངན་འགྲོར་སྐྱེ་བ་དང༌། གཏན་དུ་ཐར་པ་མི་འཐོབ་པའོ། །དང་པོ་ནི་བླང་དོར་ལ་མཁས་པའི་སྐྱེས་བུ་རྣམས་ཀྱིས་ཇི་ལྟར་ཟབ་མོའི་ཆོས་ལས་ཉམས་ཤིང་སྤངས་པ་དེ་ལ་འཇིགས་པས་བག་ཡོད་བྱ་བ་དེ་བཞིན་དུ་འཇིག་རྟེན་ན་གནོད་པ་ཆེ་བ་མེ་དང་ནི་མི་བཟད་པའི་སྒྲུབ་པའི་སྦྲུལ་གདུག་པ་ཅན་དང༌། གསོད་པའི་གཤེད་མ་དང་ཐོག་ལའང་དེ་ཙམ་དུ་ཤིན་ཏུ་འཇིགས་པར་མི་བྱའོ། །ཅི་སྟེ་ན་མེ་དང་སྦྲུལ་དང༌།དགྲ་དང་རྡོ་རྗེའི་མེས་ནི་གནོད་པ་ཤིན་ཏུ་ཆེ་ན་ཡང་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། དེ་དག་ལས་ཕྱི་མར་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ་ཆོས་སྤངས་པས་ནི་མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་བའི་ཕྱིར་རོ༑།མདོ་ལས་ཀྱང༌།སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌༑།རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་པས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་འདི་ནི་མནར་མེད་འགྲོ། །ཞེས་སོ། །གཉིས་པ་ནི་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུས་གང་ཞིག་ལྷ་སྦྱིན་ལྟ་བུའི་སྡིག་པའི་གྲོགས་པོ་ཡང་དང་ཡང་དུ་བསྟེན་པས་སངས་རྒྱས་ལ་ངན་སེམས་དང་ལྡན་པར་གྱུར་ཏེ་དཀྲོངས་(༡༧༤ན)པར་བརྩམས་པ་དང༌། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་བྱ་བ་མིན་པ་བྱེད་པ་དང༌། མཆོག་གི་ཚོགས་དགེ་འདུན་དང་འབྱེད་པའི་དབྱེན་བྱེད་པའི་མི་དེ་ཡང་གཉེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་དེ་ངེས་པར་བསམས་ཤིང་བསྒོམས་ན་མྱུར་དུ་མཚམས་མེད་པའི་སྡིག་པའི་ལས་དེ་ལས་ཐར་བར་འགྱུར་ཏེ།མདོ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ།།ཞེས་སོ།།གང་ཟག་གང་ཞིག་ཡིད་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་ཅེས་པ་ཐར་བའི་དུས་མེད་དེ་ཉེས་པའི་གཉེན་པོ་དང་བྲལ་བའི་ཕྱིར་རོ། །གསུམ་པ་བཤད་པའི་བསོད་ནམས་བསྔོ་བ་ལ་ལྔ་ལས་གང་བསྔོ་རྒྱུའི་དགེ་བ་ནི་འབྲས་བུ་དཀོན་མཆོག་གསུམ་དང་དེའི་རྒྱུ་རྣམ་པར་བྱང་བའི་ཁམས་དང༌།རྐྱེན་དྲི་མ་མེད་པའི་བྱང་ཆུབ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་དང༌། མཛད་པ་འཕྲིན་ལས་ཏེ་རྡོ་རྗེ་ལྟ་བུའི་དོན་རྣམ་པ་བདུན་པོ་འདི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་བཤད་པ་ལས་འཆད་པ་པོ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་ཞེས་པའོ། །ཆེད་དུ་བྱ་བ་ནི་ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་ཞེས་པའོ། །གང་དུ་བསྔོ་བའི་འབྲས་བུ་ལ།  གནས་སྐབས་ཀྱི་འབྲས་བུ་ནི་མཐའ་ཡས་པའི་འོད་མངའ་བའི་དྲང་སྲོང་ཆེན་པོ་སྐུ་ཚེ་དཔག་ཏུ་མེད་པ་དེ་མངོན་སུམ་དུ་མཐོང་(༡༧༤བ)ཞིང༌། དེ་མཐོང་ནས་ཀྱང་ནི་འབྲས་བུ་ཆོས་ཀྱི་མིག་དྲི་མ་མེད་པའི་མཐོང་བའི་ལམ་སྐྱེས་ཏེ་ཞེས་འཕགས་པའི་ལམ་ཐོབ་པར་བསྔོ་བའོ། །མཐར་ཐུག་གི་འབྲས་བུ་ནི་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག་ཅེས་བསྔོ་བའོ།།བསྔོ་བའི་རང་བཞིན་ནི།   ཀུན་རྫོབ་ཏུ་དགེ་བའི་རྩ་བ་ཐམས་ཅད་བློས་བསྡུས་ནས་འཁོར་གསུམ་ནི་མི་དམིགས་པའི་ཚུལ་གྱི་སངས་རྒྱས་ཀྱི་སར་གཏོད་པར་བྱེད་པ་སྟེ། དེ་ལ་བརྟེན་ནས་དགེ་བའི་རྩ་བ་ཆུང་ངུ་ཡང་ཆེན་པོར་འགྱུར་བ་དང༌། འབྲས་བུ་མི་ཟད་པར་འགྱུར་བ་དང༌།ཐེག་དམན་གྱི་དགེ་རྩ་ཟིལ་གྱིས་གནོན་པར་འགྱུར་བ་དང༌།   བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའོ། །བློ་གྲོས་མི་ཟད་པའི་མདོ་ལས༑ ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྟུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །བསྔོ་བའི་ངོ་བོ་ནི་དགེ་བའི་རྩ་བ་དེས་བྱང་ཆུབ་ཐོབ་པར་སེམས་པ་གྲོགས་དོན་དུ་གཉེར་བའི་འདུན་པ་དང་བཅས་པ་ཡིན་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི།།སེམས་པ་འདུན་དང་བཅས་པ་སྟེ།།ཞེས་སོ།།
གཉིས་པ་དེ་དག་གི་བསྡུས་དོན་ལ་དེ་ལྟར་ཡིད་ཆེས་ཞེས་པའི་ཚིགས་སུ་བཅད་པས་ནི་རྒྱུ་གང་ལས་རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་དུ་བཤད་པ་དང༌། ཇི་ལྟར་སྒྲོན་གློག་ཅེས་པས་ཚུལ་ཇི་ལྟ་བུར་ནི་(༡༧༥ན)བཤད་པ་དང༌། གང་ཞིག་དོན་ལྡན་ཞེས་པ་དེས་དོན་གང་བརྗོད་པ་དང༌། གང་ཞིག་རྒྱལ་བ་ཞེས་པས་བཤད་བྱ་དེའི་རྒྱུ་མཐུན་པ་ནི་གང་ཡིན་པ་དེ་བརྗོད་དེ་དེ་དག་ནི་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གང་ཕྱིར་རྒྱལ་ལས་ཞེས་པ་དང་ཉོན་མོངས་རྨོངས་དག་ཅེས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཉམས་སུ་མྱོང་བའི་ལས་སྤོང་བར་གདམས་པས་བདག་ཉིད་དག་པའི་ཐབས་དང༌། བློ་དམན་ཕྱིར་ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་ཆོས་སྤོང་བའི་ལས་ཀྱིས་ཉམས་པའི་རྒྱུ་དང༌། དེ་ནས་ཇི་ལྟར་ཟབ་མོའི་ཞེས་པ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་ཉམས་པའི་འབྲས་བུ་བསྟན་པ་ཡིན་ནོ། །དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་པའི་ཚིགས་སུ་བཅད་པ་ཐ་མ་ཡིས་ནི་གནས་སྐབས་ཀྱི་འབྲས་བུ་འོད་དཔག་མེད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་བཟོད་པ་ཐོབ་པ་དང༌།   མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཐོབ་པའི་ཆོས་སྤྱོད་པས་མདོར་ན་བསྟན་བཅོས་བཤད་པའི་བསོད་ནམས་མཆོག་གི་འབྲས་བུ་རྣམ་པ་གཉིས་ནི་བསྟན་པ་ཡིན་ནོ།   །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཕན་ཡོན་གྱི་ལེའུ་སྟེ།སྐབས་ལྔ་པའི་རྣམ་པར་བཤད་པའོ།། །།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号