ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལེའུ་གཉིས་པ།བྱང་ཆུབ་ཀྱི་སྐབས་ཀྱི་རྣམ་པར་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གསུམ་པ་མཇུག་བསྡུ་བ་ལ་སྐུ་གསུམ་པོ་འདི་དག་ལ་ཆོས་ཀྱི་སྐུ་ནི་ཟབ་ཅིང་རྟོགས་པར་དཀའ་བས་གྲངས་རིམ་པ་བཞིན་དུ་ཟབ་པའི་སྐུ་དང༌།ལོངས་སྤྱོད་རྫོགས་པའི་སྐུ་གཞན་དོན་གྱི་མཐུ་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི་སྐུ་དང༌།སྤྲུལ་པའི་སྐུ་ནི་(༡༣༤ན) གདུལ་བྱ་བྱིས་པའི་སྐྱེ་བོ་ལས་དག་པ་ཡན་ཆད་ཀྱི་བསམ་པའི་དོན་དང་མཐུན་པར་སེམས་ཅན་རྣམས་རབ་ཏུ་འདྲེན་པའི་ཕྱིར་བདག་ཉིད་ཆེན་པོའི་སྐུར་ཤེས་པར་བྱའོ།།དེ་དག་རྟེན་དང་བརྟེན་པའི་ཚུལ་ནི་སྐུའི་དབྱེ་བ་འཆད་པའི་སྐབས་འདིར་ནི་དང་པོ་ཟབ་པའི་སྐུ་ནི་ཆོས་སྐུ་ཡིན་ཞིང་༑ཕྱི་མ་དག་ནི་གཟུགས་ཀྱི་སྐུ་ཡིན་ལ།ཇི་ལྟར་ནམ་མཁའ་ལ་ནི་གཟུགས་གནས་པ་བཞིན་དུ་དང་པོ་ཆོས་ཀྱི་སྐུ་ལ་ཐ་མ་གཟུགས་ཀྱི་སྐུ་བརྟེན་ནས་གནས་ཞེས་པའོ།།
རྟག་པའི་དོན་ལ་གསུམ་སྟེ།མདོར་བསྟན།རྒྱས་པར་བཤད།མཇུག་བསྡུ་བའོ།།དང་པོ་ནི།རྒྱུ་རྣམ་པ་བཅུས་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ།།བཅུ་པོ་གང་ཞེ་ན།བསྐལ་པ་གྲངས་མེད་གསུམ་དུ་རྒྱུ་ཚོགས་མཐའ་ཡས་པ་བསགས་པ་དང༌།གདུལ་བྱའི་སེམས་ཅན་ཟད་པ་མེད་པས་དེ་སྲིད་དུ་བཞུགས་པ་ཡོད་པ་དང༌།སེམས་ཅན་ཐམས་ཅད་ལ་བརྩེ་བའི་གཞན་དབང་དུ་གྱུར་པས་དང༌།རྫུ་འཕྲུལ་གྱི་རྐང་པ་བརྙེས་པས་སྐུ་ཚེ་ལ་མངའ་བརྙེས་པ་དང༌།མཁྱེན་པས་འཁོར་འདས་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་དང༌།ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྲིད་པར་བཞུགས་ཀྱང་གནོད་པ་མེད་པ་དང༌།ཆོས་ཀྱི་དབང་ཕྱུག་ཅེས་པ་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པས་མི་གོས་པ་དང་བདུན་གྱིས་གཟུགས་ཀྱི་སྐུ་རྟག་པ་དང༌།སྲོག་འཕྲོག་པའི་འཆི་བའི་བདུད་ཐམས་ཅད་བཅོམ་པ་དང༌།རང་(༡༣༤བ)བཞིན་ནམ་ངོ།བོ་ཅིར་ཡང་གྲུབ་པ་མེད་པའི་ཕྱིར་དང༌།ཕྱི་མའི་མཐར་ཐུག་པར་འཇིག་རྟེན་གྱི་མགོན་པོ་སྟེ་སྐྱབས་སུ་གྱུར་པ་གསུམ་གྱིས་ཆོས་ཀྱི་སྐུ་རྟག་པའོ།།རྟག་པའི་དོན་ཡང་ཆོས་ཀྱི་སྐུ་ནམ་མཁའ་ལྟར་སྐད་ཅིག་གིས་འཇིག་པ་མེད་པས་རང་བཞིན་གྱིས་རྟག་པའོ།།ལོངས་སྤྱོད་རྫོགས་པའི་སྐུ་ནི་སྐད་ཅིག་མ་ཡིན་ཡང་རི་རབ་རྒྱུན་ཆགས་པས་རྟག་པ་དང༌།སྤྲུལ་པའི་སྐུ་ནི་ཉི་མ་ལྟར་རེས་འགའ་གསལ་ལ།ལ་ལར་མི་སྣང་ཡང་གདུལ་བྱའི་དབང་གིས་ཡང་དང་ཡང་དུ་འབྱུང་བས་རྟག་པའོ།།རྒྱན་ལས།དེ་དག་རྟེན་དང་དགོངས་པ་དང༌།།འཕྲིན་ལས་ཀྱིས་ནི་མཉམ་པ་ཉིད།།རང་བཞིན་དང་ནི་རྒྱུན་མི་འཆད།། རྒྱུན་གྱིས་དེ་དག་རྟག་པ་ཉིད།།ཅེས་སོ༑།གཉིས་པ་ལ་གཉིས་ཏེ།གཟུགས་སྐུ་དང༌།ཆོས་སྐུ་རྟག་པའི་རྒྱུའོ།།དང་པོ་ལའང་གཉིས་ཏེ།འཇིག་རྟེན་ཡོངས་སུ་འཛིན་པ་དང༌།མི་འདོར་བའི་རྒྱུའོ།།དང་པོ་ལ་བཞི་ལས།རྒྱུ་ཚང་བ་ནི་སྔོན་སློབ་པ་ལམ་གྱི་གནས་སྐབས་ན་རང་གི་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་ཕངས་པ་མེད་པར་བཏང་ནས་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་རོ།།དགོས་པ་མི་ལྡོག་པ་ནི་གདུལ་བྱ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང་པོར་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་ཞེས་དམ་བཅས་པའི་དོན་མཐར་ཕྱིན་པའི་ཕྱིར་རོ།།བཞེད་པ་མངའ་བ་ནི་རྫོགས་པའི་སངས་རྒྱས་ཉིད་ནི་སེམས་ཅན་ཐམས་ཅད་ལ་གཙང་བ་དང་དག་པའི་ཐུགས་རྗེ་རབ་ཏུ་འཇུག་(༡༣༥ན)པའི་ཕྱིར་རོ།།ནུས་པ་མངའ་བ་ནི་རྫུ་འཕྲུལ་གྱི་རྐང་པ་སྟོན་པ་སྟེ་ཐོབ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་ཡིས་འཇིག་རྟེན་གནས་པར་སྤྱོད་པ་སྟེ་ནུས་པའི་ཕྱིར་རོ།།གཉིས་པ་མི་འདོར་བའི་སྒྱུ་ལ་གསུམ་ལས།བླང་དོར་གྱི་ཡུལ་མ་དམིགས་པ་ནི་མཁྱེན་པའི་ཤེས་རབ་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་མི་དམིགས་པར་གཟིགས་པས་དེ་དག་ལ་བླང་དོར་གཉིས་སུ་འཛིན་པ་ལས་གྲོལ་བའི་ཕྱིར་རོ།།སྡུག་བསྔལ་གྱིས་མི་གནོད་པ་ནི་དུས་རྟག་ཏུ་བསམ་ཡས་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ།།ཉེས་པས་མི་གོས་པ་ནི་འཇིག་རྟེན་ན་ནི་རྟག་ཏུ་བཞུགས་ཤིང་སྤྱོད་པ་ན་འཇིག་རྟེན་པའི་སྐྱོན་གྱི་ཆོས་རྣམས་ཀྱིས་གོས་པ་མེད་པའི་ཕྱིར་རོ།།
      གཉིས་པ་ཆོས་སྐུ་རྟག་པའི་རྒྱུ་ལ་གསུམ་ལས། གཉེན་པོས་ཐོབ་པ་འཆི་བ་མེད་པ་ནི་རྒྱུ་ཟག་བཅས་དང་ཟག་མེད་ཀྱི་ལས་དང་སྐྱེ་བ་རྣམས་བཅོམ་པས།འབྲས་བུའི་ཚིག་ཏུ་གསལ་བའི་འཆི་འཕོ་བ་དང༌།བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ཀུན་ཉེ་བར་ཞི་བའི་གནས་ཐོབ་པ་ལ་འཆི་བདུད་རྒྱུ་བ་མེད་པའི་ཕྱིར་རོ།།རང་བཞིན་དུ་གྲུབ་པ་ནི་འདུས་མ་བྱས་པའི་རང་བཞིན་གྱིས་ཐུབ་པ་གདོད་མ་ནས་རབ་ཏུ་ཞི་བའི་ཕྱིར་རོ།།དེ་གཉིས་མི་བསླུ་བའི་སྐྱབས་ཡིན་པ་ནི་སྐྱབས་མེད་པའི་སེམས་ཅན་རྣམས་ཀྱི་རྟག་པ་སྟེ་གཏན་གྱི་སྐྱབས་དང་མགོན་ལ་སོགས་པར་འཐད་པའི་ཕྱིར་རོ།།གསུམ་(༡༣༥བ)པ་མཇུག་བསྡུ་བ་ནི་དང་པོ་ཡི་ནི་རྒྱུ་བདུན་གྱིས་གཟུགས་ཀྱི་སྐུའི་རྟག་པ་ཉིད་དེ་ཕྱི་མ་གསུམ་གྱིས་སྟོན་པ་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡེ་ཤེས་རྟག་པ་ཉིད་དོ་ཞེས་སོ།།
བསམ་གྱིས་མི་ཁྱབ་པའི་དོན་ལ་གསུམ་སྟེ།མདོར་བསྟན། རྒྱས་པར་བཤད།མཇུག་བསྡུ་བའོ།།དང་པོ་ནི་རྒྱལ་བའི་ཡུལ་དུ་གྱུར་པའི་སངས་རྒྱས་ཀྱི་སྐུ་གསུམ་པོ་འདི་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་སྟེ་ངག་གི་ཡུལ་མིན་ཞེས་པ་སྒྲའི་བརྗོད་བྱ་ལས་འདས་པའི་ཕྱིར་རོ།།དེ་ཡང་ཅི་སྟེ་ན་དོན་དམ་གྱི་བདེན་པས་བསྡུས་པའི་ཕྱིར་རོ།།དེ་ཡང་ཅི་སྟེ་ན་རྣམ་པར་རྟོག་པས་རྟག་པར་བྱ་བའི་གནས་མིན་པའི་ཕྱིར་རོ།།དེ་ཡང་ཅི་སྟེ་ན་རྟགས་དང་དཔེ་ལས་འདས་པའི་ཕྱིར་རོ།།དེ་ཡང་ཅི་སྟེ་ན་བླ་ན་མེད་པ་སྟེ་འཇིག་རྟེན་ལས་འདས་པའི་ཕྱིར་རོ།།དེ་ཡང་ཅི་སྟེ་ན་སྲིད་པ་དང་ཞི་བས་མ་བསྡུས་པའི་ཕྱིར་རོ།།གཉིས་པ་ལ་གཉིས་ཏེ།བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན།རྟགས་དང་རྟགས་ཅན་སྦྱར་བའོ།།དང་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་པོ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་དུ་མེད་དེ།སྒྲས་བརྗོད་དུ་མེད་པའི་ཕྱིར་རོ།།སྒྲས་བརྗོད་དུ་མེད་པ་ཡིན་ཏེ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ།།དོན་དམ་བདེན་པ་ཡིན་ཏེ་རྟོགས་པས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་རོ།།རྟོག་པས་བརྟག་པར་བྱ་བ་མ་ཡིན་ཏེ།རྟགས་(༡༣༦ན)ལས་རྗེས་སུ་དཔག་པར་བྱ་བ་མ་ཡིན་པའི་ཕྱིར་རོ།།རྗེས་སུ་དཔག་ནུས་མ་ཡིན་ཏེ།བླ་ན་མེད་པ་ཡིན་པའི་ཕྱིར་རོ།།བླ་ན་མེད་པ་ཡིན་ཏེ།སྲིད་པ་དང་ཞི་བར་སྣང་ཡང་དེ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་རོ།།སྲིད་ཞིས་མ་བསྡུས་པ་ཡིན་ཏེ།སྲིད་ཞི་གཉིས་ལ་གནས་པ་མེད་པའི་ཕྱིར་རོ།།ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ།།གཉིས་པ་ལ་བརྗོད་དུ་མེད་པ་ལ་སོགས་པའི་རྒྱུ་མཚན་དང་པོ་ལྔ་པོ་དག་གིས་ཤིན་ཏུ་ཕྲ་བའི་ཕྱིར་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་ནོ།།དྲུག་པས་སྲིད་ཞིས་མ་བསྡུས་པའི་ཕྱིར་ཞེས་པའི་རྟགས་ཀྱིས་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ།སྲིད་པའི་ཆོས་སྐྱེ་འགག་ཏུ་སྣང་ཡང་སྲིད་པ་དེའི་དངོས་པོ་མིན་པའི་ཕྱིར་རོ།།གསུམ་པ་མཇུག་བསྡུ་བ་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་བོ།།རྒྱུ་མཚན་གང་གིས་ན་ཡོན་ཏན་གྱི་ཕ་རོལ་ཏུ་བྱོན་པ་སྟེ་ཕུལ་དུ་ཕྱིན་པའི་ཕྱིར་རོ།།ཡོན་ཏན་ཇི་ལྟ་བུ་ཞེ་ན།བླ་མེད་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་གྱིས་ཞེས་པའོ།།དེས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་རྣམ་གཞག་རྣམ་པ་བརྒྱད་ཀྱི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་འདི་ནི་དྲང་སྲོང་ཆེན་པོ་བྱང་ཆུབསེམས་དཔའ་དབང་ཐོབ་པ་ས་བརྒྱད་པ་ཡན་ཆད་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་རིག་པ་མིན་ཞེས་པའོ།།(༡༣༦བ)ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གྱི་རིགས་རྣམ་པར་དབྱེ་བ་ལས་བྱང་ཆུབ་ཀྱི་སྐབས་ཏེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ༑།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号