ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལེའུ་གཉིས་པ།བྱང་ཆུབ་ཀྱི་སྐབས་ཀྱི་རྣམ་པར་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་སྟེ།མཚན་ཉིད་ལྔ་ངོས་བཟུང༌།དེ་དག་བསྡུས་ཏེ་བསྟན།སྣང་བ་དཔེས་མཚོན་པའོ།། དང་པོ་ནི།གསུང་གི་བརྗོད་པ་ཟབ་པ་དང་སྣ་ཚོགས་པ་དང༌།རྒྱ་ཆེ་བ་ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་པ་དང་༑སྐུ་སྟོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་དེའི་རང་བཞིན་གྱི་ཆོས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་སྣང་བའི་ཕྱིར་ཞེས་སོ།།མངོན་རྟོགས་རྒྱན་ལས།མཚན་ནི་སུམ་ཅུ་རྩ་གཉིས་དང༌།།དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི།།ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར།།ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད།།ཅེས་སོ།།ཐུགས་ཀྱི་མཛད་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་རྣམ་པར་དག་པས་དེའི་རྒྱུ་མཐུན་པའི་འགྲོ་བའི་དོན་རྒྱུན་མི་འཆད་པའི་ཕྱིར་དང༌།འབད་པ་མེད་པ་ནི་རྣམ་པར་རྟོག་པ་མེད་ཅིང་རྩོལ་བ་ལ་མི་ལྟོས་པས་ལྷུན་གྱིས་གྲུབ་པར་གདུལ་བྱའི་འདོད་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐོང་བ་དང༌།རས་ཀྱི་ཁ་དོག་གི་དབང་གིས་ཡིད་བཞིན་གྱི་ནོར་བུའི་ཁ་དོག་སྣ་ཚོགས་སུ་སྣང་ཡང་དེ་དང་བྲལ་བ་ལྟར་གདུལ་བྱའི་ཁམས་(༡༢༧ན)དང་མོས་པའི་དབང་གིས་རྫུ་འཕྲུལ་སྣ་ཚོགས་པའི་རྣམ་པར་སྣང་ཡང་དེའི་རང་བཞིན་དང་བྲལ་བ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་རྣམ་པར་གནས་སོ།།གཉིས་པ་ནི།གསུང་བརྗོད་པ་དང༌།སྐུ་སྟོན་པ་དང༌།ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་དང༌།འབད་རྩོལ་གྱི་མངོན་པར་འདི་བྱེད་པ་མེད་པ་དང༌།སྣ་ཚོགས་པ་དེའི་ངོ་བོ་མིན་ཡང་དེར་སྟོན་པར་མཛད་པས་ན་འདིར་སྣ་ཚོགས་སུ་སྣང་བ་དང་རྣམ་པ་ལྔར་བརྗོད་དོ།།གསུམ་པ་ནི་དཔེ་ཇི་ལྟར་རས་ཀྱི་ཚོན་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་སྣ་ཚོགས་པར་སྣང་བ་ལྟར།དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཁམས་དང་མོས་པའི་རྐྱེན་སྣ་ཚོགས་པས།ཁྱབ་བདག་ཅེས་པ་སངས་རྒྱས་ཀྱང་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་སྣ་ཚོགས་དེའི་ངོ་བོར་སྣང་ཞེས་པའོ།།
གསུམ་པ་སྤྲུལ་པའི་སྐུ་ལ་གཉིས་ཏེ།སྤྱིའི་རྣམ་གཞག་དང༌། གཞུང་གི་དོན་ནོ།།དང་པོ་ལ་གསུམ་སྟེ།མཚན་ཉིད་དང་དབྱེ་བ་དང་རྣམ་འཕྲུལ་ལོ།།དང་པོ་ནི།སངས་རྒྱས་ཀྱི་སྐུ་གང་གིས་དག་པ་དང་མ་དག་པའི་ཞིང་སྣ་ཚོགས་སུ་གདུལ་བྱ་སོ་སོའི་སྐྱེ་བོ་དང་འཕགས་པ་སྣ་ཚོགས་པ་རྣམས་ལ་ཆོས་སྣ་ཚོགས་གསུང་བའོ།། གཉིས་པ་ལ།དྲི་ཟའི་རྒྱལ་པོ་རབ་དགའ་དོན་དུ་པི་ཝང་ལེན་པའི་རྣམ་(༡༢༧བ)པར་སྤྲུལ་པ་ལྟ་བུ་བཟོའི་སྤྲུལ་པ་དང༌།རི་དྭགས་རུ་རུར་སྐྱེས་པ་ལྟ་བུ་སྐྱེ་བ་སྤྲུལ་པ་དང༌།ཤཱཀྱ་ཐུབ་པ་ལྟ་བུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་དང་གསུམ་མོ།།རྒྱན་ལས།བཟོ་དང་སྐྱེ་དང་བྱང་ཆུབ་ཆེ།།མྱ་ངན་འདས་པ་རྟག་སྟོན་པས།།སངས་རྒྱས་སྤྲུལ་པའི་སྐུ་འདི་ནི།།རྣམ་པར་གྲོལ་བའི་ཐབས་ཆེན་ནོ།།ཞེས་སོ།།
གསུམ་པ་ལ་མི་མཇེད་ཀྱི་ཞིང་ཁམས་འདིར་མཆོག་གི་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་ཚུལ་ནི་གཞུང་ནས་སྟོན་ཏོ།།གླིང་འདིར་འཕྲིན་ལས་ཇི་ལྟར་མཛད་པ་ལྟར།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་ཡང་མཛད་པ་འཕྲིན་ལས་དེ་བཞིན་དུ་བསྒྲུབས་ལ།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ནའང་དེ་བཞིན་གཤེགས་པའི་མཚན་ཐ་དད་པ་རྣམས་ཀྱིས་གདུལ་བྱའི་དོན་མཛད་པར་གསུངས་ཏེ།འཕགས་པ་དཀོན་མཆོག་འབྱུང་གནས་ལས།འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་སྙེད་ཀྱི་ཞིང་འདས་པ་ན་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པ་ཡོད་དེ།དེའི་ནང་ན་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཤེས་སོ།། ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་བཞི་བཅུའི་མཚན་ཞིང་དང་( ༡༢༨ན)བཅས་པ་དངོས་སུ་སྨོས་ནས༑དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཚེ།ང་ལ་སེམས་ཅན་རྣམས་ཀྱིས་མིང་ཐ་དད་པར་ཤེས་པ་ནི་བརྗོད་དུ་མེད་པའི་བསྐལ་པར་སྨོས་ཀྱང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གི་མཐའ་རྟོགས་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ།།དེ་ལྟ་བུའི་མཛད་པ་དེ་ཡང་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་གང་དང་གང་ན་ཡོད་པ་དེར་བྱུང་གི།གཞན་དུ་མི་འབྱུང་སྟེ་དོན་མེད་པའི་ཕྱིར་རོ།།རྒྱན་ལས།ཇི་ལྟར་མེ་ནི་གཞན་དུ་འབར།།གཞན་དུ་ཞི་བར་འགྱུར་བ་ལྟར།།དེ་བཞིན་སངས་རྒྱས་རྣམས་ལ་ཡང༌།།སྣང་དང་མི་སྣང་ཤེས་པར་བྱ།།ཞེས་སོ།།དེ་ཡང་གདུལ་བྱའི་བློ་དང་མཐུན་པར་ཐབས་གང་གིས་ཇི་ལྟར་འདུལ་བའི་ཚུལ་མཛད་པ་ཡིན་གྱི་བློ་ལ་མི་འཕྲོད་པར་ནི་མི་མཛད་དེ།དོན་དུ་མི་འགྱུར་བའི་ཕྱིར་རོ།།འདི་ཉིད་ལས།རྟག་ཏུ་ཐམས་ཅད་ལ་ཁྱབ་པ།།ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི།།སངས་རྒྱས་ཉི་མ་གདུལ་བྱ་ཡི།།རི་ལ་ཇི་ལྟར་འོས་པར་འབབ།།ཅེས་སོ།།དེ་ལྟར་ན་མཛད་པ་བཅུ་གཉིས་པོ་འདི་དག་བྱང་ཆུབ་སེམས་དཔའི་མཛད་པ་ཡིན་ནམ་སངས་རྒྱས་ཀྱི་མཛད་པ་ཡིན་ཞེ་ན།ཉན་ཐོས་པ་དག་ནི་དང་པོ་དགུའམ་བཅུ་བྱང་ཆུབ་སེམས་དཔའི་ཡིན་ལ།དེ་ཡང་སོ་སོའི་སྐྱེ་བོ་སྲིད་པ་ཐ་མའི་ཡིན་པར་འདོད་དོ།།ཐ་མ་གསུམ་( ༡༢༨བ)མམ་གཉིས་ནི་སངས་རྒྱས་ཀྱི་ཡིན་པར་འདོད་དོ།།སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པ་འགའ་ཞིག་ནི།དང་པོ་བཅུ་བྱང་ཆུབ་སེམས་དཔའི་ཡིན་ལ་ཐ་མ་གཉིས་སངས་རྒྱས་ཀྱི་ཡིན་པར་བཞེད་དོ།།སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་དཀའ་བ་སྤྱོད་པའི་ཚེ་རྣམ་སྨིན་གྱི་ཕུང་པོ་དེ་ཉིད་དུ་བཞག་ནས་སྤྲུལ་པའི་སྐུས་འོག་མིན་དུ་སོང་ནས་དེར་སངས་རྒྱས་ཏེ་སླར་ཡང་སྔར་གྱི་སྐུ་ལ་ཞུགས་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་སོགས་པ་མཛད་པས་ན་དང་པོབདུན་བྱང་ཆུབ་སེམས་དཔའི་ཡིན་ལ་ཕྱི་མ་ལྔ་སངས་རྒྱས་ཀྱི་ཡིན་པར་འདོད་དོ།།ཐེག་པ་ཆེན་པོ་ཕལ་ཆེར་གྱིས་ཐམས་ཅད་སངས་རྒྱས་ཀྱི་ཡིན་པར་བཞེད་དེ།འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་ཞིང་དུ་མར་སྤྲུལ་སྐུའི་མཛད་པ་སྟོན་པའི་ཕྱིར་རོ།།ཞེས་བཞེད་དོ།།འཕགས་པ་བྱམས་པའི་དགོངས་པས་བྱང་ཆུབ་སེམས་དཔའ་ས་དགུ་པ་དང་བཅུ་པ་ལ་མཛད་པ་བཅུ་གཉིས་སྟོན་པས་དེ་ཐམས་ཅད་བྱང་ཆུབ་སེམས་དཔའི་མཛད་པ་ཡིན་པ་དང༌།མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་བཅུ་གཉིས་ཡང་དང་ཡང་དུ་སྟོན་པས་དེ་ཐམས་ཅད་སངས་རྒྱས་ཀྱི་ཡིན་པར་དགོངས་པའོ།།འོན་ཀྱང་འདི་དག་ནི་གདུལ་བྱ་ལ་ཇི་ལྟར་སྣང་བ་བཞིན་དུ་བཞག་པར་བྱ་བ་ཡིན་པས་དེ་ལ་ནི་དང་པོ་བཅུ་བྱང་ཆུབ་སེམས་དཔའི་མཛད་པ་དང་ཐ་མ་གཉིས་སངས་རྒྱས་ཀྱི་མཛད་པ་ཡིན་པར་མངོན་ནོ།།གཉིས་པ་གཞུང་གི་(༡༢༩ན)དོན་ལ་གཉིས་ཏེ།མཛད་པ་དངོས་དང༌།དེའི་འཕྲིན་ལས་སོ།།དང་པོ་ནི། མཛད་པ་སྟོན་པར་མཛད་དོ་ཞེས་དྲང་ངོ༌།།རྒྱུ་གང་ལས་ན་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོས་སོ།།ཇི་ལྟར་ན་འཇིག་རྟེན་མཁྱེན་པའི་ཇི་སྙེད་པའི་ཡེ་ཤེས་ཀྱིས་གདུལ་བྱའི་འཇིག་རྟེན་ཀུན་ལ་གཟིགས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་ལས་མ་གཡོས་པར་རོ།།གནས་གང་དུ་ན་ཡོངས་སུ་མ་དག་པའི་ཞིང་ཁམས་རྣམས་སུའོ།།དུས་ཇི་སྲིད་དུ་ན་སྲིད་པ་ཇི་སྲིད་གནས་ཀྱི་བར་དུའོ།།གང་སྟོན་ན་སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི་མཛད་པ་རྣམས་སོ།།དེ་དག་ཀྱང་གང་ཞེ་ན།འདི་ལྟར་དགའ་ལྡན་གྱི་གནས་སུ་སྐྱེ་བ་མངོན་པར་སྐྱེ་བ་དང༌།དགའ་ལྡན་ནས་ནི་འཛམ་བུའི་གླིང་དུ་འཕོ་བ་དང༌།ཡུམ་གྱི་ལྷུམས་སུ་འཇུག་པ་དང༌།ཟླ་བ་བཅུ་ཚང་ནས་སྐུ་བལྟམས་པ་དང༌།ཡི་གེ་ལ་སོགས་པ་བཟོའི་གནས་ཐམས་ཅད་ལ་མཁས་པར་བསྟན་པ་དང༌། བཙུན་མོའི་འཁོར་བརྒྱད་ཁྲི་ལ་སོགས་པའི་ནང་དུ་དགྱེས་པར་རོལ་པའི་ཚུལ་བསྟན་པ་དང༌།ཁབ་ཀྱི་གནས་ནས་ངེས་པར་རབ་ཏུ་འབྱུང་བ་དང༌།ཆུ་ཀླུང་ནཻ་རཉྫྰ་ནའི་འགྲམ་དུ་དཀའ་བ་སྤྱོད་པ་དང༌། རྡོ་རྗེའི་གདན་གྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌།བྱང་ཆུབ་ཀྱི་ཤིང་དྲུང་རྩྭའི་སྟན་ལ་བཞུགས་ནས་བདུད་ཀྱི་སྡེ་དཔུང་དང་བཅས་པ་འཇོམས་པ་དང༌།དེའི་རྗེས་སུ་ཡོངས་( ༡༢༩བ)སུ་དག་པའི་བསམ་གཏན་བཞི་རྫོགས་པར་མཛད་དེ།སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་རྫོགས་པར་བྱང་ཆུབ་བསྟན་པ་དང༌།ལྔ་སྡེ་བཟང་པོ་དགེ་སློང་དུ་གྱུར་པ་དང༌།དེ་དག་ལ་འདི་སྐད་དུ་དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་པ་སྟེ༑འདོད་པ་བསོད་སྙོམས་ལ་སྤྱོད་པའི་མཐའ་དང༌།ངལ་ཞིང་དུབ་པར་འགྱུར་བའི་མཐའ་སྟེ།མཐའ་འདི་དག་སྤངས་ནས་དབུ་མའི་ལམ་ཉིད་ཀྱི་ཆོས་སྟོན་ཏེ།ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ཏོ།།བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་སྟེ།སྡུག་བསྔལ་དང་སྡུག་བསྔལ་ཀུན་འབྱུང་བ་དང༌།སྡུག་བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ།།ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌།རྩྭ་མཆོག་གི་གྲོང་ཁྱེར་ཤིང་སཱ་ལ་ཟུང་གི་དྲུང་དུ་བྱོན་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གཤེགས་པར་མཛད་པ་རྣམས་སོ།།གཉིས་པ་དེའི་འཕྲིན་ལས་ལ་གསུམ་ལས།ལམ་ལ་མ་ཞུགས་པ་ཐར་པ་ལ་དགོད་པ་ནི་རབ་ཏུ་འཇུག་པར་མཛད་ཅེས་པའོ།།གང་ལ་ན་ཞི་བ་མྱ་ངན་ལས་འདས་པའོ།།གང་གིས་ན་གདུལ་བྱ་འདུལ་བའི་ཐབས་མཁྱེན་པའི་སངས་རྒྱས་ཀྱིས་སོ།།གང་ན་ལམ་ལ་མ་ཞུགས་པའི་སེམས་ཅན་རྣམས་སོ།།ཇི་ལྟར་ན་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་སོ།།གང་གི་སྒོ་ནས་སྐྱོ་བ་(༡༣༠ན)བསྐྱེད་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང༌།ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌།ཆོས་ཐམས་ཅད་བདག་མེད་པ་དང༌།མྱ་ངན་ལས་འདས་པ་ཐམས་ཅད་ཞི་བར་སྟོན་པའི་སྒྲ་ཡིས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号