ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལེའུ་གཉིས་པ།བྱང་ཆུབ་ཀྱི་སྐབས་ཀྱི་རྣམ་པར་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་(༡༢༣བ)པ་ངེས་པའི་དོན་ངོས་གཟུང་བ་ནི།།སྐུ་བཞི་དང་ལྔ་ལ་སོགས་པར་དབྱེ་བ་ནི།སྤྲོས་པ་ལ་དགའ་བའི་བློ་ངོར་སྐུ་གསུམ་པ་འདི་ལས་ཕྱེ་ནས་བཤད་པར་ཟད།སྐུ་གསུམ་དུ་མ་འདུས་པ་ནི་ཡོད་པ་མ་ཡིན་ནོ།།དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་ཉིད་ཡིན་ཏེ།རྒྱན་ལས།སྐུ་གསུམ་དག་གིས་སངས་རྒྱས་ཀྱིས།།སྐུ་བསྡུས་པར་ནི་ཤེས་བྱ་སྟེ།།སྐུ་གསུམ་དག་གིས་རང་བཞིན་གྱི།།དོན་འདི་རྟེན་དང་བཅས་པར་བསྟན།།ཞེས་སོ།།འདི་ལྟར་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་སྐལ་བ་མེད་པའི་སེམས་ཅན་རྣམས་ལ་ནི་སངས་རྒྱས་ཀྱི་སྐུ་གང་ཡང་མི་སྣང་ཏེ།རྒྱན་ལས།ཇི་ལྟར་ཆུ་ཡི་སྣོད་ཆག་ན།ཟླ་བའི་གཟུགས་བརྙན་མི་སྣང་བ།།དེ་བཞིན་སེམས་ཅན་ངན་པ་ལ།།སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌།།ཞེས་སོ༑།འཕྲིན་ལས་འཇུག་པ་ལ་ཡང་རང་དང་གཞན་གཉིས་ལས།རང་གི་དོན་སྒྲུབ་པ་ནི་ཆོས་སྐུ་ཡིན་ཏེ།རང་ཉིད་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་སྤངས་ནས་ཟག་པ་མེད་པའི་འབྱོར་པ་ཐོབ་པའི་ཕྱིར་རོ།།གཞན་གྱི་དོན་སྒྲུབ་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ།གཟུགས་ཀྱི་གདུལ་བྱ་ཉེ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ལ།རིང་བ་ཉན་རང་དང་སོ་སོའི་སྐྱེ་བོ་རྣམས་ལ་སྤྲུལ་པའི་སྐུ་སྣང་སྟེ།གཞུང་ལས།དག་ལས་ཉེ་བའི་རིང་རྣམས་ལས།།འཇིག་རྟེན་རྒྱལ་བའི་(༡༢༤ན)དཀྱིལ་འཁོར་དུ།།ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན།།དེ་མཐོང་བ་ནི་རྣམ་པ་གཉིས།།ཞེས་སོ།།ཡང་ན་ལོངས་སྤྱོད་རྫོགས་པའི་སྐུས་རང་ཉིད་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རང་གི་དོན་བྱེད་པ་ཡིན་ལ།སྤྲུལ་པའི་སྐུ་ནི་གཞན་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྟོན་པའི་ཕྱིར་གཞན་གྱི་དོན་བྱེད་ཅིང༌།ཆོས་ཀྱི་སྐུ་ནི་དེ་གཉིས་ཀའི་རྟེན་ཡིན་ནོ།།
གཉིས་པ་གཞུང་གི་དོན་ལ་གཉིས་ཏེ།མདོར་བསྟན།རྒྱས་པར་དབྱེ་བའོ།།དང་པོ་ལ་གསུམ་སྟེ།ཆོས་ཀྱི་སྐུ་དང༌།ལོངས་སྤྱོད་རྫོགས་པའི་སྐུ་དང༌།སྤྲུལ་པའི་སྐུའོ།།དང་པོ་ལ་གཉིས་ལས་མཚན་ཉིད་ངོས་གཟུང་བ་ནི།རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ནི་ཁྱད་པར་ལྔ་དང་ལྡན་པ་སྟེ་དེ་ཡང་འདུས་མ་བྱས་པ་ནི་འདུས་བྱས་ཀྱི་ཆོས་ཐོག་མར་སྐྱེ་བ་དང་དབུས་གནས་པ་དང་མཐར་འགག་པ་རྣམས་མེད་ཅིང་ཞེས་པའོ།།ཐ་དད་མེད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ལ་གཅིག་དང་ཐ་དད་དུ་རྣམ་པར་དབྱེར་མེད་པའོ།།ཕྱིན་ཅི་མ་ལོག་པ་ནི་བདག་དང་བདག་མེད་པའི་སྤྲོས་པའི་མཐའ་གཉིས་སུ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉིས་མེད་པའོ།།རྣམ་པར་དག་པ་ནི་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བའོ།།རང་བཞིན་གྱིས་འོད་གསལ་བ་ནི་རང་བཞིན་གྱིས་དག་(༡༢༤བ)པས་དྲི་མ་མེད་པ་དང༌།རྟོག་གེའི་ཡུལ་མ་ཡིན་པ་ནི་རྣམ་པར་རྟོག་པ་མེད་པ་དང༌།སྣང་བ་མེད་པའི་ཤེས་རབ་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པའི་ཆོས་སྐུ་དེ་རྟོགས་པ་ནི་སྒོམ་བྱུང་གི་ཤེས་རབ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མངོན་སུམ་དུ་མཐོང་བར་འགྱུར་རོ།།
གཉིས་པ་དེའི་ཡོན་ཏན་ལ་གཉིས་ལས།རྟོགས་པའི་ཡོན་ཏན་ནི།རྒྱ་ཆེ་བ་ཚད་མས་གཞལ་བར་དཀའ་བས་གཞལ་དུ་མེད་པ་དང༌།གཅིག་དང་གཉིས་ལ་སོགས་པའི་གྲངས་ལས་འདས་པས་གངྒྰའི་བྱེ་མའི་གྲངས་ལས་འདས་པ་དང༌།རྟོག་གེའི་ཡུལ་མ་ཡིན་པས་བསམ་དུ་མེད་པ་དང༌།གཞན་དང་ཐུན་མོང་མ་ཡིན་པས་མཉམ་པ་མེད་པའི་ཡོན་ཏན་རྣམས་དང་ལྡན་ཞེས་པའོ།།སྤངས་པའི་ཡོན་ཏན་ནི།དེ་བཞིན་གཤེགས་པའི་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་དེ་ནི་བག་ཆགས་དང་བཅས་པའི་ཉེས་པ་མཐའ་དག་རྣམ་པར་སྤངས་པའོ།།ཞེས་སོ།།གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཁྱད་པར་ལྔ་དང་ལྡན་པ་སྟེ།གསུང་བརྗོད་པ་རྒྱུན་མི་འཆད་པ་དང༌།སྐུའི་སྣང་བ་རྒྱུན་མི་འཆད་པ་གཉིས་ནི།ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་འོད་ཟེར་མངའ་བའི་སྐུས་ཞེས་པས་གསུང་གི་སྣང་བ་མཛད་པ་པོ་སྐུ་ཡིན་པར་བསྟན་ཏོ།།ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་ནི།གདུལ་བྱའི་འགྲོ་བ་རྣམས་ཀྱི་རྣམ་པར་(༡༢༥ན)གྲོལ་བའི་དོན་གྲུབ་པར་མཛད་པ་ལ་བརྩོན་པ་ཞེས་པའོ།།དེ་དག་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ནི།མཛད་པ་འཕྲིན་ལས་སྒྲུབ་པ་ལ་འབད་རྩོལ་དང་བྲལ་བས་ཡིད་བཞིན་ནོར་བུའི་རྒྱལ་པོ་བཞིན་ཏེ་ཞེས་པའོ།།གདུལ་བྱ་ལ་སྣ་ཚོགས་སུ་སྣང་ཡང་དེའི་རང་བཞིན་དང་བྲལ་བ་ནི།ཁ་དོག་དང་ཚད་ལ་སོགས་པ་གདུལ་བྱའི་དབང་གིས་སྣ་ཚོགས་པའི་དངོས་པོར་སྣང་བ་དང་སྣང་ཡང་དོན་ལ་སྣ་ཚོགས་དེའི་རང་བཞིན་མིན་ཏེ་གཅིག་ཉིད་དུ་མར་སྣང་བའི་ཕྱིར་རོ།།གསུམ་པ་སྤྲུལ་པའི་སྐུ་ནི་ལམ་ལ་མ་ཞུགས་པའི་འཇིག་རྟེན་རྣམས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དང༌།ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་དང༌།ཐེག་ཆེན་པ་རྣམས་ས་བརྒྱད་པ་སོགས་ལ་བཀོད་ནས་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་ལ།དེ་ལྟ་བུའི་འཕྲིན་ལས་ཀྱི་རྒྱུའི་གཟུགས་ཀྱི་སྐུ་གང་ཡིན་པ་དེ་ཡང་འཇིག་རྟེན་འདིར་ནི་འཁོར་བ་ཇི་སྲིད་དུ་རྟག་པར་གནས་ཏེ༑དཔེར་ན་ནམ་མཁའི་ཁམས་སུ་ཟླ་བའི་གཟུགས་ཀྱི་ཁམས་གནས་པ་བཞིན་ནོ།།མངོན་རྟོགས་རྒྱན་ལས།གང་གིས་སྲིད་པ་ཇི་སྲིད་པར།།འགྲོ་ལ་ཕན་པ་སྣ་ཚོགས་དག།མཉམ་དུ་མཛད་པའི་སྐུ་དེ་ནི།།ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།།ཅེས་སོ།།
གཉིས་པ་རྒྱས་པར་དབྱེ་བ་ལ་གསུམ་སྟེ།ཐུན་མོང་གི་དབྱེ་བ།སོ་སོའི་རང་བཞིན།(༡༢༥བ)མཇུག་བསྡུ་བའོ།།དང་པོ་ལ་གཉིས་ལས༑དབྱེ་བའི་གཞི་ནི།གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་རྟོགས་པའི་རང་བྱུང་སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ་དང༌།ཇི་སྙེད་པ་ཐམས་ཅད་མཁྱེན་ཅིང་མ་རིག་པའི་གཉིད་ལས་སངས་པས་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་སྤང་བྱ་ཐམས་ཅད་སྤངས་པས་མཆོག་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ།གཞན་གྱི་བློའི་ཡུལ་ལས་འདས་པས་བསམ་དུ་མེད་པ།འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ།གཞན་གྱིས་རྟོགས་པར་མི་ནུས་པས་སོ་སོར་རང་གིས་རིག་པའི་བདག་ཉིད་དུ་གྱུར་པའོ།།དབྱེ་བའི་དངོས་པོ་ནི་སངས་རྒྱས་དེའི་དབྱེ་བ་རང་བཞིན་ཆོས་ཀྱི་སྐུ་དང་ལ་སོགས་པ་ལོངས་སྤྱོད་རྫོགས་པ་དང༌།སྤྲུལ་པ་སྟེ་སྐུ་གསུམ་དག་གིས་འཇུག་ཅེས་པའོ།།འབྱེད་པའི་རྒྱུ་མཚན་ནི་རྟོགས་དཀའ་བས་ཟབ་པ་དང་མཐུ་དང་ལྡན་པས་རྒྱ་ཆེ་བ་དང༌།གཞན་དོན་ཕུན་སུམ་ཚོགས་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་ཀྱིས་རབ་ཏུ་ཕྱེ་ཞེས་པའོ།།
གཉིས་པ་ལ་གསུམ་སྟེ།ཆོས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུའོ།།དང་པོ་ལ་གཉིས་ཏེ།བསྟན་པ་དང༌།བཤད་པའོ།། དང་པོ་ནི་སྐུ་གསུམ་ཡོད་པ་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་ཀྱི་སྐུ་ནི་རང་གི་མཚན་ཉིད་ཅེས་པ་ཆོས་ལྔ་དང་ལྡན་པ་དང༌།མདོར་ན་ཡོན་ཏན་ལྔ་དང་ནི་དབྱེར་མེད་དུ་ལྡན་པ་ཉིད་དུ་རིག་པར་བྱའོ།།( ༡༢༦ན)གཉིས་པ་ལ་གཉིས་ལས་མཚན་ཉིད་ནི།སྐྱེ་བ་ལ་སོགས་པ་དང་བྲལ་བས་འདུས་མ་བྱས་ཤིང༌།ཆོས་ཀྱི་དབྱིངས་ལ་གཅིག་དང་ཐ་དད་དུ་རྣམ་པར་དབྱེར་མེད་པ་དང༌།བདག་དང་བདག་མེད་པའི་སྤྲོས་པའི་མཐའ་གཉིས་དག་ནི་རྣམ་པ་སྤངས་པ་དང༌།ཉོན་མོངས་པ་དང༌།ཤེས་བྱ་དང༌།སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ནི་ངེས་པར་གྲོལ་བས་རྣམ་པར་དག་པ་དང་༑དྲི་མ་གདོད་མ་ནས་མེད་པ་དང༌།འབད་རྩོལ་གྱི་རྣམ་པར་རྟོག་པ་མེད་པ་དང༌།རྣལ་འབྱོར་དབང་ཕྱུག་སངས་རྒྱས་རྣམས་ཀྱི་མཉམ་བཞག་ཇི་ལྟ་བ་མཁྱེན་པའི་ཡུལ་ཡིན་པའི་ཕྱིར་དང༌།དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་འོད་གསལ་བ་ཡིན་ཏེ།ངོ་བོ་ཉིད་ཀྱིས་དག་པ་ཡིན་པའི་ཕྱིར་རོ།།གཉིས་པ་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ལ་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་དང་དབྱེར་མེད་དུ་ཡང་དག་པར་ལྡན་ཏེ་ཞེས་པའོ།།ཡོན་ཏན་ཇི་ལྟ་བུ་ཞེ་ན།ཚད་གཞལ་དུ་མེད་པ་དང༌།ནང་ཚན་གྱི་དབྱེ་བ་གྲངས་ཀྱི་གནས་གཞན་རྣམས་ཀྱིས་ཀྱང་བགྲང་དུ་མེད་པ་དང༌།རྒྱུ་མཚན་ལ་བརྟེན་ནས་བསམ་དུ་མེད་པ་དང༌།ཉན་ཐོས་ལ་སོགས་པ་དང༌།ཐུན་མོང་མ་ཡིན་པས་མཉམ་པ་མེད་པ་དང༌།སྒྲིབ་པ་ཐམས་ཅད་སྤངས་པས་རྣམ་པར་དག་པའི་མཐར་ཐུག་པའོ།།དེ་དག་གི་རྒྱུ་མཚན་ནི་ཚད་རྒྱ་ཆེ་བའི་ཕྱིར་དང༌།གྲངས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དང༌།རྣམ་པ་(༡༢༦བ)ཐམས་ཅད་དུ་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་དང༌། སངས་རྒྱས་འབའ་ཞིག་གི་ཡོན་ཏན་ཡིན་པའི་ཕྱིར་དང༌།སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་གོ་རིམ་བཞིན་དུ་གཞལ་དུ་མེད་པ་དང༌།གྲངས་མེད་པ་ལ་སོགས་པ་ཡིན་ནོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号