ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལེའུ་གཉིས་པ།བྱང་ཆུབ་ཀྱི་སྐབས་ཀྱི་རྣམ་པར་བ
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་པ་དམན་པ་ཐེག་ཆེན་ལ་འགོད་པ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང༌།གཞུང་གི་དོན་ནོ།།དང་པོ་ལ་གསུམ་སྟེ།གང་འཇུག་པའི་གང་ཟག་དང༌།གང་ནས་འཇུག་པའི་ས་མཚམས་དང༌། ཇི་ལྟར་འཇུག་པའི་ཚུལ་ལོ།།དང་པོ་ནི་ཉན་ཐོས་པ་དག་ན་རེ།སྦྱོར་ལམ་དྲོད་དང་རྩེ་མོ་ལ་གནས་པ་དེ་རང་ལམ་ལས་ལོག་ནས་ཐེག་ཆེན་དུ་འཇུག་ལ༑བཟོད་པ་འབྲིང་ལ་གནས་པ་དེ་རང་སངས་རྒྱས་ཀྱི་ལམ་དུ་འཇུག་པའང་ཡོད་དོ།།མཛོད་ལས།གཉིས་སློབ་རིགས་ལས་བཟློག་ནས་སུ།།སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌།།ཞེས་སོ།།དེ་དག་ནི་གོང་མར་གྱུར་ནས་མི་འཇུག་སྟེ།།འདི་ལྟར།བཟོད་ཐོབ་ངན་སོང་ཡོངས་མི་ལྟུང༌།།ཞེས་བྱ་བས་ན་བཟོད་པ་ཐོབ་པ་ངན་སོང་དུ་སྐྱེ་བ་ལེན་མི་སྲིད་ལ།།བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་ངན་སོང་དུ་སྐྱེ་བ་ཚད་མེད་པ་ལེན་དགོས་པའི་ཕྱིར་རོ།།བཟོད་པ་ཆེན་པོ་ཐོབ་པ་ནི་སངས་རྒྱས་ཀྱི་ལམ་དུའང་མི་འཇུག་སྟེ།དེ་དང་ཆོས་མཆོག་ལ་སྐད་ཅིག་མ་རེ་རེ་ལས་མེད་ལ་ཆོས་མཆོག་གི་རྗེས་ཐོག་ཉིད་དུ་མཐོང་ལམ་སྐྱེ་ཞིང་འཕགས་པར་གྱུར་ནས་ཐེག་པ་སོ་སོར་ངེས་པའི་ཕྱིར་རོ་ཞེས་འདོད་དོ།།(༡༣༠བ) སེམས་ཙམ་པ་ནི།ཕུང་པོ་ལྷག་བཅས་ཀྱི་དགྲ་བཅོམ་མན་ཆད་ཐེག་ཆེན་ལ་འཇུག་པ་ཡིན་ཏེ།རྒྱན་ལས།ཉན་ཐོས་མ་ངེས་རྣམ་གཉིས་ཏེ།།ཐེག་དོན་མཐོང་དང་མ་མཐོང་བའོ།།དོན་མཐོང་འདོད་ཆགས་བྲལ་བ་དང༌།།འདོད་ཆགས་བྲལ་མིན་འདི་དམན་པའོ།།ཞེས་ཕྱིར་མི་འོང་མན་ཆད་འཇུག་པར་བཤད་དོ།།དབུ་མ་བ་ནི་ཕུང་པོ་ལྷག་མེད་དུ་ཞུགས་པ་ཡང་སྔོན་གྱི་དགེ་བའི་བག་ཆགས་ཀྱི་ནུས་པ་བརྟས་པ་ན་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ནས་ཐེག་ཆེན་ལ་འཇུག་པར་བཞེད་དེ།བྱང་ཆུབ་སེམས་འགྲེལ་ལས།ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ།།དེ་སྲིད་ཡེ་ཤེས་ལུས་དངོས་ཅན།།ཏིང་འཛིན་མྱོས་པས་བརྒྱལ་གྱུར་པའི།།ཉན་ཐོས་དེ་དག་གནས་པར་འགྱུར།།བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི།།སེམས་ཅན་དོན་ལ་རབ་ཆགས་ཤིང༌།།བསོད་ནམས་ཡེ་ཤེས་ཚོགས་བསགས་ནས༑།སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར།།ཞེས་སོ།། གཉིས་པ་ཁ་ཅིག་ན་རེ།།ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་ལམ་དུ་འཇུག་པ་ན།ཐེག་ཆེན་མཐོང་ལམ་ཉིད་དུ་འཇུག་པར་བྱེད་ཀྱི་ཚོགས་སྦྱོར་གཉིས་ནས་མི་འཇུག་སྟེ།འཕགས་པ་སོ་སོའི་སྐྱེ་བོར་ལྟུང་བ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ།།འདི་ལ་ཁ་ཅིག་ན་རེ།གང་ཟག་དེ་དག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྐྱེས་ལ་མ་ཉམས་པ་མེད་པའི་ཕྱིར་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྐྱེ་མི་སྲིད་དོ།། (༡༣༡ན)དེས་ན་ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་ལམ་དུ་འཇུག་པ་དེ་དང་པོ་ཚོགས་ལམ་ཉིད་ནས་འཇུག་དགོས་ཏེ།གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་འདུན་ལྡན་སེམས་བསྐྱེད་ལ་སོགས་པའི་སེམས་བསྐྱེད་དང་པོ་གསུམ་ཡང་ཐོབ་པར་བྱ་དགོས་པའི་ཕྱིར་དང༌།ཐེག་ཆེན་གྱི་ཚོགས་ལམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཀྱང་རྫོགས་པར་བྱ་དགོས་པའི་ཕྱིར་རོ་ཞེས་ཟེར་རོ།ཁོ་བོ་ནི་ཕྱི་མ་འདིའི་རྗེས་སུ་འབྲང་ངོ༌།།གསུམ་པ་ཇི་ལྟར་འཇུག་པའི་ཚུལ་ནི།དེ་ལ་སོ་སོའི་སྐྱེ་བོས་འཇུག་ཚུལ་ལས་དང་པོ་པ་དང་མཚུངས་པས་ལོགས་སུ་མ་བཤད་དོ།།འཕགས་པ་ལ་སློབ་པ་དང་མི་སློབ་པ་གཉིས་ཡོད་པ་ལས་སློབ་པ་ལ་ཡང་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་བ་གཉིས་སོ།།དང་པོ་ནི།རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་གཉིས་སོ།།དེ་གཉིས་ཀ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐབས་མཁས་པ་དང་སྨོན་ལམ་གྱི་མཐུས་འཕགས་པའི་ལམ་གྱི་དགེ་བ་དེ་འཁོར་བའི་རྒྱུར་སྔོན་ནས་སྐྱེ་བ་ལེན་པས་བསམ་གྱིས་མི་ཁྱབ་པའི་སྒྱུར་བ་དང་སྐྱེ་བ་དང་ལྡན་པ་ཡིན་ཏེ།རྒྱན་ལས།དེ་གཉིས་འཕགས་པའི་ལམ་ཐོབ་པ།།སྲིད་པ་དག་ཏུ་སྒྱུར་བའི་ཕྱིར།།བསམ་གྱིས་མི་ཁྱབ་སྒྱུར་བ་ཡི།།སྐྱེ་བ་དང་ནི་ཡང་དག་ལྡན།།ཞེས་སོ།།དེ་ལ་ཡང་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ནི་འདོད་པའི་སྒོམ་(༡༣༡བ)སྤང་གི་སྲེད་ལེན་ཅན་གྱི་སྨོན་ལམ་གྱིས་དགེ་བ་འདི་སྐྱེ་བ་འདིའི་རྒྱུར་གྱུར་ཅིག།ཅེས་སྨོན་ལམ་བཏབ་ནས་འདོད་པའི་ཁམས་སུ་ཟག་བཅས་ཀྱི་སྐྱེ་བ་མཚན་ཉིད་པ་ལེན་པར་བྱེད་ལ།གཞན་ནི་འདོད་པའི་སྒོམ་སྤང་ཟད་པས་སྤྲུལ་པའི་སྐྱེ་བ་ལེན་པར་བྱེད་ཀྱི་མཚན་ཉིད་པ་མི་ལེན་ཏེ།གཅིག་ནི་སྨོན་ལམ་དབང་གིས་ནི།།སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད།།གཅིག་ཤོས་ཕྱིར་མི་འོང་བ་དང༌།།ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ།།ཅེས་དེ་དག་ཀྱང་ཉན་ཐོས་ཀྱི་རྟེན་ལ་སྲིད་པ་ལས་སྐྱེ་བ་དང་མྱ་ངན་ལས་འདས་པ་ཐོབ་འདོད་ཡང་དང་ཡང་དུ་གོམས་པར་བྱས་པའི་རྒྱུ་མཐུན་གྱིས།བྱང་ཆུབ་སེམས་དཔའི་ལམ་དུའང་དེ་དག་འབྱུང་བས་དང་པོ་ནི་ཐེག་ཆེན་གྱི་ལམ་དུ་ཞུགས་པ་པས་ལམ་བུལ་བར་འགྱུར་ཏེ།དེ་གཉིས་ཡང་དང་ཡང་དུ་ནི།།རང་སེམས་ཀུན་ཏུ་འབྱུང་ལྡན་པས།།མྱ་ངན་འདས་ལ་མངོན་དགའི་ཕྱིར།།རྟོགས་པ་བུལ་བ་ཡིན་པར་འདོད།།ཅེས་སོ།།མི་སློབ་པ་འཇུག་ཚུལ་ལ་གཉིས་ཏེ།སེམས་ཙམ་པའི་ལུགས་ནི།དགྲ་བཅོམ་ཕུང་པོ་ལྷག་བཅས་པ་ཐེག་ཆེན་དུ་འཇུག་པ་ཡང་སྐྱེ་བ་བརྒྱུད་པས་མ་ཡིན་ཏེ།དགྲ་བཅོམ་ཡང་སྲིད་ལེན་ན་ཐེག་པ་གསུམ་དུ་ངེས་པ་མི་འཐད་པའི་ཕྱིར་རོ།།འོ་ན་ཇི་ལྟར་ཡིན་ཞེ་ན།སྐུ་ཚེ་དེ་ཉིད་ཡུན་རིང་དུ་བསྲིངས་ཏེ་རྩ་བའི་ལུས་དེ་མི་ཉམས་པར་བྱིན་གྱིས་བརླབས་ནས་གཞན་གྱིས་མི་མཐོང་བའི་དབེན་པའི་གནས་སུ་བཞུཊ་ཏེ༑སྤྲུལ་པའི་ལུས་ཀྱིས་འགའ་ཞིག་ལ་མྱ་ངན་ལས་(༡༣༢ན)འདས་པར་ཡང་སྟོན་ལ།ཚོགས་རྣམས་ཀྱང་སྒྲུབ་པར་བྱེད་དོ།།བསྡུ་བ་ལས་ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་ཏུ་རུང་སྟེ།དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན་སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན།སྨྲས་པ།ཚེའི་འདུ་བྱེད་བསྲིངས་ནས་སྒྲུབ་པར་བྱེད་དེ་ཞེས་སོ།།ཚེའི་འདུ་བྱེད་སྲིང་བ་ཡང་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་ལ་བརྟེན་པ་ཡིན་ཏེ།དེ་ཉིད་ལས།བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་བྱང་ཆུབ་ཏུ་འགྱུར་བ་ལ་ཤས་ཆེར་དགོངས་ནས་རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་གྱི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་བསྐལ་པའམ་བསྐལ་པ་བས་ལྷག་པར་གནས་པར་འགྱུར་རོ།།ཞེས་གསུངས་ཏེ་བསྐལ་པ་བས་ལྷག་པ་ཞེས་བྱ་བ་ནི་འདིར་བསྐལ་པ་བས་ཕ་རོལ་ཡིན་པར་དགོངས་སོ།།ཞེས་སོ།།དབུ་མ་པའི་ཚུལ་ནི།ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པ་ན་ཡང་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་ས་བོན་མ་སྤངས་པར་ཡོད་པའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ།མ་རིག་བག་ཆགས་ཀྱི་ས་དང་དེ་ལ་བརྟེན་པའི་མཚན་མར་འཛིན་པ་ཕྲ་མོས་ཀུན་ནས་བསླངས་ཏེ་ཟག་མེད་ཀྱི་ལས་བསགས་པས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཟག་མེད་ཀྱི་སྐྱེ་བ་བླངས་ནས་ཚོགས་གཉིས་སྒྲུབ་པར་བྱེད་དོ༑། (༡༣༢བ)འཕགས་པ་དཔལ་འཕྲེང་གི་མདོ་ལས།བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ།བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ་ཞེས་སོ།།དེ་ལྟར་ན་མདོ་ལས།གང་ཡང་དེ་དག་གི་སྐྱེ་བ་ཟད་དོ།།སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་དང༌།སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན༑དེ་ནི་ཟག་བཅས་ཀྱི་སྲིད་པ་མི་ལེན་པ་ལ་དགོངས་པ་ཡིན་ཏེ།ཡང་དེ་ཉིད་ལས།འཆི་འཕོ་བ་ནི་རྣམ་པ་གཉིས་ལགས་ཏེ།རྣམ་པར་ཆད་པའི་འཆི་འཕོ་བ་དང་བསམ་གྱིས་མི་ཁྱབ་པར་སྒྱུར་བའི་འཆི་འཕོ་བའོ༑།དེ་ལ་བཅོམ་ལྡན་འདས་རྣམ་པར་ཆད་པའི་འཆི་འཕོ་བ་ནི་སེམས་ཅན་ཉིང་མཚམས་སྦྱོར་བ་དང་བཅས་པ་རྣམས་ཀྱི་ལགས་སོ།།བཅོམ་ལྡན་འདས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིད་ཀྱི་ལུས་ཅན་རྣམས་ཀྱི་འཆི་འཕོ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བསམ་གྱིས་མི་ཁྱབ་པའི་ཡོངས་སུ་སྒྱུར་བ་ལགས་སོ།། བཅོམ་ལྡན་འདས་འཆི་འཕོ་བ་འདི་གཉིས་ལས་རྣམ་པར་ཆད་པའི་འཆི་འཕོ་བའི་དབང་དུ་བགྱིས་ཏེ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་(༡༣༣ན)ཀྱིས་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་ལགས་སོ།།སྐྱེ་བ་གཏན་མི་ལེན་པ་ནི་མ་ཡིན་ཏེ།དེ་ཉིད་ལས་བཅོམ་ལྡན་འདས་དེ་ལྟ་ལགས་པས་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱང་སྐྱེ་བའི་ལྷག་མ་དང་བཅས་པའི་ཆོས་ཅན་ལགས་སོ།།བཅོམ་ལྡན་འདས་དེ་དག་གི་སྐྱེ་བ་ཟད་པ་མ་ལགས་ཏེ་མཆི་ལགས་སོ་ཞེས་སོ།།གཉིས་པ་གཞུང་གི་དོན་ལ་སྨིན་པར་མཛད་དོ་ཞེས་དྲང་ངོ༌།།གང་ན་རང་ཉིད་ཀྱི་སྲིད་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་རྣམས་སོ།།དེ་དག་ཇི་ལྟ་བུ་ཞེ་ན།དགྲ་བཅོམ་པ་ཐོབ་པ་ན་ཡང་སྤང་བྱ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱང་ཐོབ་པའི་འདུ་ཤེས་ཅན་ནོ།། དམ་ཆོས་པད་དཀར་ལས།དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང༌།།མྱ་ངན་འདས་ཐོབ་འདུ་ཤེས་ཏེ།།རྒྱལ་བས་བཤད་པ་དེ་དག་ལ།།མྱ་ངན་མ་འདས་དེ་ངལ་བའོ།།ཞེས་སོ།།གང་ལ་ན་ཐེག་པ་མཆོག་གི་ལམ་ལའོ།།ཐབས་གང་གིས་ན་དམ་པའི་ཆོས་པདྨ་དཀར་པོ་དང་དཔལ་འཕྲེང་གི་མདོ་དང་མྱ་ངན་ལས་འདས་པའི་མདོ་ལ་སོགས་པར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐེག་པ་གཅིག་ཏུ་ངེས་པའི་ཚུལ་བསྟན་པ་ཡིས་ཞེས་པའོ།།དེ་ཉིད་ལས།ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག།ཡིད་ཆེས་པར་གྱིས་ཤིག།རྟོགས་པར་གྱིས་ཤིག།ཤཱ་རིའི་བུ་དེ་བཞིན་གཤེགས་པ་(༡༣༣བ)རྣམས་ལ་བརྫུན་དུ་སྨྲ་བ་མེད་དེ།ཤཱ་རིའི་བུ་ཐེག་པ་འདི་ནི་གཅིག་ཏུ་ཟད་དེ་འདི་ལྟ་སྟེ་སངས་རྒྱས་ཀྱི་ཐེག་པའོ་ཞེས་སོ།།ཚུལ་ཇི་ལྟར་ན།འགལ་རྐྱེན་བསལ་བ་ནི།དམ་ཆོས་པདྨ་དཀར་པོ་ལས།འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ།།འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌།།ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས།།སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས།།ཞེས་བསྟན་པས།དམན་པའི་གང་ཟག་དེ་དག་སྔར་རང་ཉིད་སྤང་བྱ་ཐམས་ཅད་ཟད་པའི་ཐར་པ་ཐོབ་པར་འཛིན་པའི་འདུ་ཤེས་ལེས་ལྡོག་སྟེ་ཞེས་པའོ།།མཐུན་རྐྱེན་བསྒྲུབ་པ་ནི་ཐེག་པ་ཆེན་པོའི་ཐབས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང༌།ཤེས་རབ་ཆོས་ཐམས་ཅད་རང་བཞིན་མེད་པ་རྟོགས་པ་ཡོངས་སུ་བཟུང་བ་ལ་བཀོད་ནས་སོ།།གསུམ་པ་རྒྱལ་སྲས་བྱང་ཆུབ་ཏུ་ལུང་སྟོན་པ་ནི།ལུང་སྟོན་ཏོ་ཞེས་སོ།།གང་དུ་ན་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་ཏུའོ།།གང་ན་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་བྱང་ཆུབ་སེམས་དཔའོ་ཞེས་དོན་གྱིས་གནས་སོ།།ལུང་སྟོན་པའི་ཚུལ་ནི་རྒྱས་པར་མདོ་སྡེ་རྒྱན་ལས་གང་ཟག་དུས་ཀྱི་བྱེ་བྲག་གི་ཞེས་པ་ལ་སོགས་པ་གསུངས་སོ༑།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号