ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དེ་ལས་གནས་ཀྱི་ཁྱད་པར་ལ།   བློ་འཐུན་པར་བྱེད་པའི་གནས། འཚམས་དང་བཅ ས་པའི་གནས།འཚམས་མེད་པའི་གནས་དང་གསུམ་མོ།།བློ་འཐུན་གྱི་གནས་ལ་གྲུབ་པ།བྱས་པ། ཟིན་པ་སྟེ་གསུམ་གང་རུང་ཡིན་པ།ཉེ་འཁོར་འདོམ་གང་ངང་བཅས་པ། དགེ་འདུན་ཀྱིས་འདོད་པ།སྔར་བློ་འཐུན་མ་བྱས་པ་སྟེ་ཁྱད་པར་བཞི་ལྡན་ནོ། །འཚམས་དང་བཅས་པའི་གནས་ལ། ལས་ཀྱི་འཚམས་དང༌།རྩིག་པའི་འཚམས་གཉིས།འཚམས་མ་བཅད་པའི་གནས་ལ་ཡང་རྭ་བ་མེད་པའི་ཁང་པ་སོགས་ཀྱི་ཝ་ཁ་ནས་ཆུ་འཛག་པ་ཚུན་ཆད་དང༌།   གྲོང་ལ་ཉེ་འཁོར་གྱི་མཐའ་ཚུན་ཆད་དང་དགོན་པ་ལ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དེ་གསུམ་མོ། །ལས་ཀྱི་འཚམས་བཅད་པ་ལ་ཡང་གསུམ་སྟེ། འཚམས་པོ་ཆེ་དང༌།འཚམས་བུ་ཆུང་དང༌།དཀྱིལ་འཁོར་པའོ། །འཚམས་པོ་ཆེ་ནི།   ཚད་དབུས་ནས་དཔག་ཚད་ཕྱེད་དང་གསུམ་དུ་ངེས་པ།ཕྱོགས་བཞིར་མཚན་མ་བརྟན་པོ་ཡོད་པ།   ཆུ་བོ་སོགས་འཚམས་གཞན་བྱུང་བ་མིན་པ།སྔར་འཚམས་བཅད་པ་དང་མ་འབྲེལ་བ།   གཞན་གྱིས་འཚམས་གཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུག་པ་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་ནོ། །
      ཞར་བྱུང་གནས་དེ་དག་གང་ཡང་རུང་བར་མཆོད་པ་དང་བཅས་ཏེ་སྟོན་པའི་སྐུ་བཤམ་པ།དཀར་གཏོར་ཆ་བཞི་བཤམ་པ། དགེ་འདུན་བསྡུ་བའི་ཆེད་དུ་གཎྚི་བརྡུང་བ་སྟེ་ཚུལ་ཁྲིམས་བཞི་མི་མཐུན་པས་འདོན་པའོ། ། མཇུག་ནི།བསྔོ་བ་འདོན་པ།   ཚིགས་སུ་བཅད་པ་འདོན་པ། དཀར་ཕྱོགས་ལ་དགའ་བའི་ལྟ་ཀླུ་སོགས་ཀྱི་མིང་ནས་བོས་ཏེ་ཡོན་བཤད་བྱེད་པའོ།། དབྱར་གྱི་གཞི་ལ་དགོས་པ་དགུ་ནི་དབྱར་ཁས་མ་བླང་བའི་ཉེས་པ་ཁེགས་པ།སྲོག་ཆགས་ལ་གནོད་པ་སྤོང་བ། གཞན་གྱིས་འཕྱ་བ་སྤོང་བ།ལུས་སྲོག་ལ་གནོད་པ་སྤོང་བ། དོན་དང་བྱ་བ་ཉུང་བ།   དགག་དབྱེ་འབྱུང་བ།སྲ་བརྐྱང་གདིང་བ་འབྱུང་བ།གནས་རལ་པ་དང་གྲུམ་པ་འཆོས་པ།ཐོས་བསམ་འཕེལ་བ་སྟེ་དགུའོ། །གནས་ནི།བདེ་བའི་རྐྱེན་གནས་ཤིང་གནོད་རྐྱེན་མེད་པ།སྟེང་གཡོགས་དང་བཅས་ལ་གནས་གཅིག་ཡིན་པ།དགེ་སློང་གནས་ཤིང་སྒོ་གླེགས་དང་བཅས་པ།འཚམས་གཞན་མིན་པ་སྟེ་བཞིའོ། །ཡུལ་ནི།དགེ་སློང་ཆོས་བདུན་ལྡན་དང་དགེ་ཚུལ་གང་རུང་ངོ༌། རྟེན་ནི་རབ་བྱུང་ཡིན་པ།དབྱར་ཁས་ལེན་པའི་མཐུན་རྐྱེན་ཚང་བ།ཤེས་པ་རང་བཞིན་དུ་གནས་པ།ལུས་ཐ་མལ་དུ་གནས་པ།གནས་ནས་ཕྱུང་བ་མ་ཡིན་པ་སྟེ་ཁྱད་པར་ལྔ་ལྡན་ནོ།དུས་ནི།དབྱར་སྔ་མ་ཡར་ངོ་སྔོན་འགྲོའི་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་དང༌། མར་ངོ་སྔོན་འགྲོའི་གྲོ་ཞུན་ཟླ་ལོ་ལ་ཟླ་བཤོལ་མེད་ན་ཟླ་བ་བཅུ་གཉིས་ཡོད་ཅིང༌།ཟླ་བ་རེ་རེའི་ཡར་ངོ་མར་ངོ་ལ་གསོ་སྦྱོང་རེ་རེའོ།།        
 
དང་པོ་སྲ་བརྐྱང་ལ། གདིང་བའི་དགོས་པ་ནི། དགེ་འདུན་གནས་གཅིག་ཏུ་འདུ་བ། ལྟུང་བ་འགའ་ཞིག་མི་འབྱུང་བ། སྦྱིན་བདག་གིས་བསོད་ནམས་ཆེན་པོ་འཐོབ་པ་སྟེ་གསུམ་མོ།   །གདིངབའི་གང་ཟག་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཕྱེ་ཚེ་ཆོས་མིན་ཕྱོགས་མིན་པ།ཐ་སྙད་གསུམ་དང་ལྡན་པ།ས་གཞན་ན་གནས་པ་མིན་པ།ས་གཞན་ན་གནས་པའི་རྒྱུ་ལ་གནས་པ་མིན་པ་སྟེ་ཐུན་མོང་གི་ཆོས་བདུན།དབྱར་ཁས་བླངས་པ།མ་རལ་པ། དབྱར་སྔ་མ་ཁས་བླངས་པ།   གནས་དེར་ཁས་བླངས་པ་དང་ཐུན་མོང་མ་ཡིན་པའི་བཞི་སྟེ་བཅུ་གཅིག་དང་ལྡན་པའོ། །གདིང་བར་བྱ་བ་ནི།སྤང་བ།མ་བརྟགས་པ། བྲལ་འཕྲད་མིན་པ་སྟེ་རྒྱུའི་རུང་བ་གསུམ་དང༌།བཤད་བརྡབས་མ་བྱས་པ།ཡ་ཡོར་མ་གྱུར་པ།མ་དམུག་པ། མ་ཟག་པ།ལྷན་ཅན་མ་ཡིན་པ་སྟེ་དབྱིབས་ཀྱི་རུང་བ་ལྔ།རུང་བའི་ཚོན་གྱིས་ཁ་བསྒྱུར་བའི་ཁ་དོག་གི་རུང་བ། ཆོས་གོས་གསུམ་ཆེ་ཚད་དམ་དེ་ལས་ལྷག་པའི་ཚད་ཀྱི་རུང་བ་སྟེ་རུང་བ་བཞི་དང་ལྡན་པའི་ཆོས་གོས་རྣམ་གསུམ་མོ།   །གདིང་བའི་ཆོ་ག་ལ་སྦྱོར་བ་ནི།   གང་ཟག་སོ་སོའི་སྦྱོར་ཆོག་ཆོས་གོས་ཀྱི་བྱིན་གྱིས་བརླབས་དབྱུང་བ།དགེ་འདུན་ཚོགས་པའི་སྦྱོར་ཆོག ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ། འཚམས་ནང་དུ་བློ་འཐུན་བྱ་བ།གསོལ་གཉིས་ཀྱི་ལས་ཀྱིས་གདིང་བ་པོ་བསྐོ་བ།གསོལ་བའི་ལས་ཀྱིས་སྲ་བརྐྱང་གི་རྒྱུ་གཏད་པ་སྟེ་བཞི།   བསྐོས་པའི་དགེ་སློང་གིས་བསྒྲུབ་པའི་སྦྱོར་ཆོག་ལ། ལས་གསུམ་སྒྲུབ་པ།སེམས་གསུམ་བསྐྱེད་པ།ཚོགས་པ་ལ་བརྗོད་པ།དགེ་འདུན་འདུ་བའི་སྐབས་སྒྲུབ་པ་སྟེ་བཞི།།
ལས་གསུམ་ནི།   ཆོས་གོས་ཀྱི་རྒྱུ་བཀྲུ་བ།དྲུབ་པ།ཁ་བསྒྱུར་བའོ། །སེམས་གསུམ་ནི། གདིང་བར་འགྱུར་རོ།།གདིང་ངོ༌།།བཏིང་ངོ་སྙམ་པའོ། །དངོས་གཞིའི་ཆོ་ག་ནི།བསྐོས་པའི་དགེ་སློང་གིས་གཟེབ་ཀྱི་སྦྲོག་མའི་ནང་དུ་ཆོས་གོས་གསུམ་བརྐྱང་བ་ཐོགས་ཏེ་བྱིན་གྱིས་བརླབ་བའི་སྔགས་ཚིག་་ལན་གསུམ་བརྗོད་པའོ། །མཇུག་ཆོག་ནི།བཏང་ཟིན་པར་བརྗོད་པའོ། །བརྐྱང་ཚུལ་ནི། དུས་དུས་སུ་བསང་བ།བསྲང་བ།སྤྲུག་པར་བྱེད་པའོ།།དབྱུང་ཚུལ་ལ། བཅོས་མའི་དབྱུང་བ།རང་རྗེས་སུ་འཇུག་བྲལ་གྱི་དབྱུང་བའོ། །ཕྱི་མ་ལ་དགེ་འདུན་མཐའ་དག་དང༌།   གང་ཟག་སོ་སོའི་རང་འཇུག་བྲལ་གྱི་དབྱུང་བ་གཉིས།དང་པོ་ལ།སྲ་བརྐྱང་འཚམས་གཞན་དུ་ཁྱེར་བ།བསྲུང་མཁན་མེད་པར་སྐྱ་རེངས་ཤར་བ།ཟླ་བ་ལྔ་འདས་པ།དུས་མ་ཡིན་པར་ཤེས་ནས་གསོ་སྦྱོང་བྱས་པ། ངོ་བོ་ཞིང་མིན་པར་གྱུར་པ།རྟེན་ཞིང་མིན་པར་གྱུར་པ།   འཚམས་ནང་དུ་དགེ་འདུན་གཅིག་ཀྱང་མེད་པ་སྟེ་བདུན་ནོ། །གཉིས་པ་ལ་མ་མ་སུམ་ཅུའི་འཇུག་བྲལ་གྱི་དབྱུང་བ།   གང་ཟག་ཞིང་མ་ཡིན་པར་གྱུར་པའི་འཇུག་བྲལ་གྱི་དབྱུང་བ་སྟེ་གཉིས།མ་མ་སུམ་ཅུ་ནི།མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད། མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད།མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་རྣམས་སོ། །དང་པོ་བརྒྱད་ནི།སྦྱོར་བས་འགྲོ་བའི་མ་མ་བཞི།ངེས་པར་འབྱེད་པའི་མ་མ་བཞི་སྟེ་བརྒྱད། འདི་བཞི་ཚན་རེ་ལ། འབྲེལ་མེད་གཅིག་དང༌། འབྲེལ་བཅས་གསུམ་རེའོ།    །དེས་བརྒྱད་ཚན་ཕྱི་མ་གཉིས་ལའང་རིགས་འགྲེ།   བཞི་པ་ལ་འཚམས་དང་རྙེད་པ་གཉིས་ཀར་ཡིད་གཉིས་ཟ་བས་འཚམས་ལས་འདས་པ།    དང་པོ་མེད་ཀྱང་འཚམས་ཀྱི་ཕྱི་རོལ་དུ་ཡིད་གཉིས་ཟ་བ་གཉིས་ཏེ་གསུམ་དང༌། འཚམས་ལ་རེ་བ་མེད་ཅིང་རྙེད་པ་ལ་རེ་བས་འཚམས་ལས་འདས་པ་དང༌། འཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་པ་གཉིས་ཏེ་གསུམ་དང་དྲུག་གོ། །གཉིས་པ་གོས་ཀྱི་གཞི་ལ།མི་རུང་བའི་གཞི་ནི། མ་དྲས་པའི་ཁ་ཚར་ཕུན་ཚར་ཅན། རྒྱུ་དཔག་བསམ་ཤིང་ལས་བྱུང་བ། ར་བལ་རྔ་བལ་ལས་བྱས་པ། རུང་བ་ཁ་མ་བསྒྱུར་བ།   མུ་སྟེགས་ཀྱི་ཆ་ལུགས་སུ་གཏོགས་པའི་སྐྲའམ་གཡང་གཞི་སོགས་སོ།།
རུང་བ་བདུན་ནི། བལ་ལས་བྱས་པ། རྩྭ་ཤ་ན་ལས་བྱས་པ། ཉི་འོག་པའི་གོས། རས་གོས།ཟར་མ། རྩྭ་གོའུ་ཏཾ་པ་ལས་བྱས་པ། རྩྭ་དུ་གུ་ལ་ལས་བྱས་པའོ། །མི་རུང་བའི་ཚོན་ཆེན་བརྒྱད་ནི། རྒྱ་སྐྱེགས། ལེབ་རྒན་རྩི། བཙོད། སྨག་ཤིང་རྩི། མཐིང་ཤིང༌། མཚལ། སིནྡྷུ་ར། གུར་གུམ་སྟེ་བརྒྱད་དོ། །རུང་བའི་ཚོན་གསུམ་ནི། སྔོན་པོ། བཙག ངུར་སྨྲིག་གོ།   །འཚོ་བའི་ཡོ་བྱད་བཅུ་གསུམ་ནི། སྣམ་སྦྱར་བླ་གོས། མཐང་གོས། ཤམ་ཐབས།    ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ།དབྱར་གྱི་གོས་རས་ཆེན་ནོ།།ཆོས་གོས་གསུམ་ལ་ཚད་ཀྱི་སྒོ་ནས་ཆེ་འབྲིང་ཆུང་གསུམ་རེའོ། །སྣམ་སྦྱར་ལ། སྣམ་ཕྲན་དང༌། ཚལ་བུའི་སྒོ་ནས་དབྱེ་ན་དགུ་སྟེ། ཆུང་ངུ་སྐོར་གསུམ་ནི། སྣམ་ཕྲན་དགུ་པ། བཅུ་གཅིག་པ། བཅུ་གསུམ་པ་གསུམ་སྟེ། སྣམ་ཕྲན་རེ་རེ་ལ་ཡང་གླེགས་བུ་ཕྱེད་དང་གསུམ་རེའོ།།འབྲིང་གསུམ་ནི། སྣམ་ཕྲན་བཅོ་ལྔ་པ། བཅུ་བདུན་པ། བཅུ་དགུ་པ་གསུམ་སྟེ་སྣམ་ཕྲན་རེ་རེ་ལའང་གླེགས་བུ་ཕྱེད་དང་བཞི་རེའོ། །ཆེན་པོ་གསུམ་ནི། སྣམ་ཕྲན་ཉེར་གཅིག་པ། ཉེར་གསུམ་པ། ཉེར་ལྔ་པ་གསུམ་སྟེ་སྣམ་ཕྲན་རེ་རེ་ལའང་གླེགས་བུ་ཕྱེད་དང་ལྔ་རེའོ། །བླ་གོས་གསུམ་ཀ་སྣམ་ཕྲན་བདུན་པ་དང༌། སྣམ་ཕྲན་རེ་རེ་ལའང་གླེགས་བུ་ཕྱེད་དང་གསུམ་རེའོ།   །མཐང་གོས་གསུམ་ཀ་སྣམ་ཕྲན་ལྔ་པ་དང༌། སྣམ་ཕྲན་རེ་རེ་ལའང་གླེགས་བུ་ཕྱེད་དང་གཉིས་རེའོ།   །ཆོས་གོས་གསུམ་དྲས་དྲུབ་ཏུ་བྱེད་པ་དང༌། ལྷན་ཐབས་སུ་བྱེད་པ་གཉིས།   མཐང་གོས་ཀྱིས་ལུས་མི་ཡོགས་ན་རལ་ཁ་དཔུང་བཅད་འཐུད་པར་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号