ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
དགེ་སློང་མའི་ལྕི་བའི་ཆོས་བརྒྱད་ནི། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་གི་དགེ་འདུན་ལས་གདམས་ངག་ནོད་པ།དགེ་སློང་གི་དགེ་འདུན་མེད་པའི་ས་ཕྱོགས་སུ་དབྱར་ཁས་མི་ལེན་པ། དགག་དབྱེ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་བྱེད་པ། དགེ་སློང་མས་མཁན་མོ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་སུ་གཞུག་པ།དགེ་སློང་གསར་བུ་ལ་ཡང་ཕྱག་འཚལ་བ། དགེ་སློང་ལ་ཅོ་མི་འདྲི་བ།དགེ་སློང་ལ་ལྟུང་བ་གླེང་དྲན་མི་བྱེད་པ།མགུ་བ་སྤྱོད་པའི་ཚེ་གཉིས་ཀའི་དགེ་འདུན་ལ་སྤྱོད་པ་སྟེ་བརྒྱད་དོ། །ཞུ་བ་སྤྱིར་བསྟན་གྱི་སྐོར་ལ།ལྟུང་བ་རྣམས་རྟེན།ཡུལ།སྦྱོར་བ། མཐར་ཐུག་སྟེ་ཡན་ལག་བཞིས་སྟོན་པར་བྱེད་ལ།རྟེན་ལ་བསླབ་པ།བསམ་པ།ཚིགས།མཚན།ཡུལ།ལུས།གནས་སྐབས་ཏེ་བདུན་ནོ། །བསླབ་པའི་ཡན་ལག་ལ།ཉམས་པ་དང་མ་ཆགས་པ་གཉིས་ལ་ཉེས་བྱས་སུ་འགྱུར་བ།   མ་རྫོགས་ཤིང་རབ་ཏུ་བྱུང་བ་ལ་བླངས་འདས་དང་ཕྱོགས་མཐུན་གྱི་ཉེས་བྱས་སུ་འགྱུར་བ།བསླབ་བྱིན་དགེ་སློང་ལ་དམིགས་བསལ་གསུམ་མ་གཏོགས་པ་དངོས་གཞིར་འགྱུར་བའོ། །འདིའི་བླངས་འདས་ལ་དགེ་ཚུལ་ཕ་མ་གཉིས་ལ་ཐུན་མོང་དུ་བཅས་པ་བཅུ་གསུམ། དགེ་སློང་མའི་རྟེན་ལ་བཅུ་གཉིས་ཏེ་ཉེར་ལྔ་དང༌། ཡང་སྲོག་གཅོད་པ་ལ་སོགས་པ་སུམ་ཅུ་སོ་དྲུག བསྡུ་ན། མཁན་པོ་ལས་དངོས་སུ་ཁས་བླངས་པ་དང༌།སློབ་དཔོན་ལས་དངོས་སུ་ཁས་བླངས་པ་གཉིས་ལས་འགལ་བ་གཉིས། ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བ་གཉིས། ཡང་འདུ་ཤེས་གཙོ་ཆེ་བ་དང་།  དངོས་པོ་གཙོ་ཆེ་བ་གཉིས།   ཡང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས། བག་ཡོད་ཀྱི་མི་མཐུན་ཕྱོགས།  བརྟུལ་ཞུགས་ཀྱི་མི་མཐུན་ཕྱོགས་ཏེ་གསུམ་མོ།   །ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་ལ། ལྟུང་བ་མེད་པ་ནི་ཕྱེད་དང་བཅོ་བརྒྱད་དོ། །ཕྱོགས་མཐུན་དངོས་ནི།རྟགས་ཀྱི་གཞི།   སློང་བའི་གཞི།སྣོད་སྦྱད་ཀྱི་གཞི།ལོངས་སྤྱོད་ཀྱི་གཞི།   འཕྱར་གཡེང་གི་གཞི། འདོད་པ་ལ་བརྟེན་པའི་གཞི།གནོང་པའི་གཞི།གནས་པའི་གཞི།མ་གུས་པའི་གཞི།མི་སྦྱོང་བའི་གཞི་སྟེ་བཅུའོ། །བསྡུ་ན།སྡོམ་པ་ཉམས་པའི་ཕྱོགས་མཐུན་དང༌།བར་མ་ཉམས་པའི་ཕྱོགས་མཐུན་གཉིས་སོ། །འདིའི་མཐུན་པ་གསུམ་ནི།དགག་བྱ་ཉེས་དམིགས་མཐུན་པ།སྦྱོར་བ་རྗེས་སྒྲུབ་མཐུན་པ།   རྒྱུད་པ་རྒྱུར་འགྲོ་མཐུན་པའོ། །བསམ་པའི་ཡན་ལག་ནི།ཤེས་པ་རང་བཞིན་དུ་གནས་པ་སྟེ།འདིའི་ལྡོག་ཕྱོགས་མི་གནས་པ་བརྒྱད་ནི།སྨྱོ་བ།སེམས་འཁྲུགས་པ།ཚོར་བས་གཟིར་བ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་བརྗེད་པ།   གཉིད་ལོག་པ།སྙོམས་པར་ཞུགས་པ། ར་རོ་པ།དེའི་དོད་ཐུབ་པ་རྣམས་སོ།ཚིགས་ཀྱི་ཡན་ལག་ནི།ཉེས་བྱས་ཀྱི་སྡེ་མ་གཏོགས་པ་ལྟུང་བ་སྡེ་ལ་ལ་རྫུན་སོགས་བཞི་ཅུ་རྩ་ལྔ་མ་གཏོགས་པ་རྣམས་ལ་སྦྱོར་བ་ནས་མཐར་ཐུག་གི་བར་བསླབ་ཚིགས་གཅིག་པ་དགོས་པ་སྟེ།གཞན་དུ་ན་ན་སྨད་དོ།།                          
མཚན་གྱི་ཡན་ལག་ལ།ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས།ཐུན་མོང་བ་ལ་མཚན་ཉིད་སྤྱི་འདྲའི་ཐུན་མོང་བ་ལྔ་བཅུ་རྩ་ལྔ།རྗེས་མཐུན་མིང་ཙམ་གྱི་ཐུན་མོང་བ་ལ་གསུམ་སྟེ། མཚན་མཐུན་པ་ཡན་ལག་ཏུ་དགོས་པ་བཞི་བཅུ་ཐམ་པ།   མཚན་མི་མཐུན་པ་ཡན་ལག་ཏུ་དགོས་པ་ལྔ། ཆོ་ག་འཇིག་པའི་ཐུན་མོང་བ་བཞིའོ།།ཐུན་མོང་བ་མ་ཡིན་པ་ལ་དགེ་སློང་ཕའི་ཐུན་མོང་མ་ཡིན་པ་སོ་བརྒྱད། མའི་ཐུན་མོང་མ་ཡིན་པ་བརྒྱ་དང་གྱ་བདུན་ནོ། །ཡུལ་གྱི་ཡན་ལག་ལ། ད་ལྟར་གྱི་ལུས་ལྟུང་བའི་བྱེད་པ་པོར་སྟོན་པ།རང་ཉིད་འགྲོ་བ་གང་དུ་གཏོགས་པའི་ལུས་ལྟུང་བའི་བྱེད་པ་པོར་སྟོན་པ།   རང་གི་རྒྱུད་གང་དུ་གཏོགས་པའི་ལུས་ལྟུང་པའི་བྱེད་པ་པོར་སྟོན་པ།   འཕེན་པ་གཅིག་གིས་བསྡུས་པའི་ལུས་ལྟུང་བའི་བྱེད་པ་པོར་སྟོན་པ་སྟེ་བཞིའོ། །ལྟུང་བ་ཐ་དད་པ་ལ་བསླབས་པ་དང་མཚན་གྱི་རྒྱུན་ཐ་དད་པ།ཀུན་སློང་གི་རྒྱུན་ཐ་དད་པ།བཅས་རིགས་ཐ་དད་པ།ཀུན་སློང་གི་རྣམ་པ་ཐ་དད་པ།འབྲས་བུ་ཐ་དད་པ་ལ་བརྟེན་ནས་ལྟུང་བ་ཐ་དད་པར་འགྱུར་བ་སྟེ་ལྔའོ། །ཚན་ཚན་གྱི་ཡན་ལག་ནི།ཡུལ་གྱི་ཡན་ལག་ལ་སེམས་ཅན་ལས་གྱུར་པ་དང༌།སེམས་ཅན་མ་ཡིན་པ་ལས་གྱུར་པ་གཉིས།   དང་པོ་ལ།མི་ལས་གྱུར་པ་དང༌།དུད་འགྲོ་ལས་གྱུར་པ་གཉིས།སྔ་མ་ལ་མི་ཙམ་སྤྱིས་བསྐྱེད་པ་གཉིས། བྱེ་བྲག་ཁྱིམ་པ་སྤྱིས་བསྐྱེད་པ་ཉི་ཤུ་རྩ་བདུན།བུད་མེད་སྤྱིས་བསྐྱེད་པ་དྲུག བསྙེན་པར་རྫོགས་པ་སྤྱིས་བསྐྱེད་པ་གསུམ།བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་པ་ལྔ།ཐ་སྙད་སྤྱིས་བསྐྱེད་པ་བཅུ་གཉིས། ཆོས་འདི་པའི་རབ་བྱུང་སྤྱིས་བསྐྱེད་པ་གཉིས། དགེ་སློང་ཕས་བསྐྱེད་པ་བཞི་བཅུ་ཞེ་དྲུག མས་བསྐྱེད་པ་བཅུ་བཞི།དགེ་ཚུལ་གྱིས་བསྐྱེད་པ་གཅིག མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས། ཁྱིམ་པ་ཕོས་བསྐྱེད་པ་དྲུག མོས་བསྐྱེད་པ་བཞི་རྣམས་སོ། །སེམས་ཅན་མ་ཡིན་པ་ལས་གྱུར་པ་ལ། ལྟུང་བ་ལས་གྱུར་པ་ལྔ།ཟས་ལས་གྱུར་པ་ཉེར་གཅིག གོས་ལ་བརྟེན་པ་སོ་དྲུག སྣོད་སྤྱད་ལ་བརྟེན་པ་བརྒྱད།ནོར་ལས་གྱུར་པ་བཞི།ངག་ཁོ་ནས་བྱེད་པ་ཅན་བཞི་བཅུ་རྩ་བཞི།ལུས་ངག་གཉིས་ཀ་དགོས་པ་གསུམ། གང་རུང་གི་བྱེད་པ་ཅན་དགུ།བཅོལ་ཡང་རྫོགས་པ་སུམ་ཅུ་རྩ་གསུམ་རྣམས་སུ་ཡོད་ལ། མཐར་ཐུག་དང་སྦྱོར་བའི་རྣམ་བཞག་ཀྱང་དེར་འདུའོ།།གཞི་སྟོད་དང་ཞུ་བ་སྤྱིར་བསྟན་གྱི་སྐོར་རྫོགས་སོ། །
གཞི་སྨད་ལ།གཞི་བཅུ་བདུན་ནི།རབ་བྱུང་གི་གཞི།གསོ་སྦྱོང་གི་གཞི།དགག་དབྱེའི་གཞི།དབྱར་གྱི་གཞི།ཀོ་ལྤགས་ཀྱི་གཞི།   སྨན་གྱི་གཞི།གོས་ཀྱི་གཞི།སྲ་བརྐྱང་གི་གཞི། ཀོོ་ཤམྦྷིའི་གཞི།ལས་ཀྱི་གཞི།དམར་སེར་ཅན་གྱི་གཞི།གང་ཟག་གི་གཞི།སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི།གནས་མལ་གྱི་གཞི།རྩོད་པའི་གཞི།དགེ་འདུན་དབྱེན་གྱི་གཞི་རྣམས་སོ། །འདིའི་ཀོོ་ཤམྦྷི་ལ།ལས་ཕྱེ་བའི་གཞི་དང༌།དམར་སེར་ཅན་ལ་ཕྱིར་བཅོས་ཀྱི་གཞི་དང༌།   གང་ཟག་ལ་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི་དང༌།སྤོ་བ་ལ་ས་གཞན་ན་གནས་པ་སྤྱོད་པའི་གཞི་དང༌།གསོ་སྦྱོང་བཞག་པ་ལ་ཡོངས་སྦྱོང་གི་གཞི་ཞེས་ཀྱང་ཟེར་རོ།།       
གཞུང་དམ་པར་གཞི་བཅོ་བརྒྱད་ཞེས་གསུངས་པ་ནི།རྣམ་པར་འབྱེད་པའི་གཞི་བསྣན་ནས་འདྲེན་པའམ།ཕྱིར་བཅོས་ལ་ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་གཉིས་སུ་ཕྱེ་བའོ།   །འདིའི་རབ་བྱུང་གི་གཞི་ནི་སྔར་གྱི་བཤད་ཟིན་པ་དེ་རྣམས་ཡིན་ལ།ལྷག་མ་རྣམས་ལ་ལྔ་ལས། དང་པོ་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་ལ།གསོ་སྦྱོང་དང༌།དབྱར་གནས་དང༌།དགག་དབྱེ་གསུམ་མོ།   །གསོ་སྦྱོང་ལ།ཞི་གནས་ཀྱི་གསོ་སྦྱོང༌།མཐུན་པའི་གསོ་སྦྱོང༌།བཀྲ་ཤིས་ཀྱི་གསོ་སྦྱོང༌།གནོད་པ་བཟློག་པའི་གསོ་སྦྱོང༌།དབྱེན་བསྡུམ་པའི་གསོ་སྦྱོང༌།གསོ་སྦྱོང་བཅུ་བཞི་པ།གསོ་སྤྱོང་བཅོ་ལྔ་པ་སྟེ་བདུན་ནོ།།བསྡུ་ན།ཞི་གནས་ཀྱི་གསོ་སྦྱོང་དང༌།མཐུན་པའི་གསོ་སྦྱོང་གཉིས་སུ་འདུའོ། །ཞི་གནས་ཀྱི་གསོ་སྦྱོང་ལ། གནས་ཀྱི་ཁྱད་པར་འཇིགས་ས་དང་གནོད་པ་ལས་བྲལ་བ།   འདུ་འཛིས་དབེན་པ། བག་ཕེབས་པ་སྟེ་གསུམ་ལྡན་ནོ། །སྤོང་ཁང་ནི།གཉིས་དང༌།དྲུག་དང༌།   བཅུ་ལ་སོགས་པའི་བར་དུ་སྤང་འདོད་པ།སྐར་ཁུང་སྒོ་སོགས་ནི་བསྲོ་ཁང་གི་སྐབས་དང་འདྲ་ལ། དགེ་སློང་མང་བས་མ་ཤོང་ན་ཁང་མོ་ཆེ་དང༌།ཡང་ཐོག་དང༌།དེར་འཛེགས་པའི་ཐེམ་སྐས་དང༌། ལན་ཀན་གྱིས་བསྐོར་བ་རྣམས་པ།ཡང་ན་སྤོང་ཁང་ཆེན་པོའམ། གནས་ཁང་གི་ཚར་དག་ཀྱང་བྱ་ལ། ཉེ་འཁོར་དུ་ས་ཕུག་བྱ་བ་རྣམས་སོ།སྤོང་ཁང་ནང་དུ་སའི་སྟེགས་བུ་དང༌།ཁྲིའུ་གྲུ་བཞི་པ་དང༌།   དེར་ཐགས་མ་རྣམ་པ་ལྔས་དྲ་བ་བྱ་བ་དང༌།དེའི་སྟེང་དུ་སྟན་ནང་ཚན་ཅན་གདིང་བར་བཤད་དོ།   །སྒོམ་པ་པོའི་རྟེན་གྱི་གང་ཟག་ནི། ཚུལ་ཁྲིམས་དག་ཅིང་མང་དུ་ཐོས་པ།   གནོད་པ་ཆུང་ཞིང་ཆོག་ཤེས་པ། གདམས་ངག་དང་ལྡན་པ།ལུས་སེམས་དབེན་པ་དང་བཅས་པ་སྟེ་ཆོས་བཞི་ལྡན་ནོ། །གང་བསྒོམ་པ་ནི།མོས་པ་ཡིད་བྱེད་ཀྱི་བསྒོམ་པ་དང༌།དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བསྒོམ་པའོ།   །དེ་རེ་རེལའང་ལས་དང་པོ་པའི་བསྒོམ་ཚུལ།ཅུང་ཟད་སྦྱང་བ་བྱས་པའི་བསྒོམ་ཚུལ།   ཡིད་ལ་བྱེད་པ་རྫོགས་པའི་བསྒོམ་ཚུལ་གསུམ་གསུམ་སྟེ། ཞི་ལྷག་གི་མིང་གི་རྣམ་གྲངས་རྒྱས་པར་མངོན་པའི་སྐབས་སུ་བཤད་ཟིན་ཏོ།།སྒོམ་པ་ཕུན་སུམ་ཚོགས་པར་འགྱུར་བའི་ཡན་ལག་གཉིས་ནི།བྱིང་བ་བསལ་བའི་ཕྱིར་དུ་གདོས་པུ་གདགས་པ་དང༌།བདེ་བར་གནས་པའི་ཆེད་དུ་སྤོང་བ་པོའི་ཞལ་ཏ་པ་བསྐོ་བའོ། བསྒོ་ཚུལ་ནི། སྦྱོར་བ་སྤྲོ་བ་འདྲི་བ།དངོས་གཞི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བ།   མཇུག་སྡུད་བརྗོད་པ་རྣམས་སོ། ། མཐུན་པའི་གསོ་སྦྱོང་ལ།སྦྱོར་བ་ནི་དྲུག་སྟེ།གསོ་སྦྱོང་གི་གནས་ཐབས་དང་བཅས་པ།རང་གཞན་གྱི་ལྟུང་བ་དག་པར་བྱེད་པ།གཙུག་ལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ།ཆོས་ཉན་བཤད་བྱ་བ། བསྐོས་པའི་དགེ་སློང་གིས་ཚུལ་ཤིང་བྲིམས་ནས་བགྲང་སྟེ་མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ། དགེ་སློང་གིས་མེ་ཏོག་ཕུལ་ནས་སོ་སོར་ཐར་པའི་མདོ་འདོན་པར་གསོལ་བ་གདབ་པ་དང་དྲུག་གོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号