ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།
སྤེལ་དུས།01-26  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བསམ་གྲུབ་ཚེ་རིང་།
༢ སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་ཆེན་པོ་དྲུག
འཛམ་གླིང་ཡོངས་ཀྱི་ཁོར་ཡུག་འབག་བཙོག་གི་གནད་དོན་ཧ་ཅང་རྙོག་འཛིང་ཅན་ཞིག་ཏུ་གྱུར་ཡོད་པ་ལས་གཙོ་བོ་གཤམ་གྱི་ཕྱོགས་དྲུག་སྟེ།
(༡) གོ་ལའི་ཁྱོན་ཀྱི་གནམ་གཤིས་ཇེ་དྲོར་འགྲོ་བཞིན་པ།
མཁའ་དབུགས་ཁྲོད་རང་བཞིན་གྱིས་གནས་པའི་རླུང་གཟུགས་དང་ཆུའི་རླངས་པའམ་ཡང་ན་དམར་ཕྱིའི་འོད་བསྡུ་ལེན་བྱེད་པའི་རླུང་གཟུགས་བཅས་ཀྱིས་ས་ངོས་ཀྱི་དྲོད་ཚད་ཁྱབ་པར་བཀག་འགོག་བྱེད་པའི་དྲོད་རླུང་སྲུང་འཛིན་གྱི་ནུས་པ་ཐོན་ཡོད། འདི་ནི་དྲོ་ཁང་ཕན་ནུས་ཞེས་པ་དེ་ཡིན། དྲོ་ཁང་ཕན་ནུས་ནི་སའི་གོ་ལའི་དྲོད་ཚད་སྲུང་སྐྱོབ་བྱེད་པར་མེད་ཐབས་བྲལ་བའི་ལག་ཆ་གལ་ཆེན་ཞིག་ཡིན།གལ་ཏེ་དྲོ་ཁང་ཕན་ནུས་འདི་མེད་ཚེ་སའི་གོ་ལའི་དྲོད་ཚད་ད་ལྟ་དང་བསྡུར་ན༤℃ཡས་མས་ཀྱིས་དམའ་བ་ཡིན། དྲོ་ཁང་ཕན་ནུས་དང་འབྲེལ་བ་ཡོད་པའི་དབུགས་གཟུགས་ནི་མཁའ་རླུང་ཁྲོད་ཀྱི་དབྱང་གཉིས་ཐཱན་རྫས་དང་ཡང་ན་ཆུའི་རླངས་པ། ཀ་ཝོན། དབྱང་འགྱུར་འབྲིང་ཏན།དྲི་ངན་དབྱང་རླུང༌།ཁིལ་ཧྥུལ་ཝོན་ཐིང་སོགས་ཡིན།དེ་དག་གི་སྤྱི་མིང་ལ་ཕན་ནུས་དབུགས་གཟུགས་ཟེར།རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན།དབུགས་གཟུགས་འདི་དག་མཁའ་རླུང་ཁྲོད་དུ་འདུས་ཚད་ཅུང་ཉུང་བ་ཡིན།གལ་ཏེ་མི་རྣམས་ཀྱིས་མཁའ་རླུང་ཁྲོད་དུ་དྲོ་ཁང་ཕན་ནུས་ཡོད་པའི་དབུགས་གཟུགས་འདི་དག་བཏང་བ་མང་དྲགས་ན་དྲོ་ཁང་གི་ཕན་ནུས་ཇེ་དྲགས་སུ་འགྲོ་བས་སའི་གོ་ལའི་དྲོད་ཚད་ཇེ་དྲོར་འགྱུར་བཞིན་ཡོད།འདས་པའི་ལོ་བརྒྱ་ལྷག་གི་ཁྲོད་དུ་སའི་གོ་ལའི་ས་ངོས་ཀྱི་དྲོད་ཚད་ཆ་སྙོམས་བྱས་ན༠.༣- ༠.༦℃ཡར་འཕེལ་བཞིན་ཡོད། གལ་ཏེ་མཁའ་དབུགས་ཁྲོད་དབྱང་གཉིས་ཐཱན་རྫས་ཀྱི་འདུས་ཚད་མིག་སྔར་གྱི་མྱུར་ཚད་ལྟར་འཕེལ་བ་ཡིན་ན། དུས་རབས༢༡པའི་དུས་མཇུག་ཏུ་སླེབས་ཚེ་ལྡབ་གཅིག་འཕེལ་ཡོད་པས་སའི་གོ་ལའི་དྲོད་ཚད་ཀྱང༢-༥℃འཕེལ་ཡོད། འདི་ནི་འདས་པའི་ལོ་ཆིག་ཁྲི་ལྷག་གི་ཁྲོད་དུ་མཐོང་དཀོན་པའི་མྱུར་ཚད་ཅིག་རེད།
སའི་གོ་ལའི་དྲོད་ཚད་ཇེ་དྲོར་འགྲོ་བ་དང་བསྟུན་ནས་བྱང་སྣེ་དང་ལྷོ་སྣེ་ཡི་འཁྱགས་རི་རིམ་བཞིན་ཞུ་ཡི་ཡོད་པས་མཚོ་ངོས་ཉིན་བཞིན་ཡར་འཕགས་བཞིན་ཡོད། ཚན་རིག་པ་དག་གི་ཚོད་དཔག་ལྟར་ན། གལ་ཏེ་གནམ་གཤིས་མིག་སྔར་གྱི་མྱུར་ཚད་ལྟར་ཇེ་དྲོར་སོང་བ་ཡིན་ན། རྒྱ་མཚོའི་ཆུ་ངོས་ཡར་འཕགས་པས༢༠༥༠ལོའི་ཡས་མས་སུ་གྲོང་ཁྱེར་ཉི་གཡོག་དང་བེའེ་ཉི་སུ། མན་ཀུག ལོན་ཏོན། ཧྲང་ཧའེ། ཡ་ཅ་ཏ། ཐའེ་པའེ། སའེ་སྡུན་ནེ། ཐོའོ་ཁོའོ་སོགས་གྲོང་ཁྱེར་ཆེན་པོ་དག་རྒྱ་མཚོས་བསྣུབ་པའི་ཉེན་ཁ་ཡོད་པ་དང༌། ཉི་ཧོང་དང་ཧོ་ལན་རྒྱལ་ཁབ་གཉིས༢༡༠༠ལོར་རྒྱ་མཚོས་ཡོངས་སུ་བསྣུབ་པའི་ཉེན་ཁ་ཡོད།
༢༠༠༡ལོའི་ཟླ༡༡པའི་ཚེས༡༥ཉིན་ཨ་རིའི་རྒྱལ་ས་ཧྭ་ཧྲིན་ཐོན་གྱི་སའི་གོ་ལའི་སྲིད་ཇུས་ཞིབ་འཇུག་ཁང་གི་གསལ་བསྒྲགས་ནང་བསྟན་དོན། ཐུ་ཝ་ལུ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཉིན་བཞིན་ཡར་འཕགས་པའི་རྒྱ་མཚོའི་ཆུ་འགོག་ཐབས་བྲལ་བ་དངོས་སུ་ཁས་ལེན་བྱས་ཏེ། ཁོ་ཚོས་རང་གི་ཕ་ས་མི་བསྐྱུར་ཐབས་མེད་དུ་གྱུར་ནས་༢༠༠༢ལོར་རྒྱལ་འབངས་རྣམས་ནིའུ་ཙི་ལན་དུ་གནས་སྤོར་བྱེད་མགོ་ཚུགས། ཐུ་ཝ་ལུ་ནི་རྒྱ་མཚོ་ཆེན་པོའི་གླིང་ཆེན་གྱི་ཁོངས་སུ་གཏོགས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་ལ། ཐུ་ཝ་ལུ་ཞེས་པ་ནི་ས་དེའི་སྐད་དུ་གླིང་ཕྲན་བརྒྱད་འདུས་ཞེས་པའི་དོན་ཡིན་ཞིང་དོན་དངོས་སུ་གླིང་ཕྲན་དགུ་ཡོད་ཀྱང་དེ་ལས་བརྒྱད་མ་གཏོགས་མི་གནས་ཐུབ་མེད། རྒྱལ་ཁབ་སྤྱིའི་རྒྱ་ཁྱོན་ལ༢༦km༢(སྟོང་རྨི་གྲུ་བཞི)དང་མི་གྲངས༡༡༠༠༠ཡོད། དེ་སྔོན་ཐུ་ཝ་ལུ་སྲིད་གཞུང་གི་མགྲིན་ཚབ་པས་གསུང་མྱོང་བ་སྟེ། རྒྱལ་ཁབ་འདིའི་གླིང་ཕྲན་དག་མ་འོངས་པའི་ལོ་༥༠ནང་དུ་མཚོ་ཆུས་བསྣུབ་རྒྱུ་རེད། མིག་སྔར་གླིང་ཕྲན་སྟེང་གི་ཁུག་གཞུང་དང་ཕུག་པ་རྣམས་མཚོ་ཆུས་བཀང་བས་མི་གནས་ཆོག་པའི་ཁོར་ཡུག་ཇེ་ཆུང་དུ་འགྱུར་བཞིན་ཡོད་པ་དང་འཚོ་གནས་ཁོར་ཡུག་ཉིན་བཞིན་ཇེ་ངན་དུ་འགྱུར་བཞིན་ཡོད་པ་རེད།
དེ་ལས་གཞན་ད་དུང་གནམ་གཤིས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་ཆར་ཆུ་འབབ་ཚད་ཀྱི་མང་ཉུང་དང་ས་ཁུལ་རང་བཞིན་གསར་དུ་བསྐྱར་བགོས་བྱས་པས་སྐྱེ་དངོས་རིགས་ཀྱི་ལེགས་པའི་ཆ་འགྱུར་ཏེ་སྐྱེ་དངོས་རིགས་ཁ་ཤས་རྒྱུད་ཆད་པ། རང་བྱུང་གནོད་འཚེ་རྒྱུན་མི་ཆད་པ་སོགས་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ངན་པ་བྱུང་བ་དང༌། འགྱུར་ལྡོག་འདི་དག་གིས་ཕལ་ཆེར་དེང་སྐབས་ཡོད་པའི་སའི་གོ་ལའི་ཐོན་ཁུངས་དང་མི་གྲངས། འཛད་སྤྱོད་སོགས་ཀྱི་འབྲེལ་བ་ཧ་ཅང་དོ་མི་མཉམ་པ་སྔར་ལས་ཛ་དྲག་ཏུ་འགྱུར་ཉེན་ཆེ།
(༢) དྲི་ངན་དབྱང་རླུང་རིམ་པར་གཏོར་བརླག་ཐེབས་པ།
དྲི་ངན་དབྱང་རླུང་ནི་སའི་གོ་ལའི་མཁའ་དབུགས་ཁྲོད་རང་བཞིན་དུ་གནས་པའི་དབུགས་གཟུགས་ཤིག་ཡིན་པ་དང༌། དྲི་ངན་དབྱང་རླུང་གི་འདུས་ཚད་དེ་མཐོ་ཚད་དང་བསྟུན་ནས་འགྱུར་བ་ཡིན་ཞིང༌། གཙོ་བོ་སའི་གོ་ལའི་ངོས་ལས་མུས༢༥ - ༣༠མཚམས་ཀྱི་མཁའ་དབྱིངས་སུ་ཁྱབ་ཡོད། དྲི་ངན་དབྱང་རླུང་ཁྱབ་པའི་བར་གསེང་ལ་དྲི་ངན་དབྱང་རླུང་རིམ་པ་ཟེར།
དྲི་ངན་དབྱང་རླུང་རིམ་པའི་བྱེད་ནུས་ནི། ཕྱོགས་གཅིག་ནས་ཚད་བརྒལ་དམར་ཕྱིའི་འོད་སའི་གོ་ལའི་ངོས་སུ་འཕྲོ་བར་བཀག་འགོག་བྱེད་ཐུབ་པས། སའི་གོ་ལའི་སྟེང་གི་མི་དང་སྲོག་ལྡན་གཞན་པ་དག་ཚད་བརྒལ་དམར་ཕྱིའི་འོད་ཀྱི་གནོད་འཚེ་ལས་སྐྱོབ་པ་དང༌། ཕྱོགས་གཞན་ཞིག་ནས་དྲི་ངན་དབྱང་རླུང་དེ་དབྱང་གཉིས་ཐཱན་རྫས་དང་འདྲ་བར་དྲོ་ཁང་ཕན་ནུས་ཡོད་པའི་དབུགས་གཟུགས་ཤིག་ཡིན། དེ་བས་དྲི་ངན་དབྱང་རླུང་གིས་སའི་གོ་ལའི་ངོས་ནས་ཕྱིར་བར་སྣང་ལ་ལྡོག་འཕྲོ་བྱེད་པའི་དམར་ཕྱིའི་འོད་ཀྱི་དྲོ་ནུས་བསྡུ་ཐུབ་པས། ས་ངོས་ཀྱི་དྲོ་གྲང་སྙོམ་སྒྲིག་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ།མཁའ་དབུགས་ཁྲོད་ཀྱི་དྲི་ངན་དབྱང་རླུང་གི་འདུས་ཚད་ལ་འགྱུར་ལྡོག་བྱུང་ཚེ་སའི་གོ་ལའི་ས་ངོས་ཀྱི་གནམ་གཤིས་ལ་ཤན་ཤུགས་ཐེབས་ཀྱིན་ཡོད། དེ་བས་དྲི་ངན་དབྱང་རླུང་རིམ་པ་ནི་སའི་གོ་ལའི་སྟེང་གི་སྲོག་ལྡན་དག་ལ་དབྱང་དང་ཆུ་བཞིན་གལ་ཆེ། གལ་ཏེ་དྲི་ངན་དབྱང་རླུང་རིམ་པའི་འགོག་སྲུང་མེད་ཚེ་སའི་གོ་ལའི་ཚེ་སྲོག་ལ་རྨེག་མེད་དུ་འགྲོ་བའི་གནོད་འཚེ་ཐེབས་སྲིད།
༡༩༥༨ལོ་མི་རྣམས་ཀྱིས་མཁའ་དབྱིངས་སུ་དྲི་ངན་དབྱང་རླུང་རིམ་པ་ཇེ་ཉུང་དུ་འགྲོ་བཞིན་པའི་རྣམ་པ་རྟོགས་མགོ་བརྩམས་ཤིང་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ནས་བཟུང་རྣམ་པ་འདི་ཧ་ཅང་མངོན་གསལ་ཡིན།༡༩༨༥ལོར་ལྷོ་སྣེའི་མཁའ་དབྱིངས་སུ་ཐོག་མར་དྲི་ངན་དབྱང་རླུང་གི་ཁུང་བུ་བརྟོལ་བ་སའི་གོ་ལའི་ལྡབ་གཉིས་ལས་ཀྱང་ཆེ་བར་མཐོང༌། ལོ་རབས་དགུ་བཅུ་བར་སླེབས་དུས་ལྷོ་སྣེ་མཁའ་དབྱིངས་ཀྱི་དྲི་ངན་དབྱང་རླུང་གི་ཁུང་བུ་ཇེ་ཆེ་རུ་འགྲོ་བཞིན་པར་མ་ཟད་ཟབ་ཚད་ཀྱང་ཧ་ལམ་ཇོ་མོ་གླང་མའི་མཐོ་ཚད་དང་འདྲ་བ་རྟོགས། རྗེས་སུ་བྱང་སྣེའི་མཁའ་དབྱིངས་སུའང་དྲི་ངན་དབྱང་རླུང་གི་ཁུང་བུ་མངོན།
སའི་གོ་ལའི་ངོས་ནས་མཁའ་དབྱིངས་བར་ཐག༡༥ -༥༠kmལ་སྙོམས་རྒྱུག་བང་རིམ་ཟེར། སྙོམས་རྒྱུག་བང་རིམ་ནི་སའི་གོ་ལའི་ངོས་ཀྱི་སྲོག་ལྡན་ཡོད་ཚད་ཀྱི་མགོན་སྐྱབས་ལྟ་བུ་ཡིན། སྙོམས་རྒྱུག་བང་རིམ་གྱི་དྲི་ངན་དབྱང་རླུང་གི་འདུས་ཚད་ནི༡༠%ཇེ་ཉུང་དུ་སོང་ན་གོ་ལའི་ངོས་ཀྱི་བསྡུ་ལེན་བྱེད་པའི་དམར་ཕྱིའི་འོད་འཕྲོས་དྲགས་ཚད༢༠%ཡར་འཕེལ་བཞིན་ཡོད། འདིས་མིའི་རིགས་ཀྱི་བདེ་ཐང་དང་སྐྱེ་དངོས་གཞན་པའམ་ཡང་ན་སའི་གོ་ལའི་སྐྱེ་ཁམས་མ་ལག་ཡོངས་ལ་ངན་འབྲས་ཆེན་པོ་འབྱུང་སྲིད་པ་དང༌། མིའམ་སྲོག་ཆགས་ཀྱི་ལུས་ཐོག་གི་ཕྲ་ཕུང་སོ་སོས་ཚད་ལས་བརྒལ་བའི་དམར་ཕྱིའི་འོད་བསྡུ་ལེན་བྱས་རྗེས་སྐྱེ་ལུས་ཕན་ནུས་མི་ལེགས་པར་འགྱུར་བར་མ་ཟད། སྤྲི་དཀར་རྫས་དང་ཕྲ་ཕུང་ཉིང་རྡུལ་སྐྱུར་རྫས་ཀྱི་སྒྲིག་གཞི་ལ་གཏོར་བརླག་ཐེབས་སྲིད་པས་ད་ཡོད་ཀྱི་སྐྱེ་དངོས་ནུས་པ་མང་བོ་ཤོར་འགྲོ། དེ་ལྟར་གྱུར་ཚེ་མིའི་རིགས་ལ་མིག་ནད་དང་པགས་ནད་རིགས་ཇེ་མང་དུ་འགྲོ་བར་མ་ཟད་སྐྱེ་དངོས་རིགས་ལའང་ཉེན་ཁ་འབྱུང་སྲིད། ཞིང་ཕྱུགས་ནགས་གསུམ་ལ་གནོད་འཚེ་ཕོགས་པའི་རྐྱེན་གྱིས་ཐོན་ཚད་ཇེ་ཉུང་དུ་འགྲོ་བ་དང༌། ཆུའི་སྐྱེ་ཁམས་ཁོར་ཡུག་གི་མ་ལག་ཡོངས་ལ་ངན་ཤུགས་ཐེབས་སྲིད་པའི་ཁྲོད་དུ་ང་ཚོའི་ཁ་ཟས་སུ་སྤྱོད་པའི་ཉའི་རིགས་ཀྱང་འདུས། རྒྱུ་མཚན་ནི་རྒྱ་མཚོའི་མཚོ་བལ་ལ་དམར་ཕྱིའི་འོད་འཕྲོས་པའི་ཤུགས་རྐྱེན་སྐྱེན་པོར་ཐེབས་སླ། མཚོ་བལ་ལ་འགྱུར་ལྡོག་བྱུང་བ་དེས་རྒྱ་མཚོ་ཆེན་པོའི་བཟའ་ཆས་རིགས་སུ་གྱུར་པར་ཤན་ཤུགས་ཐེབས་འགྲོ། དྲི་ངན་དབྱང་རླུང་རིམ་པར་གཏོར་བརླག་བྱེད་སླ་ཤོས་ཀྱི་རྫས་འགྱུར་དངོས་རྫས་ནིC、H、Nསོགས་རྒྱུ་དུ་མ་འདུས་པའི་རྫས་དངོས་ཡིན། དེའི་ཁོངས་སུCFCS.、NO、 CCI  ༤CH༤སོགས་ཀྱང་འདུས། དངོས་པོ་འདི་དག་ནི་དམའ་རིམ་མཁའ་དབུགས་ཁྲོད་ཕལ་ཆེར་གཏན་འཇགས་ཡིན་མོད། འོན་ཀྱང་བར་སྣང་མཐོངས་སུ་དམར་ཕྱིའི་འོད་ཀྱི་ནུས་པ་ཕར་སྐྱེལ་བྱས་རྗེས་དྲི་ངན་དབྱང་རླུང་དང་བསྡེབས་ནས་འགྱུར་ལྡོག་འབྱུང་ཐུབ། དཔེར་ནCFCSསྙོམས་རྒྱུག་བང་རིམ་དུ་འཛུལ་རྗེས། དམར་ཕྱིའི་འོད་དྲག་པོར་འཕྲོས་པ་བསྡུ་ལེན་བྱས་པས། CFCsཁ་ཐོར་དུ་འགྲོ་བ་ཡིན།ཁ་ཐོར་རྗེས་ཀྱི་དངོས་པོ་དེ་རིམ་བཞིན་དྲི་ངན་དབྱང་རླུང་གི་ཆ་རྡུལ་གྱི་ནུས་པར་བརྟེན་ནས་འཕོ་འགྱུར་རིམ་པ་ཞིག་འབྱུང་བཞིན་ཡོད།CFCsཆ་རྡུལ་གཅིག་སྙོམས་རྒྱུག་བང་རིམ་ཁྲོད་དུ་འཛུལ་ན་ཕལ་ཆེར་དྲི་ངན་དབྱང་རླུང་གི་ཆ་རྡུལ་ཁྲི་སྟོང་མང་པོ་ཞིག་མེད་བརླག་ཏུ་གཏོང་སྲིད། དེ་བས་མིག་སྔརCFCsནི་དྲི་ངན་དབྱང་རླུང་བང་རིམ་ལ་གཏོར་བརླག་བྱེད་མཁན་གཙོ་བོ་ཞིག་ཡིན་པར་མ་ཟད་མཁའ་དབུགས་ཁྲོད་དུ་ལོ་བཅུ་ཕྲག་གམ་ཐ་ན་ལོ་བརྒྱ་ཕྲག་ལ་གནས་ཐུབ། དེ་བས་མིག་སྔར་མཁའ་དབུགས་ཁྲོད་དུ་གནས་པའིCFCsཔས་བྱུང་བའི་གནོད་འཚེ་དེ་དུས་རབས་གཅིག་ལྷག་ལ་རྒྱུན་བསྲིངས་བྱེད་ཐུབ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号