ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།
སྤེལ་དུས།01-26  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བསམ་གྲུབ་ཚེ་རིང་།
(༣) མཁའ་དབུགས་བཙོག་པར་བཟོས་པ།
གལ་ཏེ་དངོས་པོ་ཞིག་མཁའ་དབུགས་ཁྲོད་དུ་སླེབས་ཚེ། དེས་མིའི་རིགས་སམ་ཡང་ན་ཁོར་ཡུག་ལ་མིག་མཐོང་ལག་ཟིན་གྱིས་དུས་ཡུན་རིང་ཐུང་གང་རུང་ཞིག་ལ་ངན་ཤུགས་གང་མང་ཞིག་ཐེབས་སྲིད།དངོས་པོ་དེའི་མིང་ལ་མཁའ་དབུགས་འབག་བཙོག་ཟེར་བ་ཡིན། མཁའ་དབུགས་འབག་བཙོག་ལ་གཙོ་བོ་རིགས་གཉིས་ཡོད་དེ། རིགས་དང་པོ་ནི་དབུགས་གཟུགས་ཡིན་ཏེ་དཔེར་ན་དབྱང་གཉིས་ཟེ་འགྱུར་དང་ཏན་དབྱང་འགྱུར་རྫས།དབྱང་གཅིག་ཐཱན་འགྱུར༌།ཆིན་དབྱང་འགྱུར་རྫས།ཐིང་སོགས་ཡིན།རིགས་གཉིས༌པ་ནི་རིལ་བུའི་རིགས་ཅན་གྱི་དངོས་པོ་སྟེ།དཔེར་ན།ཐཱན་རིལ་དང་ཐལ༌།རྡུལ།དུ་རྡུལ་སོགས་ཡིན།མཁའ་དབུགས་ཁྲོད་ཀྱི་ཏན་དབྱང་འགྱུར་རྫས་དང་ཐཱན་ཆིན་འགྱུར་རྫས་གཉིས་ཀའི་འབྱུང་ཁུངས་གཙོ་བོ་ནི།རླངས་འཁོར་གྱིས་ཕྱིར་གཏོང་བྱས་པའི་དབུགས་གཟུགས་ལས་གཞན་རྡོ་སྣུམ་དང་རྡོ་སོལ༌འབར་བ་ལས་བྱུང་བའི་སྙིགས་མའི་རླུང་གཟུགས་ཡིན།   སྙིགས་མའི་རླུང་གཟུགས་ཁྲོད་ཀྱི་ཏན་དབྱང་འགྱུར་རྫས་ནི་གཙོ་བོ་དབྱང་གཅིག་ཐཱན་འགྱུར་ཡིན། དབྱང་གཅིག་ཐཱན་འགྱུར་དང་མཁའ་དབུགས་ཁྲོད་ཀྱི་དབྱང་གཉིས་ཟུང་འབྲེལ་བྱས་པ་ལས་དབྱང་གཉིས་ཏན་འགྱུར་བྱུང་བ་ཡིན།དབྱང་གཉིས་ཏན་འགྱུར་དེ་ཉི་མའི་དམར་ཕྱིར་འོད་འཕྲོ་བའི་འོག་ཏུ་འོད་རྫས་འགྱུར་འགྱུར་ལྡོག་དུ་མ་ཞིག་བྱུང་བ་ཡིན།འོད་རྫས་འགྱུར་འཕོ་འགྱུར་འབྱུང་བའི་ཐོན་དངོས་པོའི་ཁྲོད་དུ་། དྲི་ངན་དབྱང་རླུང་གིས༨༠%ཟིན།འོད་རྫས་འགྱུར་འགྱུར་ལྡོག་བྱུང་བའི་ཐོན་དངོས་ལས་གྲུབ་པའི་དུ་སྨུག་ལ་འོད་འགྱུར་གྱི་དུ་སྨུག་ཟེར། ས་གཤིས་ཁྱད་པར་ཅན་ཡིན་པའི་ཆ་རྐྱེན་འོག་དུ་སྨུག་དེ་གང་སར་ཁྱབ་མི་ཐུབ་པའི་གནམ་གཤིས་ལ་འཕྲད་ཅིང་འོད་རྫས་འགྱུར་དུ་སྨུག་ཕྱོགས་གཅིག་ཏུ་འདུས་ནས་གང་སར་མ་ཁྱབ་པས་མཁའ་དབུགས་འབག་བཙོག་གི་དོན་རྐྱེན་བྱུང་བ་སྟེ། མིའི་མིག་དང་མགྲིན་པར་ནད་སྣ་ཚོགས་བྱུང་སྟེ་མི་ལུས་བདེ་ཐང་ལ་ཉེན་ཁ་འབྱུང་བ་དང་ལོ་རྒྱུས་སྟེང་ལོ་ཧྲན་ཅི་གྲོང་ཁྱེར་གྱི་འོད་རྫས་འྭགྱུར་དུ་སྨུག་དོན་རྐྱེན་གྱིས༡༠༠kmལྷག་ལས་མཐོ་བའི་རི་སྟེང་གི་ཚ་ལུ་མའི་ཐོན་ཚད་ཇེ་ཉུང་དུ་བཏང་བར་མ་ཟད་གསོམ་སྡོང་ཡང་སྐམ་པར་བྱས།
བཟོ་ལས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མིའི་རིགས་ཀྱིས་ནུས་ཁུངས་བེད་སྤྱོད་བྱེད་པ་དང་ཆབས་ཅིག་མཁའ་དབུགས་ཁྲོད་དུ་དུ་རྡུལ་རིལ་གཟུགས་ཅན་གྱི་དངོས་རྫས་མང་བོ་བཏང་བས་མཁའ་དབུགས་ཁོར་ཡུག་ལ་འབག་བཙོག་བཟོས་ཡོད།རྡུལ་རིལ་འདི་དག་ལས་ཅུང་ཆེ་བ་དང་ཅུང་ཙམ་ལྕི་བ་དག་ས་ངོས་སུ་ལྷུང་བས་ས་རྡུལ་གྲུབ་པ་དང༌། ཅུང་ཆུང་བ་དག་ཡང་དྲགས་པས་མཁའ་ལ་འཕྱོ་ཞིང་མཁའ་གཡེང་རིལ་རྡུལ་དུ་འགྱུར།དེ་མིའི་ལུས་ཁམས་ཀྱིས་བསྡུ་ལེན་བྱས་པས་མིའི་གློ་བ་དང་དབུགས་ལམ་དག་ལ་གནོད་པ་ཕོག་པ་ཡིན།མཁའ་ལ་གཡེང་བའི་རིལ་རྡུལ་འདི་དག་མང་ཆེ་བར་དུག་ལྡན་དངོས་པོ་མང་བོ་འདུས་པས། མི་ལུས་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཕོག་པ་དང་ནད་རིགས་སྣ་མང་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་པ་རེད།གོང་ནས་གླེང་བའི་འཛམ་བུ་གླིང་ལ་གནོད་པའི་དོན་རྐྱེན་བརྒྱད་ཀྱི་གཅིག་སྟེ་མ་སི་ལུང་བའི་དུ་སྨུག་དོན་རྐྱེན་དེ་ནི་མ་སི་ལུང་བའི་ས་ཁུལ་གྱི་མི་སྟོང་ཕྲག་དུ་མའི་བྲང་ཁ་ན་བ་དང་གློ་ལུ་བ། མགྲིན་པ་འགགས་པ་སོགས་ཚོར་སྣང་མི་ལེགས་པ་བྱུང་བས་གཟའ་འཁོར་གཅིག་གི་ནང་དུ་མི༦༠ཤི་བ་རེད།སྨུག་པའི་རྒྱལ་ས་ཞེས་འབོད་སྲོལ་ཡོད་པའི་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ༡༩༥༢ལོའི་ཟླ༡པོའི་ཚེས༥ཉིན་བྱུང་བའི་དུ་སྨུག་དོན་རྐྱེན་ཁྲོད་དུ་མི་ཆིག་ཁྲི་ལ་ཉེ་བ་ཞིག་ཚེ་ལས་འདས། བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན༩༠%ཡན་གྱི་གློ་བའི་སྐྲན་ནད་ནི་རྒྱུན་དུ་མཁའ་དབུགས་འབག་བཙོག་བྱས་པ་ལས་བྱུང་བ་རེད་ཟེར།
(༤) སྲ་གཟུགས་སྙིགས་མའི་འབག་བཙོག
སྲ་གཟུགས་སྙིགས་མ་ཞེས་པ་ནི་གཙོ་བོ་བཟོ་ལས་གད་སྙིགས་དང་འཚོ་བའི་གད་སྙིགས་གཉིས་སྟོན་པ་ཡིན། དེང་སྐབས་འཛམ་གླིང་ཡོངས་སུ་སྙིགས་དངོས་ཕྱིར་གཏོང་བྱེད་པའི་ཚད་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། སའི་གོ་ལ་ཧྲིལ་བོའི་ལོ་རེའི་གད་སྙིགས་ཏུན་དུང་ཕྱུར༡༠༠གསར་དུ་ཇེ་མང་ལ་འགྲོ་བཞིན་ཡོད། གད་སྙིགས་འདི་དག་གི་ཁྲོད་དུ༣ - ༥%ཉེ་བ་ཞིག་དུག་ལྡན་དང་གནོད་པ་ཡོད་པའི་སྙིགས་དངོས་ཡིན། དུག་ལྡན་དང་གནོད་པ་ཡོད་པའི་སྙིགས་དངོས་འདི་དག་གིས་མིའི་རིགས་སམ་ཡང་ན་སྲོག་ཆགས་དང་རྩི་ཤིང་ཚང་མར་གནོད་འཚེ་སྐྱེལ་བ་དང་ཐ་ན་སྲོག་གཅོད་པའང་ཡོད་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་ཡོད།དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ནི་དུག་ལྡན་རྫས་འགྱུར་དངོས་པོས་ཐེངས་དང་པོར་གནོད་པ་ཚབས་ཆེན་བཏང་བའི་རྒྱལ་སྤྱི་རང་བཞིན་གྱི་ཆག་སྒོ་ཆེན་པོ་བྱུང་བའི་ལོ་ཞིག་རེད།སྐབས་དེར་ཉི་ཧོང་ཧྲེའེ་བུའུ་རྫོང་གི་མི་མང་བོ་ཞིག་ལ་སྲིད་ན་མཐོང་དཀའ་བའི་ནད་ཅིག་བྱུང་བ་དང་སྲོག་ཆགས་འགའ་ཞིག་ཀྱང་དེ་ལས་མ་འདས།དཔེར་ན་བྱི་ལ་སྨྱོན་པ་ཆུར་མཆོངས་པའི་མཚར་སྣང་བྱུང་བ།དེར་ཞིབ་འཇུག་བྱས་པའི་མཇུག་འབྲས་ནི་གནས་དེའི་མི་རྣམས་ལ་དངུལ་ཆུའི་དུག་ཕོག་པའི་ནད་བྱུང་བ་རེད།རྒྱུ་མཚན་ནི་གནས་དེའི་དངུལ་ཆུ་བཟོ་ལས་ཀྱི་སྙིགས་ཆུ་གཙང་བོ་རུ་འཕོ་རྗེས་གཙང་བོར་འཚོ་བའི་ཉའི་རིགས་ཀྱི་ལུས་སུ་དུག་ལྡན་དང་གནོད་པ་ཡོད་པའི་དངུལ་ཆུའི་ནད་ཕོགམི་རྣམས་ཀྱིས་དུག་ལྡན་ཉ་དེ་ཟོས་རྗེས་དངུལ་ཆུའི་དུག་དེ་མིའི་རིགས་ལ་འགོས་བས་ཡ་མཚན་ཅན་གྱི་ཧྲེའེ་བུའུ་ནད་དེ་བྱུང་བ་རེད།ཉི་ཧོང་དུ་ད་དུང་རུས་རྐང་ན་བའི་ནད་ཅིག་ཀྱང་བྱུང་བ་དེས་ནད་པར་ན་ཟུག་དྲག་པོ་བཟོད་དཀའ་བ་ལངས་ནས་འཆི་བ་སོགས་བྱུང་ཡོད།
(༥) རྒྱ་མཚོ་འབག་བཙོག་ཏུ་བཏང་བ།
རྒྱ་མཚོས་སའི་གོ་ལ་ཧྲིལ་བོའི་ཁྱོན་གྱི༧༡%ཟིན་པ་དང༌། རྒྱ་མཚོའི་ཆུ་ཡིས་འཛམ་གླིང་ཆུའི་ཐོན་ཁུངས་ཀྱི་༩༧%ཟིན་ཡོད། འཛམ་གླིང་ཡོངས་ཀྱི་མི་གྲངས༦༠%ལྷག་རྒྱ་མཚོ་དང་བར་ཐག༦༠ kmཡོད་པའི་ནང་རོལ་དུ་འཚོ་བཞིན་ཡོད།རྒྱ་མཚོ་ཆེན་པོར་གཏེར་དངོས་ཐོན་ཁུངས་དང༌།སྐྱེ་དངོས་ཐོན་ཁུངས།རྫས་འགྱུར་ཐོན་ཁུངས།སྒུལ་ཤུགས་ཐོན་ཁུངས།མཚོ་ཆུའི་ཐོན་ཁུངས་སོགས་ཡོད།རྒྱ་མཚོའི་སྐྱེ་དངོས་ཀྱིས་བཟའ་ཆས་ལ་མཁོ་སྤྲོད་བྱེད་པའི་ནུས་པ་ནི་སྐམ་སའི་སྐྱེ་དངོས་དང་བསྡུར་ན་ལྡབ་སྟོང་ཕྲག་གིས་མཐོ།རྒྱ་མཚོའི་སྐྱེ་དངོས་ཀྱིས་མཁོ་སྤྲོད་བྱེད་བཞིན་པའི་བཟོ་ལས་རྒྱུ་ཆ་དང་སྨན་གྱི་རིགས་ལ་དཔལ་འབྱོར་རིན་ཐང་ཆེན་པོ་ཡོད།
རྒྱ་མཚོ་འབག་བཙོག་ཏུ་གཏོང་བ་ནི་གཙོ་བོ་སྐམ་སའི་སྙིགས་རོ་དང་འབག་བཙོག་དངོས་པོ་རྒྱ་མཚོར་ཞུགས་པ་ལས་བྱུང་བ་ཞིག་རེད། མཚོ་ཐོག་གི་ཐོན་སྐྱེད་བྱེད་སྒོ་སྟེ་དཔེར་ན་རྡོ་སྣུམ་སྔོག་འདོན་བྱེད་པ་དང་གྲུ་གཟིངས་བསྐྱོད་པ་སོགས་ཀྱིས་རྒྱ་མཚོ་ཆེན་པོར་ཐད་ཀར་སྙིགས་རོ་ཞུགས་པ་རེད།རྒྱ་མཚོ་ཆེན་པོ་འབག་བཙོག་ཏུ་གཏོང་བར་གནོད་པ་ཆེ་ཤོས་ནི་རྡོ་སྣུམ་དང་སྐྱེས་ལྡན་བཅུད་རྫས་ཚྭ་དང་ལྕི་བའི་ལྕགས་རིགས་དག་ཡིན། རྒྱ་མཚོ་ཆེན་པོར་སྙིགས་རོ་དང་འབག་བཙོག་དངོས་པོ་ཞུགས་པ་དེས། རྒྱ་མཚོ་ཆེན་པོའི་སྐྱེ་ཁམས་མ་ལག་དང་ལྷག་པར་དུ་རྒྱ་མཚོའི་སྲོག་ཆགས་ལ་འཇིགས་སྣང་ཆེན་པོ་སྐུལ་བཞིན་ཡོད།བཟོ་ལས་སྙིགས་རོས་བྱང་གི་རྒྱ་མཚོ་ཆེན་པོའི་མཚོ་གཟིག་སྟོང་ཕྲག་དུ་མའི་ཚེ་སྲོག་ལ་གནོད་པ་བཏང་བ་དང༌།སྲོག་ཤོར་བའི་མཚོ༌གཟིག་དེ་དག་གི་ཁོག་པའི་ནང་དུ་དངུལ་ཆུའི་འདུས་ཚད་རྒྱུན་ལྡན་ལས་ལྡབ༦༠༠ལྷག་གིས་མཐོ།རྒྱལ་ཁབ་མང་བོ་ཞིག་གི་མཚོ་རྒྱུད་ཁུལ་གྱི་ཉ་དང་འགྲོན་བུའི་རིགས་ལ་ལྕི་བའི་ལྕགས་རིགས་དང་ཞིང་སྨན།ཡང་ན་དུག་ལྡན་དངོས་པོས་འབག་བཙོག་ཐེབས་ནས་ཟ་མི་ཆོག་པ་བཟོས་ཡོད།   
སྣུམ་གྱི་འབག་བཙོག་གིས་རྒྱ་མཚོའི་སྐྱེ་ཁམས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་ཡིན།སྣུམ་རྒྱ་མཚོ་ཆེན་པོའི་ངོས་སུ་གཡེང་བས་མཚོ་ངོས་སུ་གཡེང་ཞིང་འཕྱོ་བའི་སྐྱེ་དངོས་དག་གི་སྲོག་འཕྲོག་པའམ་ཡང་ན་གནོད་འཚེ་ཚབས་ཆེན་ཕོག་ནས་རྒྱ་མཚོ་ཆེན་པོའི་སྐྱེ་དངོས་ཕྲེང་བར་གཏོར་བརླག་ཐེབས།ནང་སྒོས་སུ་རུས་ལྐོགས་ཅན་གྱི་སྲོག་ཆགས་ཀྱི་རིགས་དང་མཚོ་ཞབས་ཀྱི་སྐྱེ་དངོས་སྐོར་ཞིག་ལ་སྣུམ་གྱི་འྭབག་བཙོག་གིས་གནོད་པ་ཐེབས་སླ་བས་སྣུམ་གྱི་འདུས་ཚད་བརྒྱ་ཆའི་ཁ་ཤས་ལས་མེད་པའི་སྣུམ་གྱིས་ཀྱང་སྐྱེ་དངོས་འདི་དག་གི་སྲོག་འཕྲོག་ཐུབ།འོ་འཐུང་སྲོག་ཆགས་དང་བྱའི་རིགས་ནི་སྣུམ་གྱི་འབག་བཙོག་ཅུང་ཙམ་གྱིས་ཀྱང་གནོད་པར་འགྱུར་བའི་སྲོག་ཆགས་ཡིན།འཛམ་གླིང་སྟེང་དུ་ཐེངས་མང་པོར་སྣུམ་ཤོར་བས་མཚོ་བྱ་དང་འོ་འཐུང་སྲོག་ཆགས་མང་པོའི་སྲོག་ཤོར་བའི་དོན་རྐྱེན་བྱུང་མྱོང༌།
(༦) ཆར་བ་སྐྱུར་མོའི་འབབ་རྒྱུན་བསྲིངས་པ།
གཤེར་གཟུགས་སྐྱུར་གཤིས་ཀྱི་ཚད་ནི pHགྲངས་ཐང་གིས་འཇལ་བ་དངpHཡི་གྲངས་ཐང་ཇི་ལྟར་ཆུང་ན་སྐྱུར་གཤིས་དེ་ལྟར་ཆེ། སྤྱིར་བཏང་གི་ཆར་ཆུ་ལའང་སྐྱུར་གཤིས་ཅུང་འདྲེས་མོད།འོན་ཀྱང་རྒྱུན་ལྡན་གྱི་ཆར་ཆུའི་གྲངས་ཐང་སྤྱིར་བཏང་དུ༥.༦ལས་ཆེ་བ་ཡིན།བཟའ་བྱའི་སྐྱུར་རིགས་ཀྱིpHགྲངས་ཐང་ནི་སྤྱིར་བཏང་དུ༤.༠ཡིན།pHགྲངས་ཐང༥.༦ལས་དམའ་བའི་ཁ་ཆར་རམ་ཡང་ན་རྣམ་པ་གཞན་གྱི་རླུང་ཁམས་ཆེན་པོའི་ཆར་ཆུ་འབབ་པའི་གནམ་གཤིས་ནི་ཆར་བ་སྐྱུར་མོ་ལ་ངོས་འཛིན་གྱིན་ཡོད། ཆར་བ་སྐྱུར་མོའི་ཁྲོད་དུ་ཟི་སྐྱུར་དང་ཟེ་སྐྱུར་འདུས་ཡོད་ཅིང༌།དེ་ནི་གཙོ་བོ་རྡོ་སོལ་དང་རྡོ་སྣུམ་འབར་བའི་བརྒྱུད་རིམ་ཁྲོད་ཀྱི་དུ་བ་མཁའ་དབུགས་ཁྲོད་བཏང་བ་དབྱང་གཉིས་ཟི་སྐྱུར་དང་ཏན་དབྱང་འགྱུར་རྫས་སོགས་དང་འཕོ་འགྱུར་བྱུང་བ་ལས་གྲུབ་པ་ཡིན།ཆར་བ་སྐྱུར་མོ་དེ་ཆུ་བོ་དང་རྫིང་ངོགས་སུ་བབས་ཚེ་ཆུ་ནང་གི་ཉ་རིགས་ཁྱུ་དང་ཁྱུ་བྱས་ནས་ཤི་འགྲོ། རྩི་ཤིང་གི་རིགས་ལ་ཆར་བ་སྐྱུར་མོ་བབས་ཚེ་སྐམ་པར་འགྱུར་བ་དང༌། ཁང་བ་སོགས་ཨར་ལས་དངོས་པོའི་སྟེང་ལ་བབས་ཚེ་ཨར་ལས་རྒྱུ་ཆ་ཞིག་རུལ་དུ་འགྲོ་བ་ཡིན།ཆར་བ་སྐྱུར་མོའི་རུལ་སུངས་དབང་གིས་ཀྲི་ལེས་རྒྱལ་ཁབ་ཀྱི་འདས་ལོག་དུས་ཆེན་ཞེས་པའི་གླིང་ཕྲན་སྟེང་གི་རྡོ་སྐུ་དག་རུལ་སུངས་དང་འཐོར་ཞིག་ཏུ་འགྱུར་བའི་ཉེན་ཁ་ལྷགས་ཡོད།ཆར་བ་སྐྱུར་མོས་ཨར་ལས་རྒྱུ་ཆ་འཐོར་ཤིག་ཏུ་བཏང་བའི་རྐྱེན་གྱིས་ཨ་མེ་རི་ཁས་ལོ་རེར་གནའ་ཤུལ་ཞིག་གསོ་ཕྱོགས་ལ་ཨ་སྒོར་དུང་ཕྱུར༥༠ལྷག་གཏོང་བཞིན་ཡོད།
ཆར་བ་སྐྱུར་མོ་ཚོད་འཛིན་བྱེད་པའི་རྩ་བའི་བྱེད་ཐབས་ནི་མཁའ་དབུགས་ཁྲོད་ཀྱི་དབྱང་གཉིས་ཟི་སྐྱུར་དང་ཏན་དབྱང་འགྱུར་རྫས་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན། དེ་བས་རྡོ་སོལ་འབར་རྫས་བྱེད་པའི་བཟོ་གྲྭ་དང་ཁེ་ལས་དག་གིས་ཟི་གཏོར་རྡུལ་འཇོམས་སྒྲིག་ཆས་བཀོལ་སྤྱོད་དགོས་པ་ལས་གཞན་རླངས་འཁོར་སྟེང་ལའང་ཕྱིར་གཏོང་དབུགས་གཟུགས་གཙང་བཟོ་བྱེད་པའི་སྒྲིག་ཆས་བཀོལ་སྤྱོད་བྱེད་དགོས་སོ།།
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号