ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །བསམ་གཞིགས་ཐན་ཐུན།
སྤེལ་དུས།12-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།བིས་མདོ་སྒྲོལ་མ་སྐྱབས།

བསམ་གཞིགས་མ་བྱས་པའི་ཉི་མ་གཅིག་ཀྱང་མེད་ལ་བསམ་གཞིགས་མངོན་འགྱུར་བྱུང་བ་ཉིན་མོའི་སྐར་མ་ཙམ།

དུས་དེ་རིང་ང་རང་གནས་སའི་ཁོར་ཡུག་འདི་དང་མི་ལོ་སུམ་ཅུའི་ཡར་སྔོན་ལ་ བསམ་གཞིགས་ཞིག་མི་གཏོང་ག་མེད་བྱུང་། ཨ་ཕས་བཤད་པ་ལྟར་ན་མི་ལོ་སུམ་ཅུའི་ཡར་ སྔོན་གྱི་སྟོན་ཁའི་མཚན་མོ་ཞིག་ལ་ཨ་མའི་ན་ཟུག་གི་ངུ་ངག་ཁྲོད་ནས་ཆེས་མཐའ་འཇུག་གི་བུ་ཆུང་ང་རང་འཇིག་རྟེན་མི་ཡུལ་འདིར་ལྟད་མོར་ཆས་སོང་ཟེར། ཕ་མ་དང་སྤུན་མཆེད་ཀྱི་ཐུ་འོག་ནས་ང་རང་རིམ་བཞིན་འཚར་ལོངས་བྱུང་ནས་ད་ལྟའི་བར་ལོ་ངོ་སུམ་ཅུ་འདས་ཟིན་ལ་ཕ་མས་ང་ལ་ལམ་་གྱི་ཁ་ཕྱོགས་སམ་གདམ་ག་ཡང་ཕུལ་དུ་བྱུང་བ་ཞིག་བསྩལ་ལགས་པ་འདི་ནི་དྲིན་ཕ་མའི་སྐུ་དྲིན་ལགས་མོད།  འོན་ཀྱང་ལོ་ངོ་འདི་དག་གི་རིང་ལ་ང་རང་འཚར་སའི་སྤྱི་ཚོགས་འདིའི་ཁྲོད་ཀྱི་གནད་དོན་ནམ་མཐོང་ཐོས་སྐོར་ཞིག་ལ་ངའི་ད་ལྟའང་ད་དུང་བསམ་གཞིགས་མི་བྱེད་ག་མེད་བྱུང་།  ངའི་འཚོ་བའི་ཁྲོད་ཀྱི་གནད་དོན་འདི་དག་ངའི་སེམས་ཀྱི་གཏིང་དང་གློ་རྒྱུ་མའི་བར་ནས་ནམ་ཡང་འདོར་མ་ཐུབ་ལ་འཇིག་རྟེན་འདིའི་སེར་སྐྱ་མང་ཚོགས་སུ་ཞིག་གི་ཀྱང་ཕལ་ཆེར་དོར་ཐུབ་ཀྱི་མེད་པ་འདྲ།ལྷག་པར་ད་ལྟའི་དུས་ཀྱི་ན་གཞོན་སྐོར་ཞིག་ལའང་ངའི་སེམས་ཀྱི་གནད་དོན་འདི་དག་ལ་འཕྲད་མི་སྲིད་པའི་དཔེ་ག་ལ་སྲིད།རྒྱུ་མཚན་དེའི་དབང་གིས་ང་ཚོ་སྤྱི་ལ་ཁྱབ་པའི་གནད་དོན་འདི་དག་གི་ཟུར་ཙམ་ཞིག་ང་ཚོའི་མཉམ་དུ་བགྲོ་གླེང་བྱ་བར་ཞུ་ལགས།

མདང་དགོང་གི་ཁ་པར་དེས་ང་རང་གཉིད་ལས་དཀྲོགས་སོང་།

ཁ་པར་དེས་ངའི་མི་ཚེ་འདི་ལ་སླར་ཡང་ཕྱིར་ལྟ་ཞིག་བྱེད་དགོས་བྱུང་ལ་མ་འོངས་པར་རྒྱང་ལྟ་ཞིག་ཀྱང་རང་དབང་མེད་པར་བྱེད་དགོས་སོང་བས་མདང་དགོང་ང་རང་གཉིད་ཁུག་མ་སོང་།

“ཁྱེད་རང་བདེ་མོ་ཡིན་ནམ

ཞེས་པའི་སྐད་ཆ་དེ་ལས་ངས་སྲོལ་རྒྱུན་གྱི་མཚམས་འདྲིའི་སྐད་ཆ་འདི་འདྲ་ཞིག་དྲན་བྱུང་སྟེ།  སྐུ་ཁམས་བཟང་ངམ།   སྐུ་ལུས་བདེ་སམ།  ཅི་འདྲའི་སྙན་ལ་བབ་ཆགས་ཞིང་ཆེས་རྒྱུན་ལྡན་གྱི་་སྐད་ཆ་ཞིག་སྟེ།འདི་ནི་གངས་ཅན་ཁ་བའི་ལྗོངས་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གོམས་སྲོལ་ལམ་གོམས་གཤིས་ལེགས་པོ་ཞིག་མ་ཡིན་ནམ།  ཇི་སྐད་དུ། སྐྱབས་འགྲོ་ལས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་བདེ་ཞེས་པའི་ཡིག་འབྲུ་འདི་དང་འབྲལ་ཐབས་མེད་སྟེ་འཛམ་གླིང་ཞི་བདེ  སྤྱི་ཚོགས་བདེ་འཇགས  བདེ་སྐྱིད་ཀྱི་འཚོ་བ  སྐུ་ལུས་བདེ་ཐང་ སྐད་ཆ་འདི་ལས་མི་རིགས་འདིའི་ནང་སེམས་རྒྱུད་ན་གནས་པའི་མི་ལུས་རིན་ཆེན་ལ་བཟུང་བའི་ལྟ་ཚུལ་ཞིག་མཚོན་ཡོད་ལ་འཇིག་རྟེན་གྱི་ཁམས་འདིར་འབྱུང་བ་དང་འབྱུང་བར་གྱུར་པའི་དངོས་པོ་ཡོད་ཚད་ལས་སྐུ་ལུས་བདེ་ཐང་ནི་ཀུན་གྱི་རྩ་བར་གྱུར་བ་ངང་ངམ་ཤུགས་ཀྱིས་མཚོན་ཡོད་པར་བརྟེན་ངའི་མི་རིགས་འདིའི་རང་གཤིས་ངོ་མ་དེ་མཐོང་པ་མ་ཟད།  མི་རིགས་འདི་ལ་སྙིང་ནས་ལྷག་པར་དགའ་བའི་ཚོར་སྣང་ཞིག་བྱུང་།

“ཕ་ཁྱིམ་དྲོན་མོའི་མཚམས་འདྲི།”

སྐྱེས་བོ་སུ་ཡིན་ཡང་ཕ་མ་ལ་མ་བརྟེན་པར་གྲུབ་མི་སྲིད་པའི་ཕྱིར་ན་ང་རང་ཡང་དེ་ལས་མ་འདས་དེ་གདོང་དམར་བོད་ཀྱི་རིགས་རྒྱུད་ལས་མཆེད་པའི་ཁྲི་སྲོང་ལྡེ་བཙན་གྱི་མཐའ་མཚམས་སྲུང་བའི་དམག་མིའི་རུས་རྒྱུད་བསླུ་བ་མེད་པ་བོད་བརྒྱུད་ནང་བསྟན་ལ་དད་སེམས་ཆེ་བའི་བྱམས་ལྡན་ལྷག་བསམ་དཀར་པོའི་དྲིན་ཆེན་ཕ་མ་རྣམ་གཉིས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་བཞིན་སྤྱི་ཚོགས་འདིའི་ཆ་ཤས་་སུ་གྲུབ་མོད། འོན་ཀྱང་འཚོ་བའི་ཆེད་དུ་ཕ་ཡུལ་དང་ཕ་མར་གྱེས་ཕྱག་ཕུལ་ནས་ཤ་ཉེ་དང་སྤུན་གྲོགས་རྒྱབ་ཏུ་བསྐྱུར་ནས་གངས་ལྗོངས་ནོར་བུའི་ས་ཆ་ཁམས་ཆབ་མདོ་རུ་སླེབས་ཏེ་སྐྱེས་བ་ནས་འཆི་བའི་བར་དུ་ནམ་ཡང་འདོར་མི་ཐུབ་པའི་རླབས་ཆེན་གྱི་མི་རིགས་སློབ་གསོའི་བྱ་གཞག་་གཉེར་བཞིན་ངའི་མི་ཚེའི་བརྩམས་ཆོས་ཡག་ཤོས་ཀྱི་བུ་ཆུང་གཉིས་ལ་གཉོར་སྐྱོང་བྱེད་པའི་གོ་རིམ་ཁྲོད་ནསརྒས་པའི་སྡུག་བསྔལ་གྱི་མནར་བའི་དྲིན་ཕ་མའི་སྐུ་ལུས་བདེ་ཐང་དང་ཐུགས་སེམས་སྙོམས་པོར་ཡོང་བར་ངའི་ནམ་ཡང་སྨོན་ལམ་འདེབས་བཞིན་ཡོད་ལ། བརྩེ་བའི་བདག་ཉིད་ཅན་གྱི་དྲིན་ཅན་ཕ་ལོ་མ་ལོ།  བསླུ་བྲིད་ཀྱི་དབང་དུ་མ་སོང་བའི་བྱམས་ལྡན་ཕ་མ་རྣམ་གཉིས་ཀྱང་སྐྱེས་བའི་མཐའ་མ་འཆི་བ་དང་འདུས་བའི་མཐའ་མ་བྲལ་་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ལགས་ནཁོང་རྣམ་གཉིས་ཀྱང་སེམས་ཅན་སྤྱི་དང་འདྲ་བར་ཕྱི་མའི་ཡུལ་ལ་མི་འགྲིམ་པའི་ངེས་པ་ག་ལ་སྲིད།དེས་ན་ང་ཚོའི་མཉམ་དུ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཆུང་སྦར་མོ་གང་ནས་གཉོར་སྐྱོང་བྱེད་མཁན་དང་ཆེ་ལུས་སེམས་རྒས་པའི་དྲིན་ཆེན་རྣམ་གཉིས་གྱི་ནང་སེམས་རྒྱུད་ནས་ཕྱི་སྐུ་ལུས་ཡོངས་ལ་ཐུགས་སེམས་གནང་་མི་དགོས་པའི་ངེས་པ་ག་ལ་སྲིད

“ད་ལྟའི་དུས་ཀྱི་གནས་ཚུལ།”

དུས་ད་ལྟའི་སྤྱི་ཚོགས་དང་ཁོར་ཡུག་ལ་བལྟས་ན་བདག་དང་བདག་འདྲ་བའི་ན་གཞོན་རྣམས་ཆེས་དགའ་འོས་པ་དང་སྤྲོ་འོས་པ་ནི་དྲིན་ཕ་མ་དང་ནང་ཕུ་ནུ་ལྷན་འཛོམས་ཡིན་པས་དགའ་བའི་འཛུམ་མདངས་ཁོངས་ནས་ཤོར་ཞིང་སྡུག་པའི་གཅོང་ནད་རྩ་ནས་དོར་བཞིན་མ་འོངས་ཕུགས་འདུན་བསྔུ་ནས་བསུ་དགོས་མོད་།  འདས་ཟིན་པའི་ལོ་ཟླ་ལ་ཕྱིར་དྲན་རེ་དང་འབྱུང་འགྱུར་ལ་བསམ་གཞིགས་རེ་བྱེད་དུས་ད་དུང་བསྒྲུབ་དགོས་པའི་གནད་དོན་མང་པོ་ངའི་མདུན་དུ་རི་ལྟར་སྤུངས་ཡོད་པས།  ངའི་སེམས་པ་ཕྲ་མོ་རླུང་ལ་བསྐུར་བཞིན་ཁ་ཕྱོགས་མེད་ལ་ལུས་སེམས་ཀྱི་སྡུག་བསྔལ་འདི་དག་པར་བྱེད་པའི་སངས་རྒྱས་དངོས་ཞིག་ད་ལྟ་ཉིད་དུ་བྱུང་ན་སྙམ་པའི་འགྱོད་གདུང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་མོད།  འོན་ཀྱང་འདི་ནི་ང་རང་གཅིག་པུ་མ་ཡིན་པར་འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པར་ཀུན་ལ་ཁྱབ་པའི་ཆོས་ཉིད་ཅིག་ཡིན་པའིའདུ་ཤེས་མི་འཛིན་ག་མེད་བྱུང་། ད་ལྟའི་སྤྱི་ཚོགས་འདི་ནི་འཕུར་བསྐྱོད་དང་མཆོང་ལྡིང་བྱེད་བཞིནཔའི་དུས་སྐབས་ཤིག་ཡིན་ལ་བསླུ་མེད་རྒྱུ་འབྲས་ཀྱི་མགོ་རྟིང་སློག་ཞིང་། དངོས་ཡོད་འཚོ་བ་དབང་དང་རྒྱུ་ནོར་ལ་བརྟེན་དགོས་པས་རྐྱེན་གྱིས་འཁོས་དམན་གྱི་སྐྱེ་བོ་ང་དང་ང་འདྲ་བ་མང་པོ་ཞིག་གི་སྨྲ་བའི་ངག་སྒོ་བཅད་ཅིང་མདུན་ལམ་དང་ཕུགས་བསམ་ནི་རང་དབང་གིས་བརྩོན་ལེན་བྱེད་པའི་གོ་སྐབས་ཉིན་མོའི་སྐར་མ་ནང་བཞིན་གཞན་དབང་དུ་གྱུར་བས་སྐེ་ལ་ལྕགས་ཐག་བསྐྱོན་པའི་ཁྱི་རྒན་ཞིག་གི་རྣམ་ཐར་མི་འཛིན་པའི་རང་དབང་ག་ལ་ཡོད་སྲིད།  དེ་བས་ང་དང་ང་ལྟ་བུའི་གཞོན་ནུ་རྣམས་ཀྱི་བསམ་བློའི་རྟ་ཕོ་གཞན་དབང་གི་སྒྲོག་ཏུ་མ་ཚུད་པར་རང་ས་རང་ཡུལ་དང་། རང་གནས་ཀྱི་འཚོ་བའི་ཁྲོད་ནས་རང་ནུས་ཅི་ལྕོགས་ཀྱིས་རང་འཁྲི་འོས་འགན་མཐའ་དག་ལ་རང་བཞིན་གྱིས་འབད་པའི་ལས་ཀྱི་ སེམས་ཤུགས་སྙིང་ལ་བཅིངས་ནས་རང་ཁྱིམ་དྲོན་མོ་བརྩེ་བའི་སྐྱོང་བཞིན་རང་བརྩེ་ཕ་མའི་བྱམས་སེམས་དྲན་བཞིན་རང་ནུས་ཡོད་རྒུའི་རིགས་རྒྱུད་སྐྱོང་བཞིན་རང་གི་རིགས་ལ་རང་གི་ནུས་པའི་སྲི་ཞུ་རེ་བསྒྲུབ་ཐུབ་པ་ལགས་ན་སྙམ་པའི་བསམ་པའི་འདུ་ཤེས་སྙིང་ལ་བསྒོམ་བཞིན་འདུག་དགོས་པའི་དུས་སྐབས་ཤིག་གོ

“ཁྱེད་རང་ལ་ཕུགས་བསམ་ག་རེ་ཡོད་”

ཅེས་པའི་སྐད་ཆ་དེས་སླར་ཡང་ངའི་འདས་ཟིན་པའི་མི་ཚེ་འདི་ལ་བསམ་གཞིགས་རེ་གཏོང་དུས་ང་ལ་ཕུགས་བསམ་ག་རེ་ཡོད་པ་རང་གིས་ཀྱང་བཤད་་དཀའ་་བར་འདུག  ངོ་མ་མི་ལོ་སུམ་ཅུ་རིམ་གྱིས་འདས་ཟིན་ནང་ང་ལ་འདི་དང་དེ་ཞེས་པའི་འབྲས་བཟང་ཅི་ཡང་སྟོན་རྒྱུ་མེད་མོད་།འོན་ཀྱང་ཨ་ཁུ་སྨན་བླ་སྐྱབས་ཀྱིས་བཤད་པ་ནང་་བཞིན་བཟའ་ཟླ་ནི་ངའི་མི་ཚེ་འདིའི་ཚེ་གྲོགས་ཡིན་ལ་བྱིས་པ་གཉིས་ནི་ངའི་མི་ཚེ་འདིའི་བརྩམས་ཆོས་ཡག་ཤོས་རེད་སྙམ་པ་ལས་ཅི་ཡང་མེདཔ་འདྲ། ཡང་བསམ་གཞིགས་རེ་གཏོང་དུས་ཡང་སྙིང་ང་ལ་དགོས་པ་ག་རེ་ཡིན་ནམ། ངའི་སུས་ཆེད་དུ་མི་ཚེ་ལ་སྐྱ་ཐིག་ཞིག་འཐེན་དགོས།  ང་རང་སུའི་ཆེད་དུ་འཚོ་བ་ཡིན་ཞེས་བསམ་གཞིགས་ཀྱི་ཀློང་ནས་ང་རང་ཕྱིར་འཐེན་བྱེད་མ་ཐུབ་པར་གནད་དོན་མང་པོ་ཞིག་ལ་འདང་རྒྱག་དགོས་བྱུང་།   རྒྱུ་ནོར   སྙན་གྲགས   དབང་ཐང་། དོན་ངོ་མ་ང་རང་སུས་ཆེད་དུ་འཚོ་བ་ཡིན། ཡང་སྙིང་ང་ལ་དགོས་པ་ག་རེ་ཡིན།   ཕ་མ།   མིང་སྲིང་།   གྲོགས་པོ།  བྱིས་པ། སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་ གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་སྲིད་ཀྱང་། ཐར་བའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ། ཞེས་པ་བཞིན་ཐར་བའི་ལམ་སྣ་ཟིན་ཐུབ་པ་བྱུང་ན་དགའ་བ་ལ།  འོན་ཀྱང་ང་རང་ཚོ་འཁོར་བའི་འཇིག་རྟེན་གྱི་སྲིད་པའི་འཁོར་ལོ་ལས་བགྲོལ་ཐབས་མེད་པས་མུ་མཐུད་དུ་མེས་པོ་རྣམས་ཀྱི་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་གྱིས་རིགས་རྒྱུད་ཕྲ་མོ་མི་ཆད་པའི་སྟེང་རིགས་གཅིག་སྤུན་ཟླ་ཡོངས་ལ་ཕན་པའི་ལས་ཤིག་བསྒྲུབ་པའི་ཕྱོགས་ལ་འབད་པར་བྱའོ་སྙམ་པ་ལས་གཞན་ཅི་ཡང་མེད་པ་འདྲ།

“བཀྲ་ཤིས་སྨོན་ལམ།”

འཛམ་གླིང་གི་ཡང་རྩེ་ན་གནས་པའི་གདོང་དམར་བོད་པའི་རིགས་རྒྱུད་འདི་ལ་བཀྲ་ཤིས་ཁ་གཡང་འབོད་པའི་སྲོལ་བཟང་རྒྱུན་མ་ཆད་པར་ཡོད་པ་ནང་བཞིན་ཁ་པར་གྱིས་སྐུད་ལམ་བརྒྱུད་ནས་ང་ལ་སེམས་གསོ་དང་བཅས་འཇིག་རྟེན་ཐོག་བཙན་པོ་གཉའ་ནས་གནོན་མཁན་དང་གཉོམ་ཆུང་བྱམས་ཀྱིས་སྐྱོང་མཁན།   རྒྱུ་འབྲས་མིག་ལྟར་བརྩིས་པའི་ཚངས་པའི་ཐིག་ཤིང་ལྟ་བུའི་གཤིན་པོའི་ཡུལ་ན་ཆོས་ཀྱི་རྒྱལ་པོ་ཞེས་པ་ཞིག་སྒུག་ཡོད་སྲིད་ཅེས་སྐུ་ལུས་བདེ་ཐང་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་དང་བཅས་ཁ་པར་གྱི་སྐུད་ལམ་ཆད་པའོ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号