ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །འཛིན་བདག་གིས་སློབ་མར་རྒྱུས་ལོན་པའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།
སྤེལ་དུས།05-02  ཡོང་ཁུངས།《མཚོ་སྔོན་བོད་ཡིག་གསར་འགྱུར》  རྩོམ་པ་པོ།

         འཛིན་བདག་གིས་སློབ་མར་རྒྱུས་ལོན་གསལ་བོ་བྱེད་པ་ནི་འཛིན་བདག་གི་བྱ་བ་ནུས་ལྡན་དུ་སྒྲུབ་པའི་སྔོན་འགྲོ་དང་རྨང་གཞི་ལྟ་བུ་ཡིན།   རྒྱུས་ལོན་གསལ་བོ་བྱེད་པའི་དམིགས་ཡུལ་ནི་སློབ་མར་སློབ་གསོ་གཏོང་བ་དང་།   རྒྱུས་ལོན་ཡོད་པའི་སྒོ་ནས་སློབ་གསོ་གཏོང་བ་དང་།   སློབ་གསོ་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་པར་བྱ་དགོས་པ་དེ་ཡིན།
         དེས་ན་འཛིན་བདག་གིས་སློབ་མར་རྒྱུས་ལོན་གསལ་བོ་བྱེད་ཐབས་ལ་རྣམ་གྲངས་ལྔ་ཡོད་པར་སྙམ་སྟེ།   ཡིག་ཐོག་དཔྱད་གཞི་དབྱེ་ཞིབ་བྱེད་ཐབས།   ལྟ་ཞིབ་བྱེད་ཐབས།   གླེང་མོལ་བྱེད་ཐབས།   བརྟག་དཔྱད་བྱེད་ཐབས།   དྲི་ཤོག་བྱེད་ཐབས་བཅས་སོ། །  
      
   1.ཡིག་ཐོག་དཔྱད་གཞི་དབྱེ་ཞིབ་བྱེད་ཐབས་ནི་འཛིན་བདག་གིས་སློབ་མར་རྒྱུས་ལོན་བྱེད་ཐབས་ཤིག་སྟེ།   སློབ་མའི་གནས་ཚུལ་བཀོད་པའི་ཡིག་ཐོག་དཔྱད་གཞི་བཀླགས་ནས་སློབ་མར་རྒྱུས་ལོན་བྱེད་པའི་བྱ་བ་ཞིག་ཡིན།   དཔེར་ན་མཐར་ཕྱིན་ཐོ་འགོད་རེའུ་མིག་དང་།   སློབ་མའི་ལུས་བརྟག་རེའུ་མིགརྒྱུགས་འབྲས་ཀྱི་སྐར་གྲངས།   སློབ་མའི་སྐྱིད་སྡུག་གི་ཡིག་བྱང་སོགས་ཡིག་ཐོག་དཔྱད་གཞིར་བཀོད་ཡོད་པ་ནི་སློབ་མའི་འདས་སོང་གི་རྩ་བའི་གནས་ཚུལ་ཡིན་ཕྱིར་འཛིན་བདག་གིས་ཁྱོན་ཡོངས་ནས་སློབ་མར་རྒྱུས་ལོན་བྱེད་པར་ཟུར་བལྟའི་དཔྱད་གཞིར་མཁོ་སྤྲོད་བྱས་ཡོད།
       
   2.ལྟ་ཞིབ་བྱེད་ཐབས་ནི་འཛིན་བདག་གིས་སློབ་མར་རྒྱུས་ལོན་བྱེད་ཐབས་རྒྱུན་སྤྱོད་དུ་གྱུར་པ་ཞིག་སྟེ་སློབ་ཁྲིད་སྐབས་དང་།   སློབ་ཕྱིའི་བྱ་འགུལ།   འཛིན་གྲྭའི་བྱ་འགུལ་སོགས་བརྒྱུད་ནས་སློབ་མར་ལྟ་ཞིབ་དང་།   སློབ་མའི་བསམ་བློ་ཀུན་སྤྱོད།   བདེན་རྫུན་གྱི་དབྱེ་བ།   ཁམས་དང་མོས་པ་སོགས་སློབ་མའི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པ་ཞིག་ཡིན།   ཡིན་ནའང་སློབ་མའི་སེམས་ཀྱི་འགྱུར་བ་རྟོགས་སླ་བ་ཞིག་མ་ཡིན་པས་འཛིན་བདག་ནས་སློབ་མ་དེ་འདི་ལྟ་བུ་དང་དེ་ལྟ་བུ་ཞིག་རེད་ཅེས་སྡོམ་ཚིག་འགོད་པར་སྔ་མི་རུང་།
     
     3.གླེང་མོལ་བྱེད་ཐབས།   དེ་ནི་འཛིན་བདག་ནས་ཅིག་ཅར་དུ་སློབ་མར་རྒྱུས་ལོན་དང་བརྟག་ཞིབ་བྱེད་ཐབས་ཤིག་ཡིན་པ་དང་།   དེས་འཛིན་བདག་དང་སློབ་མའི་བར་གྱི་བརྩེ་དུང་རྒྱུས་ལོན་བྱ་བར་བླ་ལྷག་གི་ནུས་པ་འདོན་བཞིན་ཡོད།   དེ་ལ་དབྱེ་ན་གླེང་མོལ་དངོས་དང་གླེང་མོལ་དངོས་མ་ཡིན་པ་གཉིས་ཡོད་དེ།   སྔ་མ་ནི་འཛིན་བདག་གིས་གླེང་མོལ་གྱི་གོ་རིམ་བཀོད་སྒྲིག་བྱས་ཡོད་པ་ལྟར་སྤེལ་བ་ཞིག་ཡིན།   ཕྱི་མ་ནི་འཛིན་བདག་གིས་གནད་དོན་རྒྱུས་ལོན་བྱེད་དགོས་པའི་སྐབས་ཀྱི་དྲི་བ་འདོན་པ་སྟེ་གླེང་མོལ་གྱི་གོ་རིམ་སྤྱོད་མི་དགོས་པ་ཞིག་ཡིན།
      
    4.བརྟག་དཔྱད་བྱེད་ཐབས།   དེ་ནི་འཛིན་བདག་གིས་སློབ་མར་རྒྱུས་ལོན་བརྟག་ཞིབ་བྱེད་པའི་ཐབས་ཤིག་སྟེ་རྣམ་པའི་ཐོག་ནས་བལྟས་ན་བྱེ་བྲག་གི་འཚམས་འདྲི་དང་།   བཞུགས་མོལ་ཚོགས་འདུ།   དྲི་ཤོག་བརྟག་དཔྱད་བཅས་ཡོད།   ནང་དོན་གྱི་ཐད་ནས་བལྟས་ན་སྤྱིར་བཏང་གནས་ཚུལ་གྱི་རྒྱུས་ལོན་དང་།   ཆེད་དུ་བྱ་བའི་དོན་ལ་རྒྱུས་ལོན་བྱེད་པ་གཉིས་སོ།    
     
      5.དྲི་ཤོག་བྱེད་ཐབས།   དེ་ནི་འཛིན་བདག་གིས་སློབ་མར་རྒྱུས་ལོན་བྱེད་པའི་རམ་འདེགས་ཀྱི་ཐབས་ཤིག་སྟེ།   འཛིན་བདག་གིས་རྒྱུགས་ཤོག་སྤྱད་དེ་སློབ་མ་རང་ངོས་ནས་ལན་འདེབས་པ་ཞིག་ཡིན།   དེ་ལྟར་བྱེད་པའི་དམིགས་ཡུལ་ནི་གནས་ཚུལ་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན་ལ།   དྲི་ཤོག་དེ་མྱུར་བར་དག་སྒྲིག་དང་དབྱེ་ཞིབ།   རིགས་བསྡུ་བཅས་བྱེད་དགོས།   དྲི་ཤོག་སྟེང་མིང་ཡིག་འབྲི་མི་འབྲི་ནི་སློབ་མའི་འདོད་མོས་ལྟར་བགྱི་བ་ལས་བཙན་ཐབས་བྱེད་མི་རུང་ངོ་།    

མཚོ་སྔོན་བོད་ཡིག་གསར་འགྱུར2009-07-09    རྩོམ་པ་པོ།   ལྷ་རྒྱལ་ཚེ་རིང་།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号