ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །གཞུང་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་དང་པོ། གཞུང་ཡིག་འབྲི་སྟངས་ཀྱི་རྣམ་གཞག་བཤད་པ།

༡ གཞུང་ཡིག་ཅེས་པའི་གོ་དོན་དང་དེའི་ཕན་ནུས་སྐོར།
གཞུང་ཡིག་ཅེས་པ་ནི་ལས་ཁུངས་དང་ཚོགས་པ། ཁེ་ལས་སྡེ་ཚན་སོགས་ཀྱིས་གཞུང་དོན་ཐག་གཅོད་དམ་བཀོད་སྒྲིག་བྱེད་དགོས་སྐབས་སྤྱོད་པའི་རྣམ་གཞག་ངེས་ཅན་ལྡན་པའི་ཡི་གེར་ཟེར་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་བརྒྱུད་བསྒྲགས་བྱེད་པ་དང་། ཁྲིམས་སྲོལ་ཡོངས་བསྒྲགས། གནད་དོན་བཀའ་སྐོར་ཞུ་བ་དང་ལན་འདེབས་པ།   ལས་ཀ་ངོ་འཕྲད་གྲོས་བསྡུར་བྱེད་པ། གནས་ཚུལ་སྙན་སེང་ཞུ་བ། ལས་ཀའི་ཉམས་མྱོང་སྤེལ་རེས་བྱེད་པ་བཅས་ཀྱི་ཐབས་ཚུལ་གལ་ཆེན་ཞིག་རེད།
 གཞུང་ཡིག་གི་རྣམ་གྲངས་ཧ་ཅང་མང་བོ་ཡོད་ཅིང་། དེང་དུས་སྤྱོད་བཞིན་པའི་གཞུང་ཡིག་སྟེ་བརྡ་ཐོ་དང་བཀའ་རྒྱ། གཏན་འབེབས། གྲོས་ཆོད། རྩ་ཚིག སྤྱི་བསྒྲགས། བརྡ་ཁྱབ། ཡོངས་ཁྱབ་བརྡ་ཡིག མཛུབ་སྟོན། སྙན་ཞུ། ཆོག་མཆན་ལན་འདེབས། འཆར་གཞི།   ཕྱོགས་སྡོམ། སྤྱི་ཆིངས་བཅས་རིགས་བཅུ་བཞི་ཙམ་ཡོད་པ་དང་། གཞུང་ཡིག་དེ་དག་ཡང་འབུལ་ཡུལ་ལ་གཞིགས་ཏེ་རིགས་གསུམ་དུ་ཕྱེ་བ་སྟེ། གོང་འབུལ་ཡི་གེ་ཞེས་པ་ནི་གཤམ་རིམ་གས་ཁུངས་ཀྱིས་གོང་རིམ་ལས་ཁུངས་ལ་ཕུལ་བའི་ཡིག་ཆ་ཡིན་ཅིང་།   དཔེར་ན་སྙན་ཞུ་ལྟ་བུ་དང་གཅིག མཉམ་གཤིབ་ཡི་གེ་ཞེས་པ་ན་རིམ་མཚུངས་ཀྱི་ལས་ཁུངས་སམ་ཁོངས་གཏོགས་མིན་པའི་ལས་ཁུངས་ཕན་ཚུན་བར་བཏང་བའི་ཡིག་ཆ་ཡིན་ཏེ།   དཔེར་ན་སྤྲིངས་ཡིག༼གཞུང་ཡིག་ཕལ་བ༽ལྟ་བུ་དང་གཉིས། གཤམ་འགྲེལ་གྱི་ཡིག་ཆ་ཞེས་པ་ནི་གོང་རིམ་ལས་ཁུངས་ཀྱིས་གཤམ་རིམ་ལས་ཁུངས་ལ་བཀྲམ་པའི་ཡིག་ཆ་སྟེ། དཔེར་ན་བཀའ་རྒྱ་དང་ཆོག་མཆན་ལན་འདེབས།   གཏན་འབེབས་ལྟ་བུ་དང་གསུམ་བཅས་སོ། ། གཞུང་ཡིག་འགའ་རེ་གནས་ཚུལ་ཞིབ་ཕྲ་ལ་གཞིགས་ཏེ་རིགས་འོས་འཚམ་ཕྱེ་ན་འགྲིག་པ་ཡིན་ཏེ། དཔེར་ན་སྤྲིངས་ཡིག་དང་བརྡ་ཐོ།   བརྡ་ཁྱབ་ལྟ་བུའོ། །
 གཞུང་ཡིག་ལ་ཕན་ནུས་བཞི་ཡོད་པ་སྟེ།   སྲིད་བཀའ་ཡོངས་བསྒྲགས་བྱས་ནས་མི་རྣམས་ཀྱི་བེད་སྤྱོད་ཀྱི་དཔེ་ཚད་གཏན་འཁེལ་བྱེད་པ་དང་། རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་བཀའ་རྒྱ་ཁག་གི་ནང་དུ་བཀའ་རྒྱ་མང་པོ་ཞིག་གིས་དབང་ཆ་སྤྱོད་པའི་སྲིད་བཀའི་ཚབ་བྱས་པ། རྒྱག་ཁབ་སྲིད་འཛིན་ལས་ཁུངས་ཀྱི་རིམ་པ་ཁག་གམ་ཚོགས་འདུ་གལ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་གྲོས་ཆོད་དང་ཆོད་དོན་རྟག་ཏུ་སྲོལ་ཡིག་གི་རང་བཞིན་ཡོད་པའི་གཏན་འབེབས་ཤིག་ཡིན་ཅིང་། གཞུང་ཡིག་དེ་ཚོ་ནི་ཐུན་མོང་དང་མི་སྒེར་གྱི་བྱ་སྤྱོད་འགའ་ཞིག་གི་དཔེ་ཚད་ཡིན་པ་དང་གཅིག
གཞུང་ཡིག་གིས་འབྲེལ་ཡོད་མི་སྣའམ་མི་དམངས་ལ་དྲིལ་བསྒྲགས་སློབ་གསོ་བྱེད། གཞུང་ཡིག་ནི་ལས་ཁུངས་དང་ཚོགས་པ་སོགས་ལ་ཁ་གཏད་པ ་ཙམ་དུ་མ་ཟད། རེ་འགའ་མང་ཚོགས་ལའང་ཁ་གཏད་ཡོད་སྟབས་མི་དམངས་ལ་དྲིལ་བསྒྲགས་སློབ་གསོིའི་ནུས་པ་གལ་ཆེན་འཐོན་པ་གཉིས།
 གཞུང་ཡིག་གིས་གོང་ཞུ་དང་གཤམ་བསྒྲགས་བྱས་ཏེ་ཕན་ཚུན་གནས་ཚུལ་སྤེལ་རེས་བྱེད་ཐུབ་ཅིང་། སྙན་ཞུའི་ཡི་གེ་ལ་སོགས་པའི་དམིགས་ཡུལ་གཙོ་བོ་ནི་གོང་རིམ་གྱིས་ཞིབ་བཤེར་ཆོག་མཆན་གནང་བ་དང་མཛུབ་སྟོན་དང་བྱ་ཐབས་གདོན་པའི་རེ་འདུན་ཞུ། བཀའ་རྒྱ་དང་བརྡ་ཁྱབ། ཆོག་མཆན་ལན་འདེབས་སོགས་ནི་གོང་རིམ་གྱི་བཀའ་དང་མཛུབ་སྟོན། དགོངས་འདོད་བཅས་བརྒྱུད་བསྒྲགས་བྱེད་པའི་གཞུང་ཡིག་ཅིག་ཡིན་པར་བརྟེན།   དེས་དོན་དངོས་ཐོག་གོང་ཞུ་གཤམ་བསྒྲགས་བྱས་པ་དང་ཕན་ཚུན་གནས་ཚུལ་སྤེལ་བའི་ནུས་པ་གལ་ཆེན་འཐོན་པ་དང་གསུམ།
གཞུང་ཡིག་གིས་ལས་ཁོངས་ཀྱི་གཞུང་དོན་ཞིབ་ཕྲ་བཀོད་སྒྲིག་དང་ཐག་གཅོད་བྱེད་ཅིང་། གཞུང་ཡིག་ཁ་ཅིག་ནི་རྟག་ཏུ་དོན་ཆེན་བྱེ་བྲག་པར་བསྟུན་ནས་གོང་ཞུའམ་གཤམ་བསྒྲགས་བྱེད་དེ། དཔེར་ན་སྙན་སེང་ཞུ་བ་དང་མཛུབ་སྟོན་གནང་བ་སོགས་ནི་གནད་དོན་བྱེ་བྲག་པ་ཐག་གཅོད་དང་ཐབས་ཤེས་ཞིབ་ཕྲ་བཏོན་པའི་གཞུང་ཡིག་ཡིན་ཕྱིན། ལས་ཁུངས་ཀྱིས་ལས་དོན་ཞིབ་མོ་བཀོད་སྒྲིག་དང་ཐག་གཅོད་བྱ་རྒྱུའི་ཐད་ལ་ཕན་ནུས་གལ་ཆེན་འཐོན་པ་དང་བཞིའོ། །
༢ གཞུང་ཡིག་གི་ཁྱད་ཆོས།
ཀ གཞུང་ཡིག་ལ་བསམ་བློའི་འདོད་ཚུལ་དང་སྲིད་ཇུས་ཀྱི་རང་བཞིན་མངོན་སུམ་ལྡན་པ་དང་། དེའི་ནང་དོན་སྲིད་དོན་ཆེན་པོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་སྟེ། དཔེར་ན་རིམ་པ་ཁག་གི་ཁྲིམས་གཉེར་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་ཁྲིམས་སྲོལ་གྱི་བཀའ་རྒྱས་རིམ་པ་ཁག་གི་ལས་ཁུངས་དབང་ལྡན་གྱི་ཚབ་བྱས་ཏེ་སྤྱི་དམངས་ལ་བསྒྲགས་པའི་སྲིད་བཀའ་ཡིན་པར་མ་ཟད།   གཞུང་ཡིག་དང་སྤྱི་ཚོགས་འཚོ་བའི་བར་དུའང་འབྲེལ་བ་དམ་ཟབ་ཡོད།
ཁ   གཞུང་ཡིག་ལ་ཁྲིམས་སུ་གཏན་དུ་ཕབ་པའི་ནུས་པ་ཆེན་པོ་དང་སྲིད་འཛིན་བཀའ་རྒྱའི་ནུས་པ་ལྡན་ཏེ། དཔེར་ན་རིམ་པ་ཁག་གི་ཁྲིམས་གཉེར་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་བཀའ་དང་བཀའ་རྒྱ་ཚང་མར་ཁྲིམས་སུ་གཏན་དུ་ཕབ་ནས་ནུས་པ་བཙན་པོ་ཆེན་པོ་ལྡན་པ་དང་། རིམ་པ་ཁག་གི་སྲིད་འཛིན་ལས་ཁུངས་སམ་ཚོགས་འདུ་གལ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་གྲོས་དོན། བརྡ་ཁྱབ་སོགས་ཚང་མར་སྲིད་འཛན་བཀའ་རྒྱའི་ནུས་པ་ལྡན་ནོ། །
ག   གཞུང་ཡིག་ལ་བབ་བརླིང་ལྡན་ཅིང་གནད་དུ་འཁེལ་བ་བརྗོད་བྱ་གཙང་ཞིང་དོན་དྲིལ་བ་ཞིག་དགོས་པ་ལས། རིག་རྩལ་རྩོམ་ཡིག་ནང་བཞིན་ཉམས་འགྱུར་དང་བརྩེ་གདུང་མཚོན་པའི་འབྲི་ཐབས་བེད་སྤྱོད་མི་རིགས་པར་མ་ཟད། ཚིག་དོན་ཐ་དད་དམ་ཁ་གསལ་མེད་པའི་ཚིག་སྦྱོར་ཡང་མ་ཡོང་བ་བྱེད་དགོས། ཅི་སྟེ་དེ་ལྟར་མ་བྱུང་ན་ཡིག་ཆའི་ནང་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དཀའ་ཚེགས་ཡོང་སྲིད།  
ང་ །    གཞུང་ཡིག་རྩོམ་འབྲི་བྱེད་མཁན་ངེས་ཅན་ཞིག་ཡོད་ཅིང་། དེ་ནི་ཁྲིམས་ཀྱིས་གཏན་དུ་ཕབ་པའི་གཞུང་ཡིག་རྩོམ་འབྲི་བྱེད་མཁན་ཡིན་པ་དང་། ཁྲིམས་ཀྱིས་གཏན་དུ་ཕབ་པའི་གཞུང་ཡིག་རྩོམ་འབྲི་བྱེད་མཁན་གྱིས་རང་ཉིད་ཀྱི་འགན་ནུས་དང་དབང་ཚད་ལ་གཞིགས་ཏེ་གཞུང་ཡིག་རྩོམ་འབྲི་བྱེད།
ཅ ། གཞུང་ཡིག་ལ་རྣམ་གཞག་ངེས་ཅན་ཅིག་ཡོད་པ་སྟེ། གཏན་དུ་འཁེལ་བའི་གཅིག་གྱུར་གྱི་རིགས་དང་མིང་། རྣམ་གཞག་བཅས་ཡོད་པར་མ་ཟད། གཞུང་ཡིག་རིགས་རེར་བེད་སྤྱོད་ཡུལ་གྱི་ཁྱབ་ཁོངས་ངེས་ཅན་རེ། ནང་དོན་ངེས་ཅན་རེ། རྣམ་གཞག་ངེས་ཅན་རེ་བཅས་ཡོད་དགོས་པ་ལས་ཕན་ཚུན་མཉམ་བསྲེས་བྱེད་མི་རིགས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号