ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།

                                     དང་པོ། སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པ།

 
དང་པོ་ནི།སྔོན་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་ནས་དམ་པའི་ཆོས་ཀྱི་འཁོར་ལོས་གདུལ་བྱ་མཐའ་དག་སྨིན་ཅིང་གྲོལ་པར་མཛད་པའི་དུས་རིང་པོ་མ་ལོན་བ་ཅིག་ན། ཡབ་རྒྱལ་པོ་ཟས་གཙང་མ་ལ་གསལ་རྒྱལ་གྱིས། ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་བརྙེས་ནས་འགྲོ་བ་ཚིམ་པར་མཛད་དོ།   །ཞེས་ཕྲིན་ཡིག་སྤྲིངས་པ་དང༌། རྒྱལ་པོས་ཀྱང་འཆར་ཀ་ཕོ་ཉར་མངགས་ཏེ།སངས་རྒྱས་ལ་ཡབ་སྲས་མཇལ་བར་བསྐུལ་བའི་ཕྲིན་ཡིག་ཕུལ་བ་ཕྱག་གིས་བཞེས་ནས་ཀླགས་པར་མཛད་པ་དང༌། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནས། མ་ག་ངྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། མ་མཐོང་རྒྱང་རིང་གི་མཛའ་པོ་བྱས་ཏེ། ཤེད་མཐུན་དགྱེས་པ་ཁྱོན་ནི། བདག་གི་མ་མཐོང་པའི་གྲོགས་པོ་ལགས་ཀྱིས་གལ་ཏེ་གྲོང་ཁྱེར་སྒྲ་སྒྲོག་གི་དབུས་སུ་ཁྱོད་ལ་བགྱི་བ་ཅུང་ཟད་མཆིས་ན། བདག་ལ་ཕྲིན་ཡིག་སྐུར་ཅིག་དང་ཐམས་ཅད་བསྒྲུབ་བོ། ཞེས་སོགས་རིམ་པར་སྤྲིངས་པས་སྒྲ་སྒྲོག་གི་རྒྱལ་པོ་སངས་རྒྱས་ཀྱི་སྦྱན་སྔར་མཆིས་ཏེ་རྣམ་པར་གྲོལ་བའི་བདུད་རྩི་ཐོབ་པའི་མཚམས་སྤྱོར་དུ་གྱུར་པ་དང༌། སིངྒ་ལའི་རྒྱལ་པོའི་སྲས་མོ་མུ་ཏིག་འཁྲི་ཤིང་བཀའ་ཕྲིན་གྱིས་རྗེས་སུ་བཟུང་ཞིང༌། མཆོད་སྦྱིན་མ་ཕྲིན་གྱི་སྒོ་ནས་བརྙེན་པར་རྫོགས་པ་སོགས་ཀྱི་མཛད་པ་དང༌།
འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ལ་སྤྲིངས་པའི་བཤེས་སྤྲིངས་དང་ཕྲིན་ཡིག་རིན་པོ་ཆེའི་ཕྲེང་པ། སློབ་དཔོན་ཙནྟྲ་གོ་མིས་སློབ་མ་རྒྱལ་རིགས་ཀྱི་དགེ་སློང་ཞིག་བསླབ་པ་ལས་འདས་ན་སྡིག་པ་སྣ་ཚོགས་སྤྱོད་པར་འགྱུར་བ་མཁྱེན་ནས་དེ་ལས་ལྡོག་ཕྱིར་སྤྲིངས་པ་སློབ་སྤྲིངས་སོགས་འཕགས་ཡུལ་ཆོས་ཀྱི་འབྱུང་གནས་སུ་ཕྲིན་ཡིག་གི་བསྟན་བཅོས་ཀྱང་མང་དུ་བྱུང་ལ། མ་ཧཱ་ཙྰི་ནའི་ཡུལ་དུ་ཐང་གི་རིགས་ཀྱི་རྒྱལ་པོས་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་སྤྱན་འདྲེན་པའི་ཕྲིན་ཡིག་ཕུལ་པ་སོགས་དང༌།
ཁ་བ་ཅན་གྱི་ལྗོངས་འདིར་ཡང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། བཙུན་མོ་ཟུང་དང་རྟེན་སྐལ་ཇོ་བོ་རྣམ་གཉིས་སྤྱན་འདྲེན་པའི་སླད་དུ་ཕྲིན་ཡིག་སྒྲོམ་བུ་གསུམ་གསུམ་རྒྱ་བལ་གྱི་རྗེ་ལ་བསྐུར་པར་གྲཊ་ཤིང༌། ཆོས་རྒྱལ་ཁྲི་སྲོང་གིས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སྤྱན་འདྲེན་པའི་ཞུ་ཡིག་བརྫངས་པ་དང༌། བསྟན་པ་ཕྱི་དར་ལ་རྒྱལ་བ་འབྲོམ་གྱིས་ཇོ་བོ་རྗེ་ལྷ་གཅིག་དབུས་གཙང་དུ་སྤྱན་འདྲེན་པར་བསྐུར་པའི་ཡི་གེ་བོད་ཀྱི་སྟོན་ཆེན་རྣམས་ལ་སྤྲིངས་པ།ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི་ཞེས་སོགས་དང༌། ཁྲོ་ཕུ་ལོ་ཙཱ་པས་བཻ་ཌྰུརྱའི་ཚོང་འདུས་ནས་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲྰི་བོད་དུ་སྤྱན་འདྲེན་པའི་ཞུ་ཡིག་ཕུལ་བ་སོགས་གནའ་དུས་བཟང་པོའི་རིང་ནས་ཆོས་སྲིད་ཀྱི་མདུན་ས་ཆེན་པོ་མཐའ་དག་ཏུ་མཁས་པའི་ཕྲིན་ཡིག་གི་སྲོལ་ཆེས་ཆེར་དར་ཞིང༌། དེ་དག་ཕལ་ཆེར་སྙན་དངགས་ཆེན་པོའི་ལུགས་ལྟར་ཤིས་པ་བརྗོད་པ་སོགས་ཀྱི་སྒོ་དང༌། སྐབས་དོན་རྒྱ་ཆེར་བསྙད་དེ།དགེ་བ་བསྔོ་བ་སྲོགས་མཛད་པ་ཤོག་བུའི་བྱང་བུ་ལ་གླེགས་བམ་གྱི་རྣམ་པར་བྲིས་ཏེ་བསྐུར་བ་ཡང་མང་ལ། དུས་ཕྱིས་བོད་ཁ་བ་ཅན་དུ་རྒྱ་ཧོར་གྱི་རྒྱལ་པོ་དྲེགས་པ་ཅན་རྣམས་ཀྱིས་དབང་བསྒྱུར་པའི་སྐབས་རྒྱལ་པོ་ངེད་ཀྱི་ལུང་ཞེས་བྲིས་པའི་འོག་ནས་འབེབས་ཆེ་བར་བྱས་ཏེ། རྒྱལ་ཕྲན་བློན་འབངས་གང་ཡིན་གྱི་མིང་སྨོས་པའི་ཡུལ་འདི་དང་འདིར་བཟློ་བ་ཞེས་སྟོབས་ཀྱིས་མངོན་པར་མཐོ་བའི་ཁེངས་དྲེགས་ངོམ་བཞིན་བཀའ་ལུང་གི་ཡི་གེ་བུད་པ་དང༌། དེ་བཞིན་ཡུལ་མཆོག་ཏུ་ཆེ་བ་རྣམས་ལ་འབུལ་བའི་ཚེ་ཡང༌།   ཡུལ་དེ་ཉིད་ཀྱི་ཆེ་བརྗོད་དང་འབྲེལ་བའི་མཚན་གོང་དུ་བྲིས་པའི་གཤམ་ནས་འབེབས་ཆེ་བར་བྱས་རང་ཉིད་ཤིན་ཏུ་གུས་པ་མཚོན་པའི་ཚིག་སྤྱོར་འཇམ་ཞིང་སྙན་འཇེབས་ཀྱེས་བསྙུན་གསོལ་བ་སོགས་བྱེད་པའི་སྲོལ་དར་རྒྱས་སུ་བྱུང་སྟེ་གོང་མ་ཆིང་གིས་གནམ་གྱི་རིགས་ལས་གུ་དན་རྒྱལ་པོས།   བོད་ཁམས་སྤྱི་ལ་དབང་པོ་བསྒྱུར་པའི་ཚེ།   འཇམ་དབྱངས་ས་སྐྱ་པཎྚི་མཆོད་གནས་སུ་སྤྱན་འདྲེན་པའི་གསེར་ཡིག་བརྫངས་པ་འདི་ལྟར།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号