ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །འཕྲིན་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།

 ས་བཅད་དང་པོ། མི་སྒེར་བར་གྱི་འཕྲིན་ཡིག་འབྲི་སྟངས་ཀྱི་རྣམ་གཞག་བཤད་པ།
༡ འཕྲིན་ཡིག་འབྲི་སྐབས་དོ་སྣང་བྱེད་དགོས་པའི་སྐོར །
   ཀ ཡིག་ངོ་དྭངས་གཙང་བ་དང་ཡིག་གཟུགས་ལེགས་ལ་ཡིག་སྟར་ཡང་འགྲིག་པོ་བྲིས་ཏེ་ཀུན་གྱིས་ཀློག་ཤེས་པ་ཞིག་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་ཡིག་ལོགས་ངན་པ་དང་གཞན་གྱིས་ཀློག་མི་ཤེས། ཞག་གསུམ་སོང་རྗེས་རང་གིས་ཀྱང་ཀློག་མི་ཤེས་ཞེས་པའི་དཔེ་ལྟར་ཆགས་ནས་བྱ་བ་དེའི་དགོས་པ་འཐུས་ཤོར་དུ་འགྲོ་སྲིད། 

   ཁ ཚིག་དང་ཕྲད་སྦྱོར་བྱེད་སྟངས་ཕྱིན་ཅི་མ་ལོག་པ་དང་། བརྡ་དག་དང་སྐད་ཀྱི་འགྲོ་སྟངས་ཇི་བཞིན་ཚང་བ་ཞིག་འབྲི་དགོས། གལ་ཏེ་དག་ཆ་ནོར་བ་ཡིན་ན་ཡི་གེ་སྐུར་ཡུལ་གྱིས་ཡིག་དོན་གོ་འཛོལ་འགྲོ་བའི་ཉེན་ཁ་ཡོད་སྟབས་དེ་བས་ཀྱང་དོ་སྣང་བྱེད་དགོས་པ་གཅེས།
ག ཡིག་དོན་མདོར་བསྡུས་ཤིང་དོན་གསལ་བ་དང་སྙན་འཇེབས་ལྡན་པ་ཞིག་འབྲི་དགོས་པར་མ་ཟད། ཡི་གེ་སྐུར་ཡུལ་ལ་སྤྲོ་སྣང་འཕེལ་ཞིང་སློབ་སྦྱོང་དང་ལས་དོན་བཅས་ལ་སྐུལ་ལྕག་ཐུབ་པའི་ནང་དོན་དང་ལྡན་དགོས་པ་ལས་སྙིང་བོ་མེད་ པའི་སྙགས་སྙིགས་ཀྱི་དོན་འབྲི་མི་རིགས། ཡིག་ལན་ཡིན་ན་ཡི་གེ་སྐུར་མཁན་གྱིས་བཏོན་པའི་དོན་དག་རྣམས་ལ་ལན་གསལ་བོ་བྲིས་ཏེ་ཡིད་དོགས་མི་ཡོང་བ་བྱེད་དགོས།
ང་ ། མི་སྒེར་བར་གྱི་འཕྲིན་ཡིག་གི་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་གསང་བ་ལ་འབྲེལ་བ་ཡོད་པའི་དོན་དག་གཏན་ནས་འབྲི་མི་རུང་།
༢ འཕྲིན་ཡིག་ལ་ཚང་དགོས་ངེས་ཀྱི་ཆ་རྐྱེན།
   ཡི་གེ་སྐུར་ཡུལ་དང་འཚམ་པའི་འགོ་བརྗོད་དམ་ཆེ་བརྗོད་དང་ཁམས་བདེའི་འཚམས་འདྲི། རང་ཕྱོགས་ཀྱི་གནས་ཚུལ། སྐབས་དོན་དངོས། སླད་མར་དགེ་བའི་སྨོན་འདུན། མཇུག་སྡུད་ཟླ་ཚེས་བཅས་སོ། ། འོན་ཀྱང་ཡི་གེ་སྐུར་ཡུལ་དེ་ས་ཐག་ཉེ་སར་ཡོད་པའམ་བྲལ་ཡུན་ཐུང་བའི་རིགས་ལ་ཡི་གེ་སྐུར་བ་དང་། དེ་བཞིན་སྟབས་བདེའི་འཕྲིན་ཡིག་ལ་དེ་ལྟ་བའི་ཆ་རྐྱེན་ཚང་དགོས་པའི་ངེས་པ་མཆིས།
༣ ཡི་གེ་སྐུར་ཡུལ་དང་འཚམ་པའི་ཤོག་ཐིག་འབེབས་སྟངས། 
   ཕ་མ་དང་མེས་པོ། དགེ་རྒན། འགོ་ཁྲིད། བླ་གྲྭ་ལ་སོགས་པ་ལ་འཕྲིན་ཡིག་འབྲི་སྐབས་འབྲི་ཤོག་གི་ཐིག་དང་པོའི་འགོར་འགོ་བརྗོད་དམ་ཆེ་བརྗོད་སྦྱར་བའི་མིང་མཚམས་སུ་ཁ་ཐུག་འཁེལ་བར་བྱས་ཏེ་ཤོག་ཐིག་གཉིས་མར་ཕབ་ནས་གུས་ལུགས་ཀྱི་ཚུལ་དེ་འབྲི་དགོས་ཤིང་། ཁམས་བདེའི་འཚམས་འདྲི་དང་རང་ཕྱོགས་ཀྱི་བདེ་འཚམས་གནས་ཚུལ་བཅས་ས་བཅད་དེ་གའི་ནང་དུ་འབྲི་དགོས། འཕྲིན་ཡིག་གི་དངོས་གཞི་ནང་དོན་རྣམས་ཤོག་ཐིག་གཅིག་མར་ཕབ་ནས་ཚེག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་སྟེ་འབྲི་འགོ་འཛུགས་དགོས། གལ་ཏེ་དངོས་གཞིའི་ནང་དོན་མང་པོ་འབྲི་རྒྱུ་ཡོད་ན་དོན་དག་ཁག་གི་གཙོ་ཕལ་གྱི་གོ་རིམ་ལྟར་དོན་དག་དུམ་རེ་མཚམས་རེ་བྱས་ནས་འབྲི་དགོས་པར་མ་ཟད། དུམ་མཚམས་རེ་འགོ་འཛུགས་སྐབས་ཤོག་ཐིག་གཅིག་མར་ཕབ་སྟེ་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་ནས་འབྲི་འགོ་འཛུགས་དགོས་པ་དང་། སླད་མར་རེ་འདུན་དང་མཇུག་སྡུད་གཟིགས་རྟེན་ཤིས་པའི་མེ་ཏོག་ལྟ་བའི་སྐད་ཆའང་ཤོག་ཐིག་གཅིག་མར་ཕབ་སྟེ་ཚིག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་ནས་འབྲི་དགོས། ཡི་གེ་སྐུར་མཁན་གྱི་མིང་དང་ཟླ་ཚེས་སོགས་ཤོག་ཐིག་ལྔ་ལས་མ་ཉུང་བར་མར་ཕབ་སྟེ་འབྲི་ཤོག་གི་གཡས་ངོས་སུ་འབྲི་དགོས།
   རང་མཉམ་གྱི་བློ་མཐུན་དང་གཉེན་བཤེས་ལ་འཕྲིན་ཡིག་འབྲི་སྐབས་འབྲི་ཤོག་གི་ཤོག་ཐིག་དང་པོའིི་འགོར་ཡི་གེ་སྐུར་ཡུལ་དང་འཚམ་པའི་འགོ་བརྗོད་སྦྱར་བའི་མིང་མཚམས་སུ་ཁ་ཐུག་འཁེལ་པར་བྱས་ནས་ཤོག་ཐིག་གཅིག་མར་ཕབ་སྟེ་གུས་ལུགས་ཀྱི་ཚུལ་དེ་འབྲི་དགོས་པ་ཕུད། དེ་བྱིངས་ཐམས་ཅད་གོང་གསལ་གྱི་འབྲི་སྟངས་དང་མཚུངས་སོ། །
༤ ཡིག་སྐོགས་ཀྱི་ཁ་བྱང་འབྲི་སྟངས།
   ཡི་གེ་སྐུར་ཡུལ་གྱི་སྡོད་གནས་དེ་ཡིག་སྐོགས་ཀྱི་གཡོན་གྱི་ཐོག་ངོས་ནས་འབྲི་དགོས་པ་དང་ཡི་གེ་སྐུར་ཡུལ་གྱི་མིང་དེ་ཡིག་སྐོགས་ཀྱི་དཀྱིལ་གྱི་གཡོན་ངོས་ནས་འབྲི་དགོས་པ་དང་། ཡི་གེ་སྐུར་མཁན་གྱི་སྡོད་གནས་དང་མིང་དེ་ཡིག་སྐོགས་ཀྱི་གཤམ་གྱི་གཡོན་ངོས་ནས་འབྲི་དགོས་པ་དང་ཟླ་ཚེས་དང་ཕུལ་ཞེས་པའི་ཚིག་དེ་ཡིག་ཕྲེང་གཅིག་མར་ཕབ་ནས་ཡིག་སྐོགས་ཀྱི་གཡོན་ངོས་སུ་འབྲི་དགོས།
ས་བཅད་གཉིས་པ། ཡིག་བཟོའི་དངོས་གཞི་བཤད་པ།
༡ བུ་ཕྲུག་གིས་ཕ་མར་འཕྲིན་ཡིག་འབྲི་སྟངས་ཀྱི་དཔེ་གཞི །
   བྱམས་བརྩེའི་བཀའ་དྲིན་སྟོང་གསུམ་ཁམས་ལ་གང་བའི་རིན་ཆེན་ཕུང་བོས་ཆ་ཙམ་བསྒྲུན་བྲལ་ཡབ་ཡུམ་མཆོག་གི་སྐུ་དྲུང་དུ།

                                                                                 གུས་འབུལ། རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་རྨད ་བྱུང་དབུ་ཁྲིད་འོག་བདེ་སྐྱིད་རྫོགས་ལྡན་གཉིས་པའི་དཔལ་ཡོན་རབ་ཏུ་དར་བའི་དུས་སྐབས་འདིར། ཡབ་ཡུམ་མཆོག་གི་སྐུ་གཟུགས་འགྱུར་མེད་རྡོ་རྗེའི་ཆོས་བཞིན་བརྟན་ཅིང་། མཐུན་བསྒྲིལ་དང་ཕྱུག་པོ། ཤེས་རིག་ལྡན་པའི་གངས་ལྗོངས་་གསར་བའི་འཛུགས་སྐྲུན་ལ་ལྷོད་མེད་འབད་བརྩོན་གྱིས་སྤྲོ་བཞུགས་ངོས ། མཉེས་གཤིན་བྱམས་པའི་གསུང་མཆིད་བདུད་རྩིའི་གཟེགས་མ་གནང་འབྱོར་བྱུང་བས་བཀའ་དྲིན་ལྷག་པར་ཆེ་ཞུ། འདིར་ཡང་དབུ་ཁྲིད་དང་བློ་མཐུན་རྣམ་པའི་ཀུན་གསལ་སྒེག་མོའི་དབྱིངས་ལས་འདས་པའི་མཛའ་བརྩེའི་ཐུགས་འཁུར་གྱིས་ལུས་ཁམས་ཏ་ལའི་སྡོང་བོ་སྤྲིན་བཅུད་ཀྱིས་མ་དོར་ཞིང་། ཡིད་ཀྱི་འདབ་མ་བ་མོས་མ་གཙེས་པར་ཏང་དང་མི་དམངས་ཀྱིས་གནང་བའི་གཟི་བརྗིད་ལྡན་པའི་ལས་འགན་དག་གཡོ་ཟོལ་མེད་པར་འབད་བརྩོན་གྱིས་སྒྲུབ་ཁུལ་མཆིས། འཚམས་ཞུ།
            འཕྲིན་ཡིག་གི་དངོས་གཞིའི་ནང་དོན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
སླད་མར་ཡང་བེམ་པོར་གྱུར་པའི་ཡིད་བཞིན་ནོར་བུ་གང་གིས་མཚོན་མིན་སྐུ་ཚོར་འཕྲོད་བཞེས་ལྷོད་མེད་ངང་རིན་བྲལ་བྱམས་བརྩེའི་གསུང་མཆིད་ཀྱང་ཆུ་བོ་རྣམས་བཞིའི་རྒྱུན་བཞིན་སྩོལ་བར་མཁྱེན་མཁྱེན། མཁྱེན།
    ཡབ་ཡུམ་མཆོག་གི་སྐུ་གཟུགས་འགྱུར་མེད་རྡོ་རྗེའི་ཆོས་བཞིན་ཡུན་བཞུགས་ཐོག་མཛད་འཕྲིན་ཡར་ཟླའི་དཔལ་ལྟར་འཕེལ་བའི་སྨོན་འདུན་དང་བཅས།


                                                                                                བུ་ ཡིས ལོའི
                                                                                                ཟླ་ ཚེས ཉིན་ལ་ཕུལ།

 


༢ ཕ་མས་བུ་ཕྲུག་ལ་འཕྲིན་ཡིག་འབྲི་སྟངས་ཀྱི་དཔེ་གཞི།

ནམ་ཡང་བརྩེ་བ་བྲལ་མེད་སྙིང་གི་ཟེའུ་འབྲུ་བུ་མོ ་་་་་་་་ ཡི་དྲུང་དུ།
སྟབས་འབུལ། དེང་ཡང་སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་རྣམ་པའི་བསླུ་མེད་སྐྱེད་སྲིང་གི་ཉི་འོད་འོག་བུ་མོའི་གཟུགས་གཞི་ཆུ་སྐྱེས་གཞོན་ནུའི་འདབ་མ་བཞིན་རྒྱས་ཤིང་། རང་འཁྲིའི་ཡོན་ཏན་གྱི་སྦྱངས་འབྲས་སྦྲང་རྩི་མངར་མོས་ཕྱུག་བཞིན་ཡོད་པར་ཡིད་སྤྲོའི་དཔྱིད་དུ་གྱུར། མ་ནུས་ཀུན་གྱི་ཕ་མ་བཀའ་དྲིན་གཞལ་མེད་རླབས་ཆེན་ཏང་གི་ཟླ་འོད་གསར་བའི་བསིལ་མཐུས་འདིར་ཡང་ལུས་ཁམས་ཀུན་དའི་སྡོང་བོ་རྩ་བ་མ་བསྐམས་པར་བགོ་སྐལ་སྲི་ཞུ་འབད་པ་ལྷུར་ལེན་ཁུལ་དུ་མཆིས་པས་བུ་མོའི་སེམས་གཡེངས་ཀྱི་རྭ་བ་དུམ་བུར་ཆོད་པར་འཚལ ། འཚམས་ཞུ། 
     འཕྲིན་ཡིག་གི་དངོས་གཞིའི་ནང་དོན་་་་་་་་་་་་་་་་་་་་་་་་་་་་་་་་།
         སླད་མར་ཡང་ལུས་ཚོའི་འཕྲོད་སྐྱོང་ལྷོད་མེད་ནས་རིན་བྲལ་ཡོན་ཏན་གནང་མཁན་དགེ་རྒན་ལ་བཅོས་མིན་སྲི་ཞུ་དང་སློབ་གྲོགས་ཕན་ཚུན་བར་མ་གཅིག་མངལ་ལས་སྐྱེས་པའི་སྤུན་མཆེད་ལྟ་བུའི་མཐུན་སྒྲིལ་བྱེད་ཁར་དཀའ་སྤྱད་འབད་བརྩོན་གྱིས་རང་འཁྲིའི་སློབ་ཚན་ཁག་ལེགས་པར་སྦྱངས་ཏེ་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ཇེ་མཐོར་བཏང་ནས་འབྱུང་འགྱུར་མཐུན་སྒྲིལ་དང་ཕྱུག་པོ། ཤེས་རིག་ལྡན་པའི་གངས་ཅན་གསར་བ་འཛུགས་སྐྲུན་བྱེད་མཁན་དམར་ཞིང་མཁས་པ་ཞིག་བྱེད་རྒྱུའི་བརྩོན་ལེན་བྱེད་པའི་འདུན་པ་ཤིན་ཏུ་ཆེ།
      མཇུག་ཏུ་ལུས་ཁམས་བདེ་ཞིང་སྦྱངས་འབྲས་རྩེར་སོན་ཡོང་བའི་སྨོན་འདུན་དང་བཅས། 
                                                                          ཕ ་་་་་་་་ཡིས་་་་་་་་་ལོའི
                                                                          ཟླ་་་་་་་་ཚེས་་་་་ཉིན་ལ་བསྐུར།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2016 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备14000172号