ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །གཞུང་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།

༢ བཀའ་རྒྱ།
བཀའ་རྒྱ་ཞེས་པ་དེ་ནི་གོང་རིམ་ལས་ཁུངས་ཀྱིས་གཤམ་རིམ་ལས་ཁུངས་སམ་མི་སྣར་ཡོངས་བསྒྲགས་བྱེད་པའི་གཞུང་ཡིག་ཅིག་ཡིན་ཅིང་། དེའི་སྤྱོད་སྒོ་གཙོ་བོ་ནི་བཅའ་ཁྲིམས་དང་བཀའ་ཁྲིམས། སྲོལ་ཡིག གཏན་འབེབས། ཆོད་དོན། སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་གཏན་དུ་འབེབས་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་གོ་གནས་སྐོ་འཐེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་བྱས་རྗེས་ཅན་ལ་གཟེངས་རྟགས་འགོད་པ་དང་མཚན་སྙན་སྤྲོད་པ་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་བྱ་དགའ་སྤྲོད་པ་བཅས་དང་། དེ་བཞིན་སྒྲིག་གཞི་སྣོན་འཕྲི་བྱེད་པ་དང་ཟླ་སྒྲིལ་གཏོང་བ། ཕྱི་འདོམས་བྱེད་ཆེད་ཆད་པ་སྤྲོད་པ། བྲོས་བྱོལ་ཉེས་ཅན་འཛིན་པའི་བཀའ་ཁྱབ་གཏོང་བ།   ཉེས་ཆད་ཆག་ཡང་གཏོང་བ་སོགས་ཡིན།
སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་གཏན་འབེབས་བྱས་པ་དང་སྲིད་འཛིན་གྱི་ཁྲིམས་སྲོལ་ཡོངས་བསྒྲགས་བྱས་པའིོ་བཀའ་རྒྱ་འགའ་ཞིག་ལ་ཁྲིམས་སྲོལ་གྱི་རང་བཞིན་ལྡན་ནའང་བཅའ་ཁྲིམས་སམ་བཀའ་ཁྲིམས་དང་བསྡུར་ན་ཁྱད་པར་ཡོད་ཅིང་།   བཅའ་ཁྲིམས་དང་བཀའ་ཁྲིམས་ནི་གཞི་འཛིན་ཡུག་དེ་རང་བྱས་ཏེ་ཡོངས་བསྒྲགས་བྱེད་པས་རེད།
བཀའ་རྒྱ་འབྲི་སྐབས་དེའི་ནང་དོན་དང་བླང་བྱ་གང་ཡིན་རུང་ཐམས་ཅད་ངེས་པར་ཞིབ་ཕྲ་དང་ཁ་གསལ་བོ། གཏན་འཁེལ་བ་བཅས་འབྲི་དགོས་པ་ལས་ཡིག་དོན་རབ་རིབ་དང་ཡིག་ནོར་བཅས་མི་ཡོང་བར་བྱེད་དགོས།
༣ གཏན་འབེབས།
གཏན་འབེབས་ཞེས་པ་དེ་ནི་རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་ཀྱིེས་སྤེལ་བའི་སློབ་སྟོན་གྱི་རང་བཞིན་དང་མཛུབ་ཁྲིད་ཀྱི་རང་བཞིན་ལྡན་པའི་གཞུང་ཡིག་ཡིན་ཅིང་། དེའི་ནང་དོན་དང་བླང་ཐམས་ཅད་ལ་གཟབ་བརླིང་ལྡན་ཞིང་དམིགས་བཀར་གྱི་རང་བཞིན་ཧ་ཅང་ཆེན་པོ་ཡོད་ལ། རྩ་དོན་གྱི་རང་བཞིན་དང་མཛུབ་ཁྲིད་ཀྱི་རང་བཞིན་ཡང་ལྡན། དེར་བརྟེན་གཤམ་རིམ་ལས་ཁུངས་ཀྱིས་གཏན་འབེབས་ལག་ལེན་བསྟར་རིང་བཟོ་བཅོས་འོལ་ཚོད་བྱེད་མི་རུང་མེད། འོན་ཀྱང་གནས་ཚུལ་ཁྱད་པར་པ་དང་ཕྲད་དེ་འགྱུར་ལྡོག་བྱེད་དགོས་སྐབས་ཐོག་མར་ངེས་པར་གོང་རིམ་ལ་བཀའ་སྐོར་ཞུས་ཏེ་དགོངས་མཐུན་བྱུང་རྗེས་གཞི་ནས་འགྱུར་ལྡོག་བྱེད་ཆོག་གོ །
 གཏན་འབེབས་འབྲི་སྐབས་ཐོག་མར་གཏན་འབེབས་བྱ་རྒྱུའི་དོན་ཚན་རྣམས་གསལ་རྟོགས་བྱས་ནས་གནད་དོན་གཙོ་བོ་དང་རྩ་བའི་སྙིང་དོན་དམ་གཟུང་གིས་ཡི་གེ་ཉུང་ཞིང་དོན་གསལ་བའི་སྒོ་ནས་འབྲི་དགོས་ཤིང་། གཏན་འབེབས་འགའ་རེའི་འགོ་བརྗོད་མདོར་བསྡུས་བྲིས་ཏ་གཏན་འབེབས་དེ་འདྲ་བྱེད་དགོས་པའི་གཞི་འཛིན་ས་དང་དམིགས་ཡུལ་རྣམས་གསལ་བོར་འབྲི་དགོས་པ་དང་། གཏན་འབེབས་ཀྱི་ཁག་གཙོ་བའི་ནང་དོན་མང་ཉུང་ལ་གཞིགས་ཏེ་དུམ་བུ་དབྱེ་བའམ་དོན་ཚན་ཕྱེ་ནས་རེ་རེ་བཞིན་དུ་གསལ་བོར་འབྲི་དགོས། གལ་ཏེ་དོན་ཚན་མང་ཙམ་ཡོད་ན་ལེའུ་དང་ས་བཅད་ཞིབ་ཕྲ་བགོས་ནས་འབྲི་དགོས། རྒྱུན་དུ་གཏན་འབེབས་ཀྱི་མཇུག་ཏུ་ལག་ལེན་བསྟར་རྒྱུའི་ཐད་ཀྱི་རེ་འདུན་དང་བླང་བྱ་འབྲི་སྲོལ་ཡོད།
༤ གྲོས་ཆོད།
གྲོས་ཆོད་ཅེས་པ་ནི་གྲོས་ཚོགས་ངེས་ཅན་ཞིག་གིས་གྲོགས་སྡུར་བྱས་ཏེ་འཆམ་བྱུང་ནས་འབྲེལ་ཡོད་སྡེ་ཚན་ནམ་མི་སྣར་བླང་བྱ་བཏོན་ཏེ་ལག་བསྟར་བྱེད་དུ་འཇུག་པའི་གཞུང་ཡིག་རེད།   གྲོས་ཆོད་ཀྱི་ནང་དོན་ངོས་ནས་བཤད་ན་སྣ་གཅིག་གི་རང་བཞིན་དང་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་ཅིང་། དེ་དག་ཐམས་ཅད་སློབ་སྟོན་གྱི་ཕན་ནུས་དང་མཛུབ་ཁྲིད་ཀྱི་ཕན་ནུས་གལ་ཆེན་ཡོད་སྟབས་རྟག་ཏུ་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་བརྒྱུད་བསྒྲགས་བྱེད་པའི་ཡོ་བྱེད་ཅིག་ཏུ་འགྱུར།
༥ སྤྱི་བསྒྲགས།
སྤྱི་བསྒྲགས་ཞེས་པ་དེ་ནི་དུས་རྒྱུན་དུ་རྒྱལ་ཁབ་ཀྱི་མིང་ཐོག་དང་ཡང་ན་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་དོན་ཆེན་བརྗིད་ཉམས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་བསྒྲགས་བྱེད་པའི་སྒྲིག་ཡིག་ཡིན་ཅིང་། སྐབས་འགར་ལས་ཁུངས་སམ་ཚོགས་པས་ཀྱང་སྤྱི་བསྒྲགས་ཀྱི་རྣམ་པ་དེ་རིགས་སྤྱད་དེ་གྲོས་ཆོད་དམ་གནས་ཚུལ་མང་ཚོགས་ལ་ཁྲོམ་བསྒྲགས་བྱེད་ཀྱིན་ཡོད།
 སྤྱི་བསྒྲགས་ནི་ཚིག་ཉུང་ཞིང་དོན་དྲིལ་བ་འབྲི་དགོས་ཤིང་། མང་ཚོགས་ལ་ཤེས་སུ་འཇུག་དགོས་པའི་དོན་ཚན་ཁོ་ནའི་ནང་དོན་དང་ངོ་བོ། མི་དམངས་སམ་འབྲེལ་ཡོད་མི་སྣས་ངེས་པར་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་དོན་ཚན་རྣམས་ཞིབ་ཅིང་ཕྲ་བ་ཞིག་འབྲི་དགོས་པ་དང་།དུས་ཚོད་ཀྱི་འགོ་མཇུག་དང་ས་ཁོངས་ཀྱི་ས་མཚམས། གཞི་ཁྱོན་གྱི་དབྱེ་བ་ཕྱེ་ཚུལ་ལ་སོགས་པ་ངེས་པར་གནད་དུ་འཁེལ་བའི་བྲིས་ནས་མང་ཚོགས་སམ་འབྲེལ་ཡོད་མི་སྣས་ལག་བསྟར་བྱེད་ཐབས་བདེ་བོ་ཡོང་བ་བྱེད་དགོས་པར་མ་ཟད། ཡིག་འབྲུ་དེ་བས་ཐུང་བ་དང་ནང་དོན་གཅིག་ཏུ་བསྡུས་ཤིང་སྣ་གཅིག་ཡིན་པ་དང་བླང་བྱའང་ཁ་གསལ་བོ་དང་ཞིབ་ཕྲ་ཡོང་བར་བྱེད་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号