ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །སློབ་ཁྲིད་སྐབས་སུ་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའ།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།

༡ གྱོན་ཆས་དག་གཙང་གྱོན་པ།  

བྱིས་པ་གང་དང་སུ་ཡིན་རུང་དེའི་འགྲོ་འདུག་སྤྱོད་གསུམ་གྱི་ཀུན་སྤྱོད་སྣ་ཚོགས་ནི་ཕ་མའི་སློབ་གསོ་དང་སྤྱི་ཚོགས་ཁོར་ཡུག་གི་སློབ་གསོ་བརྒྱུད་དེ་བསླབས་པའམ་རང་བཞིན་རྐྱེན་གྱིས་ལོབས་པ་ཞིག་ཡིན་ཞིང་། ཁྱབ་པར་དུ་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་ཆ་ལུགས་གྱོན་ཆས་ལ་འབྲེལ་བ་ཆེན་པོ་ལྡན། དེང་གི་སྐབས་འདིར་ཚོར་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་གྱོན་ཆས་ཀྱི་ཆ་བྱད་སྣ་ཚོགས་དར་ཡོད་པས་སྤྱིར་དུས་རབས་དང་འཚོ་བར་མཐུན་པའི་གྱོན་ཆས་གྱོན་རྒྱུའང་འགྲོ་ལུགས་ཚད་ལྡན་ཡིན་མོད།  འོན་ཀྱང་སློབ་མ་ཚང་མས་སྤྱི་ཚོགས་འཚོ་བ་ལ་བལྟ་བའི་གདེང་འཇོག་གི་ཚད་མར་འཛིན་སའི་གཞི་ནི་གཙོ་བོ་དགེ་རྒན་མ་དཔེ་སྟེང་ན་ཡོད། ཁ་དཔེར་ཡངདགེ་རྒན་གཅིག་གི་དགེ་ཕྲུགཟེར་བ་ལྟར།  དགེ་རྒན་གྱི་བྱ་བྱེད་ཆ་ལུགས་ཇི་འདྲ་ཞིག་ཡིན་ན་སློབ་མ་ཡང་དེ་འདྲ་ཞིག་འབྱུང་ངེས་ཡིན།  དེ་བས་དགེ་རྒན་གྱིས་ཀུན་སྤྱོད་མ་དཔེ་ལེགས་པོ་བསྟན་ཏེ་སློབ་མའི་ཕྱོགས་ཡོངས་ནས་སྐྱེད་སྲིང་དང་བདག་སྐྱོང་བཟང་བོ་བྱེད་པའི་ཆེད་དུ་ངེས་པར་སློབ་ཁྲིད་སྐབས་སུ་ཐོག་མར་ཀུན་དང་མཐུན་པའི་གྱོན་པ་གཙང་ཞིང་གྲ་དག་གྱོན་ཏེ་སློབ་ཁྲིད་བྱེད་རྒྱུ་གཙོ་ཆེ། 
༢ སྐད་ཆ་ཚད་ལྡན་བཤད་པ། 
དེང་འདིར་འཛམ་གླིང་རང་བཞིན་གྱི་སྐད་ཆ་ཚད་ལྡན་གཅིག་མཐུན་ཕྱོགས་སུ་འགྲོ་བཞིན་པའི་སྒང་ཡིན་པས་སློབ་ཁྲིད་བྱེད་པའི་སྐབས་སུ་སྐད་ཆའང་དེ་དང་བསྟུན་ནས་གཙིགས་ཆེར་བཟུང་སྟེ་ཚད་ལྡན་ཅན་དུ་བསྙེག་རྒྱུ་གནད་ཀྱི་དམ་པར་མཐོང་།  ཡིན་ན་ཡང་དགེ་རྒན་ལ་ལས་བོད་རིགས་སློབ་མ་རྣམས་ནི་རོང་འབྲོག་ས་ཁུལ་དག་ནས་ཡོང་བར་དམིགས་ཏེལུང་བ་རེ་ལ་ཆུ་རེ་དང་ས་ཆ་རེ་ལ་སྐད་རེཡིན་པར་འདོད་དེ་སློབ་ཁྲིད་བྱེད་པའི་སྐད་ཆ་ནི་རང་རང་གི་ས་ཆའི་ཡུལ་སྐད་དང་ལུང་སྐད་རེ་རེའི་རྗེས་སུ་བསྙེརགས་པ་ནི་ངལ་བའི་རྒྱུ་ཡིན་པ་དང་།   བོད་ཀྱི་སྐད་དམ་ཡིག་སྐད་བཀོལ་ནས་སློབ་ཁྲིད་བྱས་ན་འཇུག་བདེ་ཞིང་ཀུན་གྱིས་གོ་ཐུབ་ལ་སློབ་གསོའི་ཕན་ནུས་ཀྱང་འབྱུང་སླ་བ་ཡིན།  དེ་བས་བོད་ཀྱི་སྤྱི་སྐད་ཀྱིས་སློབ་མར་ཤེས་བྱ་སྦྱིན་པ་དང་སྔོག་འདོན་བྱེད་རྒྱུ་ནི་མཐར་གཏུག་གི་དམིགས་བྱ་ཡིན་ལ་འབད་བྱ་གཙོ་བོའང་ཡིན་པར་འདོད། 
༣ ཡིག་གཟུགས་ཡག་པོར་འབྲི་བ། 
དེང་འདིར་དངོས་པོའི་དཔལ་ཡོན་ཤིན་ཏུ་དར་རྒྱས་ཆེ་ཤིང་སྤུས་མཚག་སློབ་གསོའི་མཛེས་དཔྱོད་ཀྱང་ཆེས་མཐོང་ཆེན་དང་གཙིག་རྒྱན་དུ་འདོགས་བཞིན་ཡོད་པས་ཡིག་གཟུགས་ཀྱི་མཛེས་པའང་སྔོན་བྱོན་མཁས་པའི་ངག་རྒྱུན་ལས།   ཡི་གེ་དག་སྙོམས་མཛེས་གསུམ་ལས།།    མ་དག་སྐྱེས་བུ་སྙིང་མེད་འདྲ།།   མི་སྙོམས་རྐང་ལག་འཆོར་བ་འདྲ།།  མི་མཛེས་གོས་ངན་གྱོན་པ་འདྲ།།ཞེས་པ་བཞིན་མཛེས་དཔྱོད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བགྲང་གིན་ཡོད།  དེས་ན་དགེ་རྒན་གྱི་ངོས་ནས་བཤད་ན་ཡི་གེའི་དག་སྙོམས་མཛེས་གསུམ་ལས་མཛེས་པ་གཙིག་འཛིན་བྱེད་རྒྱུ་ནི་འོས་འགན་རླབས་ཆེན་ཞིག་ཡིན་ཞིང་དུས་དང་རྣམ་པ་ཀུན་ཏུ་སྒོ་སམ་སོགས་ལ་གཟབ་ནན་སྒོས་ཡིག་གཟུགས་ཡག་པོ་འབྲི་བ་ནི་སློབ་མས་ཡིག་གཟུགས་སྦྱང་བའི་མཛུབ་རྩལ་གྱི་མིག་དཔེར་བལྟ་ཡུལ་ལམ་ལད་མོ་བྱེད་སར་འགྲོ་ངེས་ཡིན་པས་དོ་སྣང་བྱེད་དགོས། 
༤ ཁྲིད་ཆས་འཐུས་ཚང་དུ་གཏོང་བ། 
སློབ་ཁྲིད་ཀྱི་ནང་དོན་དང་ཤེས་བྱ་སོགས་ལག་མཐིལ་ལ་སྐྱུར་རུ་ར་བཞག་པ་ལྟར་དངོས་ཡོད་ཀྱི་འཚོ་བ་ལས་ཇི་བཞིན་མིག་ལམ་དུ་སྟོན་ཐུབ་པར་བྱེད་རྒྱུ་ནི་དམིགས་ཚད་སློབ་གསོའི་གཞི་རྩའམ་འོས་འགན་རླབས་ཆེན་ཞིག་ཡིན།   དེང་འདིར་འཇིག་རྟེན་ནི་གློག་ཀླད་དུས་རབས་སུ་བསླེབས་པ་ཀུན་གྱིས་མཐོང་གསལ་ལྟར་ལགས་ལ།  གློག་འཕྲུལ་གྱིས་ཆེས་མྱུར་ཞིང་གསལ་བ།  སྟབས་བདེ་དང་མ་ལག་ལྡན་པའི་ངང་ནས་སློབ་མར་ཤེས་བྱ་དང་ནུས་པ་སྦྱིན་ཐུབ་པས་ང་ཚོ་དགེ་རྒན་ཚོས་ཀྱང་ངེས་པར་དུ་སློབ་ཁྲིད་སྐབས་གློག་གཟུགས་དང་པར་བརྙན།  གློག་ཀླད་སྤྱོད་ཆས་སོགས་ཀྱི་ཁྲིད་ཆས་བེད་སྤྱོད་པ་དང་ཕྱིར་མངོན་སྤྱོད་པའི་བྱ་ཚིག་བཀོལ་བར་དོ་སྣང་བྱེད་དགོས། 
༥ དུས་ཚོད་བཀོད་སྒྲིག་ལེགས་པོ་བྱེད་པ། 
དགེ་རྒན་ཞིག་ལ་མཚོན་ན་ཡང་སློབ་ཁྲིད་ཀྱི་དུས་ཚོད་སྐར་མ༤༥ཇི་ལྟར་བཀོལ་སྤྱོད་བྱེད་རྒྱུ་ནིཚེ་སྲོགགི་རིན་ཐང་མངོན་འགྱུར་བྱེད་པའི་རྣམ་འགྱུར་ཞིག་ཡིན།  དེ་བས།  དགེ་རྒན་གྱིས་སློབ་ཐུན་གཅིག་གི་དུས་ཚོད་སྐར་མ༤༥བཀོད་སྒྲིག་བྱེད་སྐབས་ངེས་པར་དུ་ཆུད་ཟོས་མེད་པར་འདང་ངེས་ཤིག་ཡོང་བ་ཞིག་བཀོལ་སྒྲིག་བྱས་ན་སློབ་ཁྲིད་དམིགས་ཚད་ཡོངས་སུ་འགྲུབ་སླ། 
༦ ཁྲིད་དེབ་ལ་བྱང་ཆ་ལྡན་དགོས། 
དགེ་རྒན་རང་ཉིད་ཀྱི་ཆེད་ལས་ཤེས་བྱའི་བྱང་ཚད་ལ་གཞན་དང་ཁྱད་དུ་འཕགས་པའི་རྩལ་ནུས་ཤིག་འཛོམས་དགོས་པའི་རྨང་གཞིའི་ཆ་རྐྱེན་འོག་ཏུ།  དགེ་རྒན་གྱི་ཐོག་མར་ཁྲིད་དེབ་ལ་ཞིབ་འཇུག་བྱས་ཏེ་སློབ་ཁྲིད་སྐབས་སུ་སློབ་ཚན་གྱི་ནང་དོན་དང་ཁྲིད་སྟངས་སོགས་ལ་བྱང་ཆ་ཐོན་པར་བྱེད་དགོས་ལ་དེ་ནི་ཆེས་མ་མཐའ་ཡི་གདམ་ངག་གམ་འགྲོ་ལུགས་རྣལ་མ་ཞིག་ཡིན།  ཁྲིད་དེབ་ལ་བྱང་ཆ་ལྡན་ན།  སློབ་མའི་རྒྱུད་ལ་ཐབས་ཤེས་ཟུང་ལྡན་གྱིས་རང་གི་ཡོན་ཏན་མཐའ་དག་བདེ་བླག་ངང་བརྒྱུད་སྤྲོད་བྱེད་ཐུབ།  འོན་ཀྱང་།  དགེ་རྒན་ལ་ལས་ཁྲིད་དེབ་ལ་བྱང་ཆ་མེད་པར་རང་སྣང་གང་ཤར་གྱིས་སློབ་ཁྲིད་བྱེད་ཀྱིན་ཡོད་ལ།  དེ་ནི་གྲ་སྒྲིག་མེད་པའི་དམག་འཁྲུག་ལྟ་བུ་ཡིན་པས་རྒྱལ་ཁ་ལེན་པའི་གདེང་ཚོད་རྩ་བ་ནས་ཡོད་མི་སྲིད།  ད་དུང་དེ་ལས་ལྡོག་སྟེ་སློབ་མའི་སྦྱང་འབྲས་ཉམས་པའི་རྒྱུར་འགྲོ་བ་མ་ཟད།  ཁོ་ཚོའི་རྣམ་རིག་དང་སློབ་སྦྱོང་གི་སྤྲོ་འདུན་ཡང་གཞོམ་པར་འགྱུར། 
༧ སློབ་མར་རྒྱུས་ལོན་བྱེད་དགོས། 
སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་གཏད་བྱ་སློབ་མ་རབ་འབྲིང་ཐ་གསུམ་གྱི་བློ་རིག་ལ་བྱེད་སྒོ་མི་འདྲ་བའི་ཆ་རྐྱེན་འོག་སློབ་སྟོན་དང་སྐྱེད་སྲིང་བྱེད་དགོས་ལ།  སློབ་མ་སུ་ཡིན་རུང་རང་ཉིད་ལ་རང་གཤིས་ཁྱད་པར་བ་རེ་ཡོད་དེ།  རང་བརྩི་རང་བཀུར་གྱི་བསམ་བློ་ཡང་ཐུན་མིན་དུ་ལྡན་པ་ཡིན།  དེའི་སྟབས་ཀྱིས་སློབ་མ་རེ་རེའི་སློབ་སྦྱོང་གི་རྣམ་འགྱུར་དང་སྤྱོད་སྟངས་སོགས་མི་འདྲ་ལ།  རྒྱུས་ལོན་བྱས་ཏེ་ཐབས་རྩལ་སྣ་ཚོགས་ཀྱིས་སློབ་སྦྱོང་ལ་ཡར་སྐུལ་དང་དྲང་ལམ་དུ་འགོད་པར་བྱེད་རྒྱུ་ནི་ངེས་པར་ཐག་གཅོད་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་རེད། 
༨ ཁྲིད་རྗེས་ཀྱི་ཐོ་ཡིག་འགོད་པ། 
དགེ་རྒན་མང་ཆེ་བས་སློབ་ཐུན་ཁྲིད་རྗེས་ཀྱི་ཐོ་ཡིག་འགོད་པ་ལ་གཙིགས་འཛིན་བྱས་པ་མི་འདང་མོད།  དོན་དངོས་ཐོག་སློབ་ཐུན་གང་ཞིག་ཡིན་ཡང་དེའི་སློབ་ཁྲིད་ནི་ཚན་རིག་རང་བཞིན་དང་འཆར་གཞི་རང་བཞིན་ལྡན་པའི་ངང་ཡོངས་འགྲུབ་བྱུང་མེད་ཀྱི་ལེགས་ཆ་དང་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ཞིབ་ཚགས་སྒོས་སློབ་མ་དང་ཟུང་འབྲེལ་ངང་བསམ་ཚུལ་བརྗེ་རེས་བྱེད་པ་དང་།  བརྗེ་རེས་ཁྲོད་དུ་རང་སྟེང་གི་གནད་དོན་བཙལ་ཏེ་ཟིན་ཐོར་འགོད་པ་དང་བསླབ་བྱ་བླངས་ནས་མྱུར་དུ་གསབ་ཁྲིད་ལ་ཞིབ་བསྡུར་གྱིས་བཟང་ཕྱོགས་རྒྱུན་སྤེལ་དང་ཞན་ཆ་ཡོ་བསྲང་བྱེད་པའི་ཐབས་ཤེས་ཕྲན་བུ་སོགས་བཀོལ་ན་རྗེས་ཕྱོགས་ཀྱི་སློབ་ཁྲིད་ལ་ཕན་པ་མི་དམན་པ་སྟེར་བས་དེའི་ཐད་དུའང་དོ་སྣང་བྱེད་རྒྱུ་གལ་ཆེ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号