ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
གཉིས་པ་མཐུན་རྐྱེན་ལྔ་ནི།ཡུལ་དང༌།རྒྱུད་དང༌།རྟགས་དང༌།བསམ་པ་དང༌། ཆོ་ག་མཐུན་པའི་རྐྱེན་ནོ།།འདི་དག་ནི་བསྙེན་རྫོགས་ལའང་འདྲ་བས།ཕྱོགས་གཅིག་ཏུ་བཤད་ན། ཡུལ་ནི།སྟོན་པའི་སྐུ་གཟུགས་དང༌།ཆོས་དང༌།ཞུ་བའི་ཡུལ་མཁན་པོ་དང༌། ལས་ཀྱི་སློབ་དཔོན་དང༌།དགེ་འདུན་རྣམས་སོ།།དེ་ལ་མཁན་པོ་ནི།བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ།འདུལ་བའི་ཚིག་དོན་ལ་མཁས་པ།ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ། ལྔ་ཕྲུགས་ཉེར་གཅིག་གང་ཡང་རུང་བ་དང་ལྡན་པ་རྣམས་ཚང་བའོ།།ཁ་སྐོང་གི་ཆོས་བཅུ་གསུམ་ནི། མི་འདུག་པར་འགྲེང་བ་མ་ཡིན།གང་ལ་བྱ་བའི་ཡུལ་ཡིན།འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན།བསྙེན་པར་མ་རྫོགས་པ་མ་ཡིན།ཉམས་པ་མ་ཡིན།འཚམས་མེད་བྱས་པ་མ་ཡིན།སྡིག་ལྟ་ཅན་མ་ཡིན།ས་གཞན་ན་གནས་པ་མ་ཡིན།ཐ་དད་དུ་གནས་པ་མ་ཡིན། འཁྲུལ་བཅས་མ་ཡིན།འཚམས་གཞན་ན་གནས་པ་མ་ཡིན།དཀོན་མཆོག་གཞན་མ་ཡིན།ཤེས་པ་རང་བཞིན་དུ་མི་གནས་པ་མ་ཡིན།མཚན་མི་མཐུན་པ་མ་ཡིན་པ་སྟེ་བཅུ་བཞི་ལས།ཆོས་ཕྱོགས་པས་ལས་བྱེད་ན་ཐ་དད་དུ་གནས་པ་མ་གཏོགས་པ་བཅུ་གསུམ་དང༌།ཆོས་མ་ཡིན་པའི་ཕྱོགས་པས་ལས་བྱེད་ན་སྡིག་ལྟ་ཅན་མ་ཡིན་པ་མ་གཏོགས་པ་བཅུ་གསུམ་མོ།།རྒྱུད་ནི།ཚོགས་སུ་མ་ཚང་བ་དང་།སྡོམ་པ་དེ་སྔར་ཐོབ་པ་ཕམ་པས་ཉམས་པ་མ་ཡིན་པའོ།།རྟགས་ནི།རབ་བྱུང་གི་རྟགས་ཆ་ལུགས་དང་ལྡན་པ་སྟེ།གོས།སྣོད་སྤྱད།ལུས་ཀྱི་བྱི་བྱད་ཀྱི་རྟགས་གསུམ་མོ།།བསམ་པ་ལ་ལྔ་སྟེ། སེམས་རང་བཞིན་དུ་གནས་པ།རྒྱུའི་ཀུན་སློང་ཐོབ་འདོད།དུས་ཀྱི་ཀུན་སློང་ཐོབ་ཤེས༑འགལ་རྐྱེན་ངེས་པ་ལྔ་བྲལ།དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་ཟིན་པའོ།།ངེས་པ་ལྔ་ནི།སེམས་ཅན་ངེས་པ།ཡན་ལག་ངེས་པ།ཡུལ་ངེས་པ།དུས་ངེས་པ།ཚེ་ངེས་པ་སྟེ་ལྔའོ།།ཕྱི་མ་ལ།གནས་སྐབས་ངེས་པ་ཞེས་ཀྱང་ཟེར་རོ།།ཆོ་ག་ནི།སྦྱོར་བ་བཤད་ཟིན། དངོས་གཞི་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་དགེ་ཚུལ་དུ་ཁས་ལེན་པའི་སྔགས་ཚིག་ལན་གསུམ་བརྗོད་པ༑ཐབས་ལེགས་བྱ་བ་རྣམས་ཡིན་ལ།འདིའི་དུམ་བུ་གསུམ་ནི་སྔར་ལྟར་རོ།།མཇུག་ནི།དུས་གོ་བརྗོད་པ་དང༌།བསླབ་པ་བརྗོད་པ་སྟེ་གཉིས་སོ།།
ཞར་བྱུང་བླ་མའི་རྣམ་བཞག་ལ། མཁན་སློབ་སྤྱིའི་མཚན་ཉིད་དྲུག་ནི། ཚུལ་ཁྲིམས་དང་ལྡན་པ།འདུལ་བའི་ཆོ་ག་ཤེས་པ།ནད་པར་སྙིང་བརྩེ་བ།ནང་འཁོར་དག་པ།ཆོས་དང་ཟང་ཟིང་གིས་ཕན་འདོགས་པ།དུས་སུ་འདོམས་པའོ།།མཁན་པོ་ནི་གསུམ་སྟེ།རབ་བྱུང་གི་མཁན་པོ།དགེ་སློབ་མའི་མཁན་པོ།དགེ་སློང་གི་མཁན་པོའོ།།སློབ་དཔོན་ནི་བདུན་ཏེ། བསྙེན་གནས་ཀྱི་སློབ་དཔོན།དགེ་བསྙེན་གྱི་སློབ་དཔོན།དགེ་ཚུལ་གྱི་སློབ་དཔོན།གསང་སྟེ་སྟོན་པའི་སློབ་དཔོན། ལས་བྱེད་པའི་སློབ་དཔོན།ཀློག་པའི་སློབ་དཔོན།གནས་ཀྱི་སློབ་དཔོན་ནོ༑༑འགའ་ཞིག་ཏུ་འཕྲིན་ཆོག་གི་སློབ་དཔོན་བགྲང་བ་ཡང་ཡོད་དོ།།ལས་སློབ་ནི་གསུམ་སྟེ།དགེ་སློབ་མའི་ལས་སློབ།ཚངས་སྤྱོད་ཉེར་གནས་ཀྱི་ལས་སློབ།བསྙེན་རྫོགས་ཀྱི་ལས་སློབ་རྣམས་སོ།ཚིགས་ཕྱི་མ་དགེ་སློང་དུ་བསྒྲུབ་པའི་ཆོ་ག་ལ།ཡུལ་ནི།མཁན་པོ་དང༌།སློབ་དཔོན་དང༌། དགེ་འདུན་ནོ།།དེ་ཡང་ཡུལ་དབུས་སུ་བཅུ་ཚོགས་དང༌།མཐའ་འཁོབ་ཏུ་ལྔ་ཚོགས་སོ།།དགེ་སློང་མ་ལ་ཕ་མ་གཉིས་ཀའི་དགེ་འདུན་དགོས་སོ།། དགེ་འདུན་རྣམས་མི་མཐུན་པ་གཉིས་དང་བྲལ་བ། ཁ་སྐོང་གི་ཆོས་དང་ལྡན་པ་ཞིག་དགོས་ལ།མི་མཐུན་པ་གཉིས་ནི།མ་འདུས་པའི་མི་མཐུན་པ། འདུས་པ་ཕྱིར་ལོག་གི་མི་མཐུན་པ་གཉིས་སོ།།སྒྲུབ་བྱ་ནི།སྐྱེ་བའི་བར་ཆད་དང་མི་ལྡན་པ།ཡོ་བྱད་དྲུག་ཚང་བ། བསམ་པའི་ཁྱད་པར་ལྔ་ལྡན།ཚིགས་སྔ་མ་སྔོན་དུ་སོང་བ་སྟེ་ཁྱད་པར་བཞི་ལྡན་ནོ།།
བསྙེན་པར་རྫོགས་ཚུལ་དངོས་ལ།མངོན་གྱུར་བཅུ་ནི།སྟོན་པ་མངོན་དུ་གྱུར་པ། སངས་རྒྱས་མངོན་དུ་གྱུར་པ།ཆོས་མངོན་དུ་གྱུར་པ།མཁན་པོ་མངོན་དུ་གྱུར་པ།སློབ་དཔོན་མངོན་དུ་གྱུར་པ།བསྙེན་པར་རྫོགས་པ་མངོན་དུ་གྱུར་པ།བསྙེན་པར་རྫོགས་པའི་ཡོ་བྱད་མངོན་དུ་གྱུར་པ༑ཡོངས་སུ་དག་པ་མངོན་དུ་གྱུར་པ།གསོལ་བ་མངོན་དུ་གྱུར་པ།ལས་མངོན་དུ་གྱུར་པ་རྣམས་སོ།།ཆོ་གའི་ཁྱད་པར་ལ་སྦྱོར་དངོས་འཇུག་གསུམ་ལས།སྦྱོར་བའི་ཁྱད་པར་བརྒྱད་ནི། མཁན་པོས་ལས་བྱེད་པ་སོགས་ལ་གསོལ་བ།སྒྲུབ་བྱས་མཁན་པོར་གསོལ་བ།ཆོས་གོས་སོགས་བྱིན་གྱིས་བརླབས་ནས་སྟེར་བ།ལྟུང་བ་བྱིན་རླབས་དང་གནས་ལ་བློ་མཐུན་བགྱི་བ།བཀར་ནས་གསང་སྟོན་གསོལ་བའི་ལས་ཀྱིས་བསྐོ་བ།གསང་སྟོན་གྱིས་ལྐོག་ཏུ་བར་ཆད་དྲིས་ཤིང་ནང་དུ་འོངས་ནས་ཞུ་བ།ལས་བྱེད་པས་བརྡའ་སྤྲོད་ནས་དགེ་འདུན་ལ་གསོལ་བ།བར་ཆད་འདྲ་བའི་གསོལ་བ་བྱས་ནས་ནང་དུ་བར་ཆད་དྲི་བའོ།། དངོས་གཞི་ནི།གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ།།མཇུག་ལ་དུས་གོ་བརྗོད་པ་དང༌།གདམས་ངག་བརྗོད་པ་གཉིས་ལས།   སྔ་མ་ལ་རྟེན་བསྒོས་པའི་དགེ་སློང་གིས།དུས་མཇུག་སྡུད་ཀྱི་དེ་མ་ཐག་ཏུ།ལས་ཐུར་མ་སོར་བཞིས་གྲིབ་ཆོད་གཞལ་ནས།བརྗོད་ཚུལ་དངོས་པོ་བདུན་བརྗོད་པའི་སྒོ་ནས་བསྙེན་པར་རྫོགས་པའི་དུས་གོ་བར་བྱེད་པ་སྟེ་བཞིའོ།།བརྗོད་པའི་དངོས་པོ་ནི་བདུན་ཏེ།ལོ།དུས།ཟླ་བ།   ཟླ་བའི་ངོ༌། ཚེས་གྲངས།ཉིན་མཚན་གྱི་ཆ།གྲིབ་ཚོད་རྣམས་སོ།།ལོ་ནི་བྱི་བའི་ལོ་སོགས་བཅུ་གཉིས་དང༌། དེ་རེ་རེ་ལ་འབྱུང་བ་ལྔས་ཕྱེ་ན་དྲུག་ཅུའོ།།དུས་ནི་ལྔ་སྟེ།དགུན་གྱི་དུས།དཔྱིད་ཀྱི་དུས།དབྱར་གྱི་དུས།དབྱར་ཐུང་ངུའི་དུས།དབྱར་རིང་པོའི་དུས་སོ།།ཟླ་བ་ནི་བཅུ་གཉིས་ཏེ། མགོ། རྒྱལ།མཆུ།དབོ།ནག་པ།ས་གསྣྲོན།ཆུ་སྟོད།གྲོ་ཞུན།ཁྲུམས་སྟོད། ཐ་སྐར།སྨིན་དྲུག་གོ།།ཟླ་བའི་ངོ་ནི།ཟླ་བ་རེ་རེ་ལ་ཡང་ཡར་ངོ་མར་ངོ་གཉིས་དང༌།ཕྱོགས་གཉིས་ཏེ།ལོ་གཅིག་ལ་ངོ་དང་ཕྱོགས་ཉེར་བཞིའོ།།ཚེས་གྲངས་ནི།ཡར་ངོའི་ཚེས་བཅོ་ལྔ་དང༌།མར་ངོའི་ཚེས་བཅོ་ལྔའོ།།དེ་རེ་རེ་ལ་དགའ་བ།བཟང་པོ།རྒྱལ་བ།སྟོང་པ། རྫོགས་པ་སྟེ་ལྔ་རེ།དེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བ་རྣམས་སོ།།ཉིན་མཚན་གྱི་ཆ་ནི་ཉེར་གཉིས་ཏེ༑ སྐྱ་རེངས་ཤར་བ།ཉི་མ་མ་ཤར་བ།ཉི་མ་ཤར་བ།ཉི་མའི་བརྒྱད་ཆ་ཤར་བ།བཞི་ཆ་ཤར་བ།སྔ་དྲོ།གུང་ཚིགས་མ་ཡོལ་བ།གུང༌།ཕྱི་དྲོ།ཉི་མ་བཞི་ཆ་ལུས་པ།བརྒྱད་ཆ་ལུས་པ།ཉི་མ་མ་ནུབ་པ།ཉི་མ་ནུབ་པ།རྒྱུ་སྐར་མ་ཤར་བ་སྟེ་ཉིན་མོའི་ཆ་ཤས་བཅུ་བཞི། རྒྱུ་སྐར་ཤར་བ།མཚན་མོའི་ཐུན་དང་པོ།ཐུན་དང་པོའི་ཕྱེད།གུང་ཐུན།གུང་ཐུན་གྱི་ཕྱེད། ཐུན་ཐ་མ།ཐུན་ཐ་མའི་ཕྱེད།སྐྱ་རེངས་མ་ཤར་བ་སྟེ་མཚན་མོའི་ཆ་ཤས་བརྒྱད་དེ་བསྡོམས་ན་ཉེར་གཉིས་སོ།།གྲིབ་ཚོད་ནི།ཐུར་མ་སོར་བཞི་པས་གཞལ་བའི་གྲིབ་མ་སོར་བཞི་ལ་སྐྱེས་བ།སོར་གཅིག་ལ་རྩ་བའམ་རྐང་པ་ཞེས་ཟེར་རོ།གདམས་ངག་བརྗོད་པ་ལ་བཅུ་གཅིག་སྟེ།ཚངས་སྤྱོད་ཀྱི་གནས་བརྗོད་པ།ལྟུང་བ་བརྗོད་པ།དགེ་སྦྱོང་གི་ཆོས་བརྗོད་པ།མཆོག་ཏུ་འདོད་པ་ཉིད་གྱིས་རྫོགས་པ་བརྗོད་པ།ཚུལ་ཁྲིམས་ཀྱིས་མཉམ་པ་བསྒྲུབ་པ་བརྗོད་པ།འཇིག་རྟེན་གྱི་ཚུལ་དང་འབྲེལ་བའི་མཐུན་པ་བརྗོད་པ།དུལ་བར་གནས་པ་བརྗོད་པ།དགོས་པ་རྗེས་སུ་བསྒྲུབ་པ་བརྗོད་པ། མ་བརྗེད་པ་ཡང་དག་པར་ཤེས་པ་བསྒྲུབ་པ་བརྗོད་པ།གུས་པ་ལ་སྦྱར་བ་བརྗོད་པ།བསྒྲུབ་པའི་ཐབས་ངེས་པ་བརྗོད་པའོ།།དགེ་སློང་མ་ལ་དེའི་སྟེང་དུ་ལྕི་པའི་ཆོས་བརྗོད་པ་བསྣན་ནས་བཅུ་གཉིས་སུ་བཤད་དོ།།དགེ་བསྙེན་མ།རབ་བྱུང་མ།དགེ་ཚུལ་མ་གསུམ་གྱི་ཆོ་གའི་ཁྱད་པར་ནི་ཕ་དང་འདྲ།
དགེ་སློབ་མའི་སྡོམ་པ་ལ།རྟེན་གྱི་ཁྱད་པར་ནི་ཁྱིམ་སོ་མ་བཟུང་ན་ལོ་བཅོ་བརྒྱད་དང༌།བཟུང་ན་ལོ་བཅུ་ལོན་པའི་དགེ་ཚུལ་མའོ།།ཡུལ་གྱི་ཁྱད་པར་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང༌། མཐའ་འཁོབ་ཏུ་དགེ་སློང་མ་དྲུག་གོ།།དངོས་གཞི་ནི་གསོལ་གཉིས་ཀྱི་ལས་ཀྱིས་སྟེར་བའོ།།མཇུག་དུས་གོ་དང་གདམས་ངག་བརྗོད་པ་གཉིས་སོ།། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ལ།རྟེན་གྱི་ཁྱད་པར་དགེ་སློབ་མའི་སྡོམ་པ་ལོ་གཉིས་སྤྱད་པ།ཁྱིམ་སོ་བཟུང་ན་ལོ་བཅུ་གཉིས།མ་བཟུང་ན་ཉི་ཤུ་ལོན་པའོ།།ཡུལ་ནི་སྔ་མ་དང་འདྲ་ལ།གསང་སྟོན་མས་ལྐོག་ཏུ་བར་ཆད་དྲི་བ།ལས་སློབ་མས་བུའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་རྣམས་སྦྱོར་ཆོག་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་ཀྱིས་སྟེར་རོ།།དགེ་སློང་མ་ལ་རྟེན་གྱི་ཁྱད་པར་སྔ་མ་དང་འདྲ། ཡོ་བྱད་ཀྱི་ཁྱད་པར་ཆོས་གོས་སྨད་ལྔ་དང་ལྡན་པ།ཡུལ་གྱི་ཁྱད་པར་གཉིས་ཀའི་དགེ་འདུན་ནོ།།གཞན་རྣམས་ཕ་དང་འདྲ་ལ། མཇུག་ཆོག་གདམས་ངག་གི་སྐབས་སུ་ཤིང་དྲུང་པ་མ་གཏོགས་པ་རྣམས་བརྗོད་པར་བྱའོ།།གཉིས་པ་ཐོབ་པ་མི་ཉམས་པར་སྲུང་བ་ནི།དགེ་བའི་བཤེས་གཉེན་ལ་བསྟེན་ཏེ་སྲུང་བ་ལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号