ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ལྟུང་བ་སྡེ་ལྔའི་སྐོར་ནི། སྤྱིར་ལྟུང་བ་ལ། རང་བཞིན་གྱི་ལྟུང་བ་དང༌། བཅས་པའི་ལྟུང་བ་གཉིས། རྟེན་གྱི་སྒོ་ནས་ཕ་མའི་གཉིས། སྡེ་ཚན་གྱི་སྒོ་ནས་ཕམ་པ་སོགས་ལྔ་རྣམས་སུ་ཡོད་ལ། བསྡུས་ན་དངོས་བསམ་གྱི་སྒོ་ནས་དངོས་པོ་གཙོ་ཆེ་བའི་ལྟུང་བ། འདུ་ཤེས་གཙོ་ཆེ་བའི་ལྟུང་བ་གཉིས་སྦྱོར་བའི་སྒོ་ནས་ན་རེ་བ། སྐད་ཅིག་མ་གཉིས། ངོ་བོའི་སྒོ་ནས་མི་དགེ་བ་དང༌།ལུང་མ་བསྟན་གཉིས༑    མཐར་ཐུག་འགྲུབ་ཚུལ་གྱི་སྒོ་ནས་ཡིད་ཀྱི་ཀུན་སློང་ཙམ་གྱིས་འགྲུབ་པ་དང་མི་འགྲུབ་པ་གཉིས།   གཞིའི་སྒོ་ནས་སེམས་ཅན་ལ་བརྟེན་པ་དང༌། སེམས་ཅན་མ་ཡིན་པ་ལ་བརྟེན་པ་གཉིས། བྱེད་པའི་སྒོ་ནས་རང་གིས་བསྒྲུབ་དགོས་པ་དང༌། གཞན་ལ་བཅོལ་བས་ཀྱང་འགྲུབ་པ་གཉིས། ལུས་ངག་གི་སྒོ་ནས་ལུས་དང་ངག་གི་ལྟུང་བ་གཉིས། བྱ་བའི་སྒོ་ནས་བྱ་རུང་བ་མི་བྱེད་པ་དང་། བྱ་མི་རུང་བ་བྱེད་པ་གཉིས་རྣམས་སོ།།མ་བསྲུངས་པའི་ཉེས་དམིགས་བཅུ་ནི། ཚུལ་ཁྲིམས་ཉམསཔས་བདག་སྨད་པ། ལྷ་དང་སྟོན་པས་སྨད་པ། མཁས་པས་སྨད་པ།   ཆོས་ཉིད་ཀྱིས་སྨད་པར་འོས་པ། ཕྱོགས་མཚམས་སུ་མི་སྙན་པའི་སྒྲ་གྲག་པ། མ་རྟོགས་པའི་ཆོས་མི་རྟོགས་པ།   རྟོགསཔའི་ཆོས་རྣམས་ཉམས་པ།འགྱོད་བཞིན་ཚེའི་དུས་བྱེད་པ། ཤི་བའི་འོག་ཏུ་ངན་འགྲོར་ལྟུང་བའོ། །བསྲུངས་པའི་ཕན་ཡོན་བཅུ་ནི། བསླབ་པ་གསུམ་གྱི་རིམ་པས་མྱ་ངན་ལས་འདས་པ་འཐོབ་པ།འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ། ཕྱོགས་ཕྱོགས་སུ་སྙན་གྲགས་ཀྱིས་ཁྱབ་པ། བདེ་བར་གཉིད་ལོག་ཅིང་སད་པར་འགྱུར་བ། རྟག་ཏུ་ལྷ་རྣམས་ཀྱིས་སྲུང་བ། སྡིག་པས་འཇིགས་དངངས་མེད་པ། དགྲ་བོས་ཀྱང་གླགས་མི་རྙེད་ཅིང་ཕན་འདོགས་པ། གནོད་སྦྱིན་དང་མི་མ་ཡིན་གྱིས་མི་གནོད་ཅིང་ཕན་འདོགས་པ། ཆོས་གོས་ལ་སོགས་པ་ཚེགས་ཆུང་ངུས་འཐོབ་པ། སྨོན་ལམ་ཡང་དག་པར་འགྲུབ་པ་རྣམས་སོ། །ལྟུང་བ་བསྐྱེད་པའི་རྟེན་ནི། སོ་ཐར་གྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ༑ མེད་མི་རུང་གི་སྦྱོར་བ་ནས་མཇུག་གི་བར་བསླབ་ཚིགས་གཅིག་པ། དེའི་བར་སྡོམ་རྒྱུན་གཅིག་པ། ལས་དང་པོ་པ་མ་ཡིན་པ་སྟེ་བཞིའོ། ལྟུང་བ་རེ་རེ་ལའང་དངོས་གཞིའི་ལྟུང་བ། སྦྱོརབའི་ལྟུང་བ། སྦྱོར་བའི་སྦྱོར་བའི་ལྟུང་བ་སྟེ་གསུམ་གསུམ་དང༌། ལྟུང་བའི་རྒྱུ་ལས་སེམས་བསྲུང་ཚུལ་གྱི་བསླབ་བྱ་ཅི་རིགས་པས་བཤད་དོ།།                
ལྟུང་བ་སྡེ་ལྔའི་དང་པོ་ཕམ་པའི་སྡེ་ལ་བཞི་སྟེ། མི་ཚངས་པར་སྤྱོད་པ། མ་བྱིན་པརལེན་པ། སྲོག་གཅོད་པ། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་བཞིའོ། །གཉིས་པའི་རྫས་བདག་ལ་བཞི་སྟེ་བསམ་སྦྱོར་གྱིས་བདག་པོར་གྱུར་པ།ཡུལ་ཆོས་ཀྱིས་བདག་པོར་གྱུར་པ། རིགས་རྒྱུད་ཀྱིས་བདག་པོར་གྱུར་པ། སངས་རྒྱས་ཀྱི་བཀའ་སྩལ་བས་བདག་པོར་གྱུར་པའོ། ། དགེ་འདུན་ལ་དབང་ཚུལ་ལ་གསུམ་སྟེ། དུས་ཀྱི་རྙེད་པའི་དབང་ཚུལ། གློ་བུར་གྱི་རྙེད་པའི་དབང་ཚུལ། ཤི་བའི་ཡོ་བྱད་རྙེད་པའི་དབང་ཚུལ་ལོ།  ། རིན་ཐང་ཚང་བ་ལའང་དྲུག་སྟེ། བརྐུ་བའི་གནས་དེར་རིན་ཐང་ཚང་རྐུ་བའི་དུས་སུ་རིན་ཐང་ཚང་པ། བརྐུ་བྱ་ལ་ལྟོས་ཏེ་རིན་ཐང་ཚང་བ། རྐུ་བྱེད་ལ་ལྟོས་ཏེ་རིན་ཐང་ཚང་བ།   སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་བ།   རིན་ཐང་ཚང་བའི་ཚད་རྣམས་སོ།ཚད་ནི་འགྲོན་བུ་ཉི་ཤུ་ལ་ཀ་ཀ་ནི་གཅིག དེ་བཞི་ལ་མ་ཤ་ཀ་གཅིག དེ་ལྔ་ནི་ཀར་པ་ཎིའི་བཞི་ཆའོ། །ཀརྴ་པ་ཎ་དང༌།པ་ཎ་དང། ན་ན་ཀ་ནི་མིང་གི་རྣམ་གྲངས་སོ།  །རྐུ་བའི་ཀུན་སློང་ནི་ཁྱད་པར་དྲུག་སྟེ། གཞན་གྱི་ཡིན་པ་དང༌། མ་བྱིན་པ།རང་དོན་དུ། འཚོ་བའི་དོན་དུ། གཏན་དུ་འབྲལ་འདོད་པ། བསམ་པ་རྒྱུན་མ་ལོག་པའོ། །མང་པོས་རྐུ་ན། འཇོག་རྫས་ཀྱི་ཆེད་དུ་རྐུ་བ་དང༌། བགོད་རྫས་ཀྱི་ཆེད་དུ་རྐུ་བ་གཉིས་སོ།   །ཕམ་པ་གསུམ་པའི་སྐབས་ཀྱི་མིའམ་མིར་ཆགས་པ་གཉིས་ཀྱི་ཕྱི་མ་ནི། མེར་མེར་པོ། ནུར་ནུར་པོ། ལྟར་ལྟར་པོ།འཁྲང་འགྱུར་རོ།།མི་ནི་རྐང་ལག་འགྱུས་པ། བྱིས་པ། གཞོན་ནུ། དར་ལ་བབ་པ། བར་མ། རྒན་པོ་རྣམས་སོ།  །ཕམ་པ་བཞི་པ་ལ། བསམ་གཟུགས་བརྒྱད། མངོན་ཤེས། ཟིལ་གནོན། འདུ་ཤེས་ཉི་ཤུ། ཞུགས་འབྲས་བརྒྱད་དང༌།   སྒྲིབ་པ་ལྔ་སྤངས་པའི་ཡོན་ཏན་སོགས་གང་རུང་མ་ཐོབ་བཞིན་དུ་ཐོབ་པར་སྨྲ་བའོ། །
ཞར་བྱུང་སྦོམ་པོ་ལ། སྒྲས་བརྗོདཀྱིས་དབྱེ་ན། ཉེས་པ་སྦོམ་པོ་དང༌། དམན་པ་སྦོམ་པོ་གཉིས་སོ། །ཡང་སྦྱོར་བའི་སྦོམ་པོ། སྦྱོར་བའི་རྣམ་པའི་སྦོམ་པོ། དངོས་གཞིའི་སྦོམ་པོ། དངོས་གཞིའི་རྣམ་པའི་སྦོམ་པོའོ། །སེལ་བ་ལ་གཞི། བསམ་པ། ཀུན་སློང༌།སྦྱོར་བ། མཐར་ཐུག་གི་སེལ་བ་ལྔ། ཡང་ན་སྨད། ཆེས་ན་སྨད།ཤིན་ཏུ་ན་སྨད།ལྟུང་མེད་དེ་བཞི།བཅས་པ་འབའ་ཞིག་གི་ལྟུང་མེད་ལ། དགག་བྱ་ཉེས་དམིགས་མེད་པས་ལྟུང་མེད། སྒྲུབ་མི་ནུས་པས་ལྟུང་མེད། བག་ཡངས་དང་འབྲེལ་བས་ལྟུང་མེད། རྐྱེན་དགོས་ཀྱིས་ལྟུང་མེད་དེ་བཞིའོ། ། གཉིས་པ་དགེ་འདུན་ལྷག་མའི་སྡེ་ལ་བཅུ་གསུམ་སྟེ། ཁུ་བ་འབྱིན་པ། ལུས་ཀྱིས་རེག་པ། འཁྲིག་ཚིག་སྨྲ་པ། བསྙེན་བཀུར་བསྡགས་པ། སྨྱན་བྱེད་པ། ཁང་པ་བྱེད་པ།  ཁང་ཆེན་བྱེད་པ། གཞི་མེད་སྐུར་འདེབས། བག་ཙམ་སྐུར་འདེབས། དགེ་འདུན་དབྱེན་བྱེད་པ། དེའི་རྗེས་སུ་ཕྱོགས་པ།  ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བའོ། །གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་སྤང་ལྟུང་དང༌། ལྟུང་བྱེད་འབའ་ཞིག་པ་གཉིས། དང་པོ་ལ་བཅུ་ཚན་གསུམ་ལས། བཅུ་ཚན་དང་པོ་ནི། འཆང་བའི་སྤང་ལྟུང༌། དེ་བཞིན་དུ་སྦྱར་ཏེ། འབྲལ་བའི། འཇོག་པའི།འཁྲུར་འཇུག་གི། ལེན་པའི། སློང་བའི།  །སློང་བར་རིགས་པ་སློང་བའི། སྦགས་པ་སློང་བའི། སོ་སོ་ནས་སྦགས་པ་སློང་བའི།རིན་བསྐུར་བའི་སྤང་ལྟུང་སྟེ་བཅུའོ། །དེའི་གསུམ་པའི་སྐབས་ཀྱི་ཤན་གྱི་རྣམ་བཞག་ལ།  ཤན་དང༌།  རྗེས་ཞུགས། རྒྱུན་འབྲེལ། ཤུགས་རྣམས་དོན་གཅིག་ལ། དབྱེ་ན། གོས་ཀྱི་ཤན། ལྟུང་བཟེད་ཀྱི་ཤན།  སྨན་གྱི་ཤན། ལྟུང་བའི་ཤན་དང་བཞི། གོས་ལ་ཞག་བཅུ་པ་དང༌། ཟླ་འཇོག་གི་ཤན་གཉིས། བསྡུ་ན། རྫས་ཤན། ལྟུང་ཤན་གཉིས།  ཡང་ན་ཞག་ཤན། སྤང་ཤན། ལྟུང་ཤན་གསུམ་མོ།  རྫས་ཤན། ཞག་ཤན། དུས་ཤན་གསུམ་དོན་གཅིག དེ་ལ་ཁྱད་པར་ཅན་དང༌།   ཁྱད་པར་ཅན་མ་ཡིན་པ་གཉིས།བརྡེག་བྱ་བརྡེག་བྱེད་ཀྱི་ཤན་འདྲེས་ཚུལ་ལ་དུས་མཉམ་པའི་ཤན་དང༌། དུས་མི་མཉམཔའི་ཤན་འདྲེས་ཚུལ་གཉིས་སོ།  །བཅུ་ཚན་གཉིས་པ་ལ། སྲིན་བལ་གྱི། བལ་ནག་འབའ་ཞིག་གི། ཆ་གཉིས་བསྲེ་བའི། ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི། མཐོ་གང་གི།  བལ་འཁུར་བའི། བལ་རྨེལ་དུ་འཇུག་པའི། གསེར་དངུལ་ལེན་པའི། མངོན་མཚན་ཅན་གྱི། ཉོ་ཚོང་བྱེད་པའི་སྤང་ལྟུང་སྟེ་བཅུའོ། །བཅུ་ཚན་གསུམ་པ་ལ། ལྟུང་བཟེད་འཆང་བའི།  ལྷུང་བཟེད་འཚོལ་བའི།འཐག་ཏུ་འཇུག་པའི། འཐག་པ་སྐྱེད་པའི། བྱིན་འཕྲོག་གི། བརྡང་པ་ལས་བྱུང་བའི། ཞག་བདུན་གྱི་འབྲལ་བའི།  དབྱར་གྱི་གོས་རས་ཆེན་གྱི། བསྔོས་བསྒྱུར་གྱི། གསོག་འཇོག་གི།  སྤང་ལྟུང་སྟེ་བཅུའོ། འདིའི་དྲུག་པ་ལ་དབྱེ་ན། དབྱར་རྙེད་བདག་གིར་བྱ་བ་སྔས་པ་དང༌།བགོ་བ་སྔས་པ་དང་།  བཞག་པ་འཕྱིས་པའི་སྤང་ལྟུང་གསུམ། བརྒྱད་པ་ལ་ཡང༌། རས་ཆེན་བཙལ་བ་སྔས་པ་དང༌།བཞག་པ་འཕྱིས་པའི་སྤང་ལྟུང་གཉིས་སོ། །གཉིས་པ་ལྟུང་བྱེད་འབའ་ཞིག་ལ་བཅུ་ཚན་དགུ་ལས། བཅུ་ཚན་དང་པོ་ནི། རྫུན་སྨྲ་བའི་ལྟུང་བྱེད། དེ་བཞིན་དུ་སྦྱར་ཏེ། སྐྱོན་ནས་སྨྲ་བའི། ཕྲ་མ་བྱེད་པའི། སྐྱོ་སྔོགས་བྱེད་པའི། ཁྱིམ་པ་མོ་ལ་ཆོས་སྟོན་པའི།འདོན་པའི།གནས་ངན་ལེན་བརྗོད་པའི། མི་ཆོས་བླ་མ་བདེན་པར་སྨྲ་བའི། བཤེས་ངོར་བྱས་སོ་ཤེས་སྐུར་བ་འདེབས་པའི། ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བཅུའོ། །བཅུ་ཚན་གཉིས་པ་ནི། ས་བོན་འཇིག་པའི།འཕྱ་བའི། སྒོ་བ་རྣ་ལ་གཟོན་པའི། གནས་མལ་གྱི། གདིང་བའི།སྐྲོད་པའི། ཕྱིས་གནོན་བྱེད་པའི། རྩ་བ་འབྱུང་བ་ལ་འདུག་པའི།འདེབས་པའི། རིམ་པ་ལྷག་པར་བྱེད་པའི་ལྟུང་བྱེད་དེ་བཅུའོ། །བཅུ་ཚན་གསུམ་པ་ནི། མ་བསྐོས་པར་སྟོན་པའི། ཉི་མ་ནུབ་ཀྱི་བར་དུ་སྟོན་པའི། ཟས་ཀྱི་ཕྱིར་བསྟན་པར་སྐུར་བ་འདེབས་པའི། གོས་བྱེད་པའི། གོས་སྦྱིན་པའི། དགེ་སློང་མ་དང་ལྷན་ཅིག་ལམ་དུ་འཇུག་པའི། དེ་དང་ལྷན་ཅིག་གྲུར་འཇུག་པའི། བུད་མེད་དང་ལྷན་ཅིག་འདུག་པའི། དགེ་སློང་མ་དང་ལྷན་ཅིག་འགྲེང་བའི། དགེ་སློང་མས་སྦྱོར་དུ་འཇུག་པའི་ལྷུང་བྱེད་དེ་བཅུའོ། །བཅུ་ཚན་བཞི་པ་ནི།ཡང་ཡང་ཟ་བའི། འདུག་གནས་སུ་ཟ་བའི། ཚད་ལས་ལྷག་པར་ལེན་པའི། སྤངས་པ་ཟ་བའི།སྤངས་པ་སྟོབ་པའི། འདུས་ཤིང་ཟ་བའི། དུས་མ་ཡིན་པར་ཟ་བའི། གསོག་འཇོག་ཟ་བའི།  བྱིན་ལེན་མ་བྱས་པར་ཟ་བའི། བསོད་པ་སློང་བའི་ལྟུང་བྱེད་དེ་བཅུའོ། །འདིའི་བརྒྱད་པ་ལ་ཆ་ལ་བརྟེན་པའི་ཉེས་པ་ནི། བརྩམས་ལྡང་གི་ཉེས་བྱས་དང༌། ལག་ཉ།  འཚམས་བཙོས། ཞག་ལོན། དགེ་སློང་གིས་རྗེན་པར་བཙོས་པའི་ཉེས་པ་བཞི་དང༌།དེ་བཞི་ཟ་བའི་ཉེས་པ་བཞི་དང་བརྒྱད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号