ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐབས་དོན་འཕྲིན་གསར། > སློབ་རའི་གསར་འགྱུར།
༄༅། །ཞོན་ཧྭ་བོད་ཡིག་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ།
སྤེལ་དུས།09-25  ཡོང་ཁུངས།  རྩོམ་པ་པོ།

 381473ba3e82f67483919e7190d16318.jpg

ཞོན་ཧྭ་བོད་ཡིག་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཟླ་9་ཚེས་25དང་26གཉིས་ལ་ཞོན་ཧྭ་བོད་ཡིག་སློབ་འབྲིང་དུ་བསྡུས། ཞོན་ཧྭ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་མི་སྣ་དང་། མི་རིགས་སློབ་ཆེན་ཁག་གི་ཚབ་བྱེད་མི་སྣ། ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་སྔོན་ཆད་ཀྱི་སློབ་གཙོ་རིམ་པ། འབྲེལ་ཡོད་ཐེབས་རྩ་ཚོགས་པ། དེ་མིན་ད་དུང་ས་ཆ་སོ་སོའི་སློབ་འབྲིང་ཁག་མང་པོ་བཅས་ཀྱི་འཐུས་ཚབ་མི་སྣ་སོགས་ཁྱོན་བསྡོམས་སྐུ་མགྲོན་བརྒྱ་ལྷག་མཛད་སྒོར་ཞུགས་ཡོད་པ་རེད།

    ཐེངས་འདིར་ཞོན་ཧྭ་བོད་ཡིག་སློབ་འབྲིང་གིས་སློབ་གྲྭ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་འབྲེལ་ནས་གྱ་ནོམ་པའི་རིག་རྩལ་འཁྲབ་སྟོན་བྱས་པ་མ་ཟད། ཞོན་ཧྭ་བོད་ཡིག་སློབ་འབྲིང་ནས་མཐར་ཕྱིན་ཅིང་འབུམ་རམས་པའི་བསླབ་གནས་བླངས་ཡོད་པའི་སློབ་མ་དག་དང་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་༼ གནས་བབ་དང་བསམ་གཞིག༽ཅེས་པ་བརྗོད་གཞི་བྱས་ཏེ་བཞུགས་མོལ་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་སློབ་གསོའི་གནས་བབ་དང་མ་འོངས་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་དང་འབྲེལ་ནས་བགྲོ་གླེང་བྱས།

20150929200527.jpg

   

ཞོན་ཧྭ་བོད་ཡིག་སློབ་འབྲིང་ནི་སྤྱི་ལོ་1985ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་རླབས་ཆེན་གྱི་ཐུགས་བཀོད་ལྟར། ཞིང་ཆེན་དང་ས་ཁུལ། རྫོང་རིམ་པ་གསུམ་གྱི་ཏང་དང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་བཙུགས་པ་ཞིག་ཡིན་ལ། ཞོན་ཧྭ་བོད་ཡིག་སློབ་འབྲིང་ཅེས་པའི་མིང་འདི་ཡང་པཎ་ཆེན་བཅུ་བ་མཆོག་གིས་གསོལ་ཞིང་། པཎ་ཆེན་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་དང་ང་ཕོད་རྣམ་གཉིས་ཀྱིས་དངོས་སུ་ཕྱག་བྲིས་གནང་བ་ཡིན་འདུག

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཞོན་ཧྭ་བོད་ཡིག་སློབ་འབྲིང་གིས་སློབ་གྲྭ་ཆེ་འབྲིང་ཁག་ཏུ་ཚད་ལྡན་གྱི་སློབ་མ་3600ལྷག་བསྐྱལ་བ་དང་། དེའི་ཁྲོད་དུ་རབ་འབྱམས་པའི་བསླབ་གནས་བླངས་དང་ལེན་བཞིན་པའི་སློབ་མ་200ལྷག་དང་། འབུམ་རམས་པའི་བསླབ་གནས་གཉེར་དང་གཉེར་ཟིན་པའི་སློབ་མ་22 ཡོད་པ་རེད།

ཐེངས་འདིའི་མཛད་སྒོ་བརྒྱུད་ནས་ཞོན་ཧྭ་བོད་ཡིག་སློབ་འབྲིང་གིས་པཎ་ཆེན་བཅུ་བ་ཆེན་མོའི་བླ་མེད་ཀྱི་མཛད་རྗེས་དང་། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་མཛུབ་སྟོན་དང་རྒྱབ་སྐྱོར། ལོ་ངོ་སུམ་ཅུའི་རིང་གི་ཕུལ་དུ་བྱུང་བའི་སློབ་གསོའི་གྲུབ་འབྲས་བཅས་ལ་ཕྱིར་དྲན་བྱས་ཤིང་། གོམ་གང་མདུན་སྤོས་ཀྱིས་སློབ་གསོ་ལེགས་བཅོས་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་ཡིད་ཆེས་གསར་བ་བསྣན།

ཉིན་གཉིས་ཀྱི་རིང་ལ། མཛད་སྒོའི་རིམ་པ་དང་། རིག་རྩལ་འཁྲབ་སྟོན་གྱི་རིམ་པ། བགྲོ་གླེང་གི་རིམ་པ། སློབ་རའི་ནང་ཁུལ་གྱི་བྱ་འགུལ་རིམ་པ་བཅས་རིམ་པ་རེ་རེ་བདེ་ལེགས་ངང་སྤེལ་བ་དང་། ཚེས་26ཉིན་གྱི་ཕྱི་དྲོར་ཡོངས་སུ་མཇུག་རྫོགས་པ་རེད། ༼ གསར་འགོད་པ་ལྕགས་ཐར་ཚེ་རིང་དང་གནམ་སྐྱབས་རྒྱལ་གཉིས་ཀྱིས་བཀོད་པ་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བ་ལས་དྲངས། ༽

 

 

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号