སློབ་ཚན་འདིར་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ངོ་སྤྲོད་བྱས་ཡོད་ལ། ཁོང་གི་མཛད་རྗེས་གཙོ་བོ་གང་དག་ཡིན་པར་ང་ཚོས་རྒྱུས་ལོན་བྱ་དགོས།
ཁོང་ནི་སྤྱི་ལོ༡༡༨༢ལོར་ཡབ་དཔལ་ཆེན་འོད་པོ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ས་སྐྱར་སྐུ་འཁྲུངས།སྤྱི་ལོ༡༢༥༡ལོར་ལ་ལང་གྲུར་སྐུ་གཤེགས།ཁོང་ཆུང་དུས་ཀྱི་མིང་ལ་དཔལ་ལྡན་དོན་གྲུབ་ཟེར།རྗེས་སུ་ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ།དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང༌།བཟོ་རིག་པ།སྐར་རྩིས།སྒྲ་རིག་པ།གསོ་བ་རིག་པ།ཕར་ཕྱིན།དབུ་མ།འདུལ་བ།མཛོད།གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར།དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་ཞེས་པ་རྩོད་པས་བཏུལ་ནས་རལ་བ་བྲེགས།དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲྰིབྷ་དྲ་ལས་བརྙེན་རྫོགས་ཀྱི་སྡོམ་པ་བཞེས།དགུང་ལོ་ཉེར་ལྔ་བར་ས་སྐྱའི་གདན་སའི་ཁྲིར་ཕེབས།སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱངས།དགུང་ལོ་རེ་གཉིས་པར་སོག་པོའི་རྒྱལ་བོ་ཨོ་གོ་ཏའི་སྲས་གཉིས་པ་གོ་དན་གྱི་གདན་ཞུས་ལྟར་ཚ་བོ་མགྲོ་མགོན་ཆོས་རྒྱལ་འཕགས་པ་དང།འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ལང་གྲུར་ཕེབས།དགུང་ལོ་རེ་བཞི་བར་རྒྱལ་བོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་ས་གནས་གཅིག་གྱུར་ཡོང་བར་ཕན་པའི་སྐུར་ཡིག་བོད་ལ་བཏང་ཞིང་། མེས་རྒྱལ་གཅིག་གྱུར་ཡོང་བར་མཛད་རྗེས་རླབས་ཆེན་པོ་ཆེ་འཇོག་མཁན་གྱི་རྒྱལ་གཅེས་མི་སྣ་ཞིག་ཡིན།ཁོང་གིས་རིག་གནས་བཅུའི་རྣམ་གཞག་གསར་དུ་བཏོད་ཅིང་ས་སྐྱ་གོང་མ་རྣམ་ལྔའི་ནང་བཞི་བ་ཡིན།གསུང་རྩོམ་ལ«ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས» དང་«ཚད་མ་རིག་གཏེར»«ལེགས་པ་བཤད་པ་རིན་པོ་ཆེའི་གཏེར»«གཞུང་ལུགས་ལེགས་པར་བཤད་པའི་བསྟན་བཅོས»«ཚིག་གཏེར»«རོལ་མོའི་བསྟན་བཅོས»«མཁས་པ་ལ་འཇུག་པའི་སྒོ»སོགས་མང་དུ་བཞྭགས་སོ།།

བསམ་གཞིག སྦྱང་གཞི།
༡.ས་སྐྱ་པཎ་ཆེན་གྱི་ཆུང་དུས་ཀྱི་མིང་ལ་ཅི་ཟེར།
༢. ཁོང་གི་མཛད་རྗེས་གཙོ་བོ་རགས་ཙམ་ཕྲིས།
༣. ཁོང་ལ་བརྩམས་ཁོས་ག་འདྲ་ཡོད་པ་རེད། |