ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   གང་བློ་སྙིང་རྗེ་བཟང་པོའི་གཞན་དབང་གིས། །བསྐལ་བཟང་སྒྲོན་མེའི་སྣང་བ་ཅན་གྱི་དུས། །རྒྱ་མཚོའི་གོས་ཅན་གཞིར་གནས་འགྲོ་བ་རྣམས།འཁྲིད་བཟང་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་བསྔགས་པ། རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་ནི།   སྔོན་ཡུན་རིང་པོ་ནས་བྱང་ཕྱོགས་གངས་རིའི་ཁྲོད་འདི་ཉིད་ཀྱི་ཕྱག་མཚན་དུ་བཞེས་ཏེ་སྙིགས་དུས་ཐུབ་དབང་བསྟན་པའི་སྒྲོན་མེ་འཛིན་པར་ཐུགས་བསྐྱེད་པ་ལྟར་མདོ་ཁམས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ལྷ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ཟླ་བ་བདུན་པའི་ཚེས་བཅུ་དགུའི་ཉིན་ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་འཁྲུངས།   དེའི་ཚེ་ལྷ་དང་བླ་མས་བྱིན་གྱིས་བརླབས་པའི་མཚན་ལྟས་མཁན་ཞིག་གིས་ལུང་བསྟན་པ་ལྟར་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ། དེ་འདྲ་བའི་རྒྱལ་སྲས་གཞོན་ནུ་དེ་ནི་དབུ་གདུགས་ལྟར་རྒྱས་ཤིང༌། དཔྲལ་བའི་དབྱེས་ཆེ་བ། སྤྱན་དཀྱུས་རིང་ཞིང་ཤངས་ཀྱི་གཟེངས་མཐོ་བ། སྐུའི་ཆ་ཐམས་ཅད་ལ་བཀྲ་ཤིས་པའི་རི་མོ་དུ་མ་ཡོད་པ།   བྱིས་པ་ཐ་མལ་པའི་སྤྱོད་ཚུལ་ལས་འདས་ཏེ་སྐྱིལ་ཀྲུང་བཅས་ཏེ་ཆོས་ཀྱི་དོན་སེམས་པ་དང༌།   ཆོས་འཆད་པའི་ཚུལ་སོགས་བླ་ཆེན་གྱི་སྤྱོད་ཚུལ་སྣ་ཚོགས་མཛད་པས་སྐུ་མཐོང་བ་དང་མཛད་སྤྱོད་ཀྱི་ཚུལ་ཐོས་པ་དང༌། ལྷ་དང་སྲུང་མ་མང་པོའི་ལུང་བསྟན་ཕྱོགས་ཀུན་ནས་བསྒྲགས་པས་གཽ་ཤྲྰི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་རྣམས་ཀྱིས་གཙོས་མཚོ་སྔོན་དཔོན་ཁག་རྣམས་དང༌། འཛམ་གླིང་ཡངས་པའི་ཁྱོན་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་གངས་ཅན་འགྲོ་བའི་མགོན་པོ་ནི་འདིའོ་ཞེས་གཟེངས་བསྟོད་མཛད་ཅིང༌། དེ་ལ་བརྟེན་ནས་མདོ་ཁམས་ཕྱོགས་ཀྱི་ཆོས་ཀྱི་གདན་ཁྲི་འཛིན་པའི་བླ་ཆེན་རྣམས་དང༌།སྐྱེས་རབས་དུ་མར་བྱོན་པའི་སྤྲུལ་སྐུ་རྣམས་ཀྱིས་གཙོས་མཆོག་དམན་མཐའ་དག་འུར་ལངས་ཏེ་ཞབས་ཀྱི་པདྨོ་ལ་མངོན་པར་བཏུད་ཅིང༌། ཆོས་སྡེ་ཆེ་ཕྲ་རྣམས་དང་སྡེ་དཔོན་འབངས་བཅས་ནས་ཡོ་ལངས་ཆེན་པོན་བསྙེན་བཀུར་གྱི་མཆོད་པར་བྱས་སོ།   །དེ་ནས་རྒྱལ་སྲས་གཞོན་ནུ་དེ་རྫིང་གི་པདྨ་བཞིན་དུ་བསྐྱེད་དྲག་པར་གྱུར་ཏེ་དགུང་ལོ་བཞི་ལ་བབ་པའི་ཚེ་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པས་དངོས་སུ་བྱིན་གྱིས་བརླབས་ཤིང༌།   དགུང་ལོ་ལྔ་པའི་དུས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བྱིན་གྱིས་བརླབས་པས་གློ་བུར་ཉིད་དུ་དབུས་གཙང་ཆོས་ཀྱི་ཞིང་དུ་འགྲོ་ཞེས་གསུང་བྱོན་ཞིང་དེའི་རྟེན་འབྲེལ་ཀྱང་མང་དུ་བསྒྲིག་པར་མཛད་པ་ཞིག་བྱུང༌།   སྐུ་ན་ཕྲ་མོ་དེ་ཙམ་གྱི་དུས་ནའང་དད་པས་ལྷགས་པའི་གདུལ་བྱ་དག་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་སྩོལ་བར་མཛད་ཅིང༌།   ལྷག་པར་ཆུ་བཟང་ནོ་མོན་ཧན་ཕེབས་ནས་མཎྜལ་ཕུལ་ཏེ་ཆོས་ཀྱི་བདུད་རྩི་གནང་དགོས་པར་གསོལ་བ་བཏབ་པ་ན། ཆོས་གོས་ངུར་སྨྲིག་རྒྱལ་མཚན་འཆང་བའི་སྐུ།   །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྒྲོག་པའི་གསུང༌།   །ཆོས་དབྱིངས་ངང་ལས་གཡེལ་བ་མེད་པའི་ཐུགས། །ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ།   །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ཐོགས་མེད་དུ་སྩལ་བས་གདུལ་བྱ་མཐའ་དག་མི་ཕྱེད་པའི་དད་པའི་ས་ལ་བཀོད།  དེ་ནས་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་དབང་ལུང་མན་ངག་བརྒྱུད་མར་གསན་ཏེ་སྐུ་ན་ཕྲ་མོའི་དུས་དེ་ཉིད་ནས་གདམས་པའི་གཏེར་དུ་གྱུར། དེའི་ཚེ་གསོལ་བ་འདེབས་པ་མང་པོ་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་སོགས་རྗེས་གནང་དང་ལུང་གི་རིགས་དུ་མ་བརྒྱུད་མར་སྩལ།   དེ་ནས་དགུང་ལོ་བརྒྱད་པ་ཤིང་མོ་ལུག་གི་ལོ་ལི་ཐང་ནས་ཆིབས་བསྐྱོད།   མདོ་ཁམས་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་དུ་མ་དང་སྡེ་དགེ་སོགས་ཡུལ་གྲུ་དུ་མར་སྤྱན་དྲངས། ཚ་གན་ནོ་མོན་ཧན་སོགས་ཀྱིས་གསོལ་བ་བཏབ་སྟེ་སེར་སྐྱ་སྟོང་ཙམ་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་རྗེས་གནང་སྔོན་འགྲོའི་ཆོས་བཤད་སོགས་ཆེས་རྒྱས་པར་སྩལ་བས་ཀུན་མི་ཕྱེད་པའི་དད་པ་ལ་བཀོད་ཅིང༌། མདོ་ཁམས་ཕྱོགས་ཀྱི་སེར་སྐྱ་ཕལ་མོ་ཆེས། དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད། །ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད། །ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས། །འཕྲིན་ལས་རྒྱུན་མི་འཆད་ལ་གསོལ་བ་འདེབས། །ཞེས་འདོན་པ་བྱུང༌། དེ་སྐབས་ནས་ལམ་རིམ་ཆེན་མོ་ལྗགས་འཛིན་མཛད་ཅིང༌།   དཔལ་ལྡན་ས་གསུམ་མ་དང་འཇམ་དཔལ་མཚན་བརྗོད་རྒྱུན་དུ་ཞལ་འདོན་དུ་མཛད་དོ། །དེ་ནས་མེ་ཕོ་སྤྲེའུའི་ལོ་འཇམ་དབྱངས་གོང་མ་ཆེན་པོའི་བཀས་བསྐུལ་ཞིང་མདོ་ཁམས་ཕྱོགས་ཀྱི་ཆེན་པོ་མཐའ་དག་བློ་མཐུན་པར་སྐུ་འབུམ་དུ་ཕེབས་པར་གསོལ་བ་བཏབ་སྟེ་རྒྱལ་བ་ཙོང་ཁ་པ་ཆེན་པོ་གང་དུ་འཁྲུངས་པའི་སའི་ཆ་སྐུ་འབུམ་དུ་ཕེབས།རྒྱལ་བ་བསོད་ནམས་རྒྱ་མཚོའི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་ནས་དགེ་འདུན་སྟོང་ཕྲག་མང་པོ་ཚོགས་པ་ལ་སྐྱེས་རབས་སོ་བཞི་པའི་དབུ་ནས་ཆོས་ཐུན་གཅིག་གཟབས་བཤད་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང༌། ཆུ་བཟང་ནོ་མོན་ཧན་ལས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གསན། དེ་ནས་སྔོན་ཡུན་རིང་པོ་ནས་གོམས་པའི་བག་ཆགས་བརྟས་པའི་མཐུས་ཁྱིམ་པའི་ཆ་ལུགས་ལ་མི་དགྱེས་ཤིང་སྐྲ་བྲེགས་རབ་ཏུ་བྱུང་བའི་ཆ་ལུགས་མཛད་བཞེད་པ་ན་ལོ་དེའི་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུའི་ཉིན་ཆ་གན་ནོ་མོན་ཧན་དང་ཆུ་བཟང་ནོ་མོན་ཧན་གཉིས་ཀྱིས་མཁན་སློབ་མཛད་དེ་སྐྲ་བཅད་ངུར་སྨྲིག་གི་ན་བཟའ་བསྐོན་ཏེ་བསླབ་སྡོམ་ཕུལ། མཚན་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ནས་གཞུང་ལུགས་ལ་སྦྱོང་བར་བཞེད་དེ་ཆུ་བཟང་ནོ་མོན་ཧན་གྱིས་ཡོངས་འཛིན་མཛད་ནས་མཚན་ཉིད་ཀྱི་གཞུང་ཆེན་མོ་ལྔའི་དབུ་ནས་རྩི་ཤག་གནང་སྟེ་གསན་སྦྱོང་གི་དབུ་ཚུགས། རིམ་གྱིས་བསྡུས་གྲྭའི་གསན་སྦྱོང་མཛད་པས་རིང་པོར་མ་ཐོགས་པར་མཁས་པའི་ཕུལ་དུ་གྱུར་ཏེ་སྐུ་འབུམ་འདུས་ཚོགས་ཀྱི་དབུས་སུ་དམ་བཅའ་ཡང་འཇོག་པ་མཛད། དེ་ནས་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་མཐུས་དགུང་ལོ་བཅུ་གསུམ་པ་ལྕགས་ཕོ་བྱི་བའི་ལོ་གོང་མ་ཆེན་པོའི་སྐུ་ཚབ་སོགས་དཔའ་བོ་སྟོང་ཕྲག་མང་པོས་བར་ཆད་བསྲུངས་ཤིང་བླ་ཆེན་མང་པོས་མཐའ་བསྐོར་ཏེ་སྐུ་འབུམ་ནས་ཆིབས་བསྐྱོད་དེ་ལོ་དེའི་ཟླ་བ་དགུ་པའི་ཚེས་བཅོ་ལྔའི་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཕེབས་ཏེ་སེར་སྐྱ་བགྲང་བ་ལས་འདས་པ་ལ་ཞལ་གྱི་དཀྱིལ་འཁོར་བསྟན་ཏེ་གངས་ཅན་སྐྱེ་འགྲོ་མཐའ་དག་དབུགས་ཕྱིན་པ་ཐོབ་པར་མཛད་དོ།   །དེ་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས། མགོན་པོ་སྤྱན་རས་གཟིགས་ཀྱི་རིགས་ཀྱི་ཅོད་པན་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་པཟང་ཡེ་ཤེས་དཔལ་བཟང་པོ་སྤྱན་དྲངས་ཏེ། ཕོ་བྲང་ཆེན་པོའི་གཟིམ་ཆུང་ཉི་འོད་འཁྱིལ་དུ་ལྕགས་བྱི་ལོ་དེ་ཁའི་མགོ་ཟླ་བའི་ཡར་ངོའི་ཚེས་ལྔའི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་མཁན་སློབ་སྦྲགས་མ་མཛད།   ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས་དུས་གོ་བ་མཛད་དེ། ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབས། མཚན་སྔར་གྱི་ཐོག་ཏུ་བློ་བཟང་ཞེས་བསྣན་ཏེ། བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་ལ་ལམ་རིམ་ཆེན་མོ་ལས་དབུ་བཙུགས་ཏེ་ཆོས་རྒྱུན་དུ་གསན་པར་མཛད། ལྷག་པར་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བཞི་ཡོངས་སུ་རྫོགས་པ་གསན། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་རྗེ་འདི་ལ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལྟར་དང་པོར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་མཐའ་ཆོད་པར་སྦྱོང་བ་དང༌།དེ་ནས་གཞུང་ལུགས་གདམས་པར་འཆར་བའི་ཉམས་བཞེས་རྣམས་ལ་འབད་པ་དང༌།   དེ་ནས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་ཏུ་སྤེལ་བར་མཛད་ནས་བསྟན་པའི་སྲོག་ཤིང་གཡོ་བ་མེད་པ་ཞིག་མཛད་དགོས་ཞེས་ཞལ་ཏ་ཞིབ་པར་ཞུ་བར་མཛད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号