ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དེ་ནས་རྗེ་འདི་པས་འབྲོམ་རིན་པོ་ཆེས་ཇོ་བོ་རྗེ་ཇི་ལྟར་བསྟེན་པ་ལྟར་གྱི་རྣམ་ཐར་རྗེས་སུ་བསྐྱངས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རིགས་ཀྱི་ཅོད་པན་དུ་བཟུང་ནས་གུས་པ་བླ་ལྷག་ཏུ་མཛད་དེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་གཙང་དུ་ཆིབས་བསྐྱོད་ལ་ཉེ་བ་ན་རྗེ་འདི་ཉིད་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་དུ་བཞུགས་པའི་སྐུ་མདུན་དུ་ཕེབས་ཏེ་གསེར་དངུལ་སོགས་ཡོ་བྱད་དཔག་ཏུ་མེད་པ་ཕུལ་ནས་བསྟན་འགྲོའི་དོན་དུ་ཞབས་པད་ཡུན་རིང་དུ་བརྟན་དགོས་ཚུལ་སོགས་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད།   པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་སྔར་ཞུས་པ་ལྟར་གསན་སྦྱོང་དཔྱིས་ཕྱིན་པ་གནང་དགོས་ཚུལ་སོགས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་བཀའ་མཆིད་ཞིབ་ཏུ་མཛད།   དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་རྣམས་ཐུགས་ལ་བཅངས་ཏེ་ཁྲི་རིན་པོ་ཆེ་བློ་བཟང་དར་རྒྱས་ཡོངས་འཛིན་དུ་བསྟེན་ནས་འབྲས་སྤུངས་སུ་ཆིབས་བསྐྱོད་དེ་ཐོག་མར་ཞག་ཤས་བསྡུས་གྲྭའི་རྩི་ཤག་གསན་པ་ན་སྔར་ནས་སྐུ་འབུམ་དུ་སྦྱངས་ཟིན་པས་ཐོགས་པ་མེད་པར་མཁྱེན་ཏེ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་སྦྱོང་བར་མཛད། དེའི་ཚེ་གྲྭ་སར་སློབ་གཉེར་བྱེད་པ་བྱིངས་དང་མཚུངས་པར་ཉིན་རེ་བཞིན་དུ་སྔ་དགོང་གཉིས་ཀར་རྩི་ཤག་ཚར་རེ་འཆག་མེད་དུ་གསན་ཞིང༌། མཚན་ཉིད་ཞབས་ཕྱི་རྣམས་དང་ཆོས་ཀྱི་འབེལ་གཏམ་ལ་བརྩོན་པར་མཛད་པས་རིང་བོར་མ་ཐོགས་པར་ཚད་མའི་གཞུང་ལུགས་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །དེ་ནས་ཕར་ཕྱིན་ལ་གསན་སྦྱོང་མཛད་བཞེད་དེ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་ཐུགས་འཛིན་མཛད། ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་སྙིང་པོའི་རྒྱན་སོགས་རྗེ་ཡབ་སྲས་ཀྱི་གསུང་རྣམས་གཞིར་བཞག་རྒྱ་བོད་ཀྱི་ཡིག་ཆ་མཐའ་དག་ལ་གཟིགས་རྟོག་མཛད་པས་རིང་པོར་མ་ཐོགས་པར་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ནས་དབུ་མའི་གཞུང་ལ་སྦྱོང་བར་བཞེད་དེ་ཁྲི་རིན་པོ་ཆེ་དཔལ་ལྡན་གྲགས་པ་ཡོངས་འཛིན་དུ་བསྟེན་ནས་ཉིན་རེ་བཞིན་རྩི་ཤག་ཐུན་གཉིས་རེ་འཆག་མེད་གསན་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་རྣམས་དང་རྗེ་བདག་ཉིད་ཆེན་པོས་མཛད་པའི་དབུ་མའི་ཊྰིཀ་ཆེན་རྣམ་གཉིས། ལེགས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་སོགས་རྗེ་ཡབ་སྲས་ཀྱི་གསུང་རྣམས་ལ་ཞིབ་ཏུ་དཔྱད་དེ་རྟག་འགྲུས་ཆེན་པོས་སྦྱོང་བར་མཛད་པས་རིང་པོར་མ་ཐོགས་པར་དབུ་མའི་གཞུང་ལ་སྦྱངས་པ་མཐར་ཕྱིན་པར་གྱུར་ཏོ། །དེ་ནས་རྗེ་འདི་པ་ཡོངས་གྲགས་ཀྱི་དགུང་ལོ་བཅུ་དགུ་མངལ་བཤོལ་རྩིས་པའི་ཉི་ཤུར་ཕེབས་པ་མེ་ཕོ་རྟའི་ལོ་རིགས་ཀྱི་ཅོད་པན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་སྤྱན་དྲངས་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཁན་པོ་མཛད། ཁྲི་རིན་པོ་ཆེ་དཔལ་ལྡན་གྲགས་པས་ལས་སློབ་མཛད། རྒྱུད་སྨད་མཁན་པོ་མཁས་གྲུབ་ཆེན་པོ་ངག་དབང་མཆོག་ལྡན་པས་གསང་སྟེ་སྟོན་པའི་སློབ་དཔོན་མཛད།    སྡེ་སྣོད་འཛིན་པ་ཆེན་པོ་དཀའ་ཆེན་བློ་བཟང་སྨོན་ལམ་གྱིས་དུས་གོ་བ་མཛད། རྒྱལ་སྲས་སྤྲུལ་སྐུ་འཇིགས་མེད་ཡེ་ཤེས་གྲགས་པ་སོགས་གངས་རིའི་ལྗོངས་ཀྱི་གནས་བརྟན་ཆེན་པོ་སུམ་ཅུ་རྩ་གཅིག་གི་དབུས་སུ་བསྙེན་པར་རྫོགས་པར་མཛད་དེ་ཐུབ་པའི་རྒྱལ་ཚབ་ཆེན་པོར་མངའ་གསོལ་ཏོ། །དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་ལ་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གནང་དགོས་པའི་གསོལ་འདེབས་མཛད་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་གཟིམ་ཆུང་བདེ་བ་ཅན་དུ་བཞུགས་སུ་གསོལ། དུས་ཚེས་ཁྱད་པར་ཅན་དང་བསྟུན་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་གཟིམ་ཆུང་བདེ་བ་ཅན་ཉིད་དུ་དཔལ་གསང་བ་འདུས་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་སྟ་གོན་དང་བཅས་པ་རྒྱས་པར་སྩལ། དེ་ནས་བ་རི་བརྒྱ་རྩའི་རྗེས་གནང་ཡོངས་རྫོགས། སྒྲུབ་ཐབས་སོ་སོའི་ལུང་དང་བཅས་པ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ། དེ་ལ་རྗེ་བདག་ཉིད་ཆེན་པོས་མཆན་འགྲེལ། བསྡུས་དོན། མཐའ་གཅོད་བཞིའི་སྒོ་ནས་འདུས་པའི་རྩ་རྒྱུད་འཆད་པའི་བཤད་སྲོལ་བཟང་པོ་དེ་རིམ་གྱིས་གནང༌། ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་ལྰུ་ཨི་པའི་ལུགས་ཀྱི་ལྷ་དྲུག་ཅུ་རེ་གཉིས་པའི་དབང་གནང་དགོས་ཞེས་གསོལ་བ་འདེབས་པར་མཛད་པ་ན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་དགྱེས་བཞིན་ཞལ་གྱིས་བཞེས་ཏེ་རྗེ་འདི་པ་གཟིམ་ཆུང་བདེ་བ་ཅན་དུ་ཕེབས་ཏེ་བདེ་མཆོག་གི་དབང་སྟ་གོན་དང་བཅས་པ་རྒྱས་པར་གནང་བ་གསན་པར་མཛད། དེ་ནས་མངོན་པ་མཛོད་ལ་སྦྱོང་བར་བཞེད་དེ།   མངོན་པ་མཛོད་རྩ་བ་དང༌། མངོན་པ་ཀུན་ལས་བཏུས་གཉིས་ཐུགས་ལ་བཟུང༌།   གཞུང་དེ་གཉིས་ཀྱི་འགྲེལ་པ་འགྲེལ་བཤད་དང་བཤད་པ་མཐའ་དག་ལ་གཟིགས་རྟོག་མཛད་དེ་རིང་པོར་མ་ཐོགས་པར་མངོན་པ་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ།   །དེ་ནས་བོད་དུ་སྡེ་གཟིར་དུས་འཁྱོམས་ཆེ་བར་བྱུང་བ་ན་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་རྗེ་འདི་པ་རེ་ཤིག་མདོ་ཁམས་ཕྱོགས་སུ་ཕེབས་ན་ལེགས་ཚུལ་ཕེབས་པ་ལྟར། སེ་འབྲས་དགེ་གསུམ་གྱི་བླ་མ་མང་པོ་དང༌། མཚན་ཉིད་ཞབས་ཕྱི་རྣམས་དང༌། གཞན་ཡང་བླ་ཆེན་མང་པོ་དང༌།   དྲུང་སྐོར་སེར་སྐྱ་ཕོན་ཆེ་བ་དང་བཅས་ཆིབས་ཁ་བསྐྱོད་དེ་འགར་ཐར་དུ་ཕེབས།ལམ་བར་གྱི་སེར་སྐྱ་བགྲང་བ་ལས་འདས་པ་མཐོང་ཐོས་དྲན་རེག་གི་འབྲེལ་པ་ཐོགས་པ་ཐམས་ཅད་སྨིན་གྲོལ་ལ་འགོད་པར་མཛད། དེ་ནས་ཁྲི་ཆེན་དཔལ་ལྡན་གྲགས་པ་ཞིང་གཤེགས་པ་ན་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་ཡོངས་འཛིན་དུ་སྤྱན་དྲངས་ཏེ་དགའ་ལྡན་ཁྲི་པ་དང་འདྲ་བའི་ཟོས་སྒོ་གནང་ཞིང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པར་མཛད་དེ་རྗེ་རྒྱལ་བ་གཉིས་པའི་མན་ངག་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་སྟེང་ནས་མྱོང་ཁྲིད་སླ་ཆོས་སུ་མ་སོང་བར་ཟླ་སྦྲེལ་གྱི་བར་དུ་གསན་ཞིང་ཡང་དང་ཡང་དུ་དྲི་གཏུགས་ཀྱི་སྒོ་ནས་གདེང་ཐོབ་པར་མཛད། དེ་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད།   འགྲེལ་པ་སྒྲོན་གསལ་རྗེ་རིན་པོ་ཆེས་མཛད་པའི་བསྡུས་དོན་མཆན་བུ་མཐའ་གཅོད་རྣམས་སྦྲགས་ཏེ་འཆད་པ་འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་གཟབས་བཤད་རྒྱུན་བསྲིངས་ཏེ་ལོ་སྦྲེལ་གྱི་བར་དུ་གསན་ཞིང༌། དེ་ཡང་ལུང་ཐོབ་ཙམ་གྱིས་ཆོག་པར་མ་མཛད་པར་སྔ་ཕྱི་བར་གསུམ་དུ་བླ་མ་རྒྱུད་མཆོད་དང༌།    ཉིན་རེ་བཞིན་རྒྱུད་ཀྱི་ཊྰིཀྐའི་རྩི་ཤག་འཛིན་ཆོས་བཅས་རྗེ་ཡབ་སྲས་ནས་བརྒྱུད་པའི་ཕྱག་ལེན་ཉམས་པ་མེད་པར་གསན་པར་མཛད།   གཞན་ཡང་མཁས་གྲུབ་ཆེན་པོ་ངག་དབང་མཆོག་ལྡན་པ་འདི་ལ་དཔལ་གསང་བ་འདུས་པའི་དབང༌། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀའི་གཟབས་བཤད།གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་ཉམས་ཁྲིད། དཔལ་འཁོར་ལོ་སྡོམ་པའི་དབང་དང་བདེ་མཆོག་རྩ་རྒྱུད་དང་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གཉིས་རྩ་འགྲེལ་སྦྲགས་པའི་བཤད་ལུང༌།    བདེ་མཆོག་ལྰུ་ཨི་པའི་ལུགས་ཀྱི་བསྐྱེད་རྫོགས་གཉིས་ཀའི་ཁྲིད་སོགས་ཆོས་བཀའ་མཐའ་ཡས་པ་གསན།   དེ་ནས་དབུས་གཙང་བདེ་འཇགས་སུ་སོང་ནས་དབུས་གཙང་དུ་ཕེབས་པར་ཉེ་བ་ན་གོང་མ་བདག་པོ་ཆེན་པོའི་བཀས་མངགས་པའི་མི་དྲག་དཔུང་ཆེ་བ་དང༌།   ལྕང་སྐྱ་རིན་པོ་ཆེ་བཅས་ཕེབས་ཏེ་ལྕང་སྐྱ་རིན་པོ་ཆེས་རྗེ་འདི་ལ་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེན་པོའི་དོན་དུ་གསོལ་བ་བཏབ་པ་ལྟར་བདེ་མཆོག་ལྰུ་ཨི་པའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ། ཡང་ལྕང་སྐྱ་རིན་པོ་ཆེ་ནས་གསོལ་བ་བཏབ་སྟེ་གསང་འདུས་མི་སྐྱོད་པའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ།   ཡང་ལྕང་སྐྱ་རིན་པོ་ཆེ་ནས་གསོལ་བ་བཏབ་སྟེ་དགེ་འདུན་ལྔ་བཅུ་སྐོར་ལ་འཇམ་དཔལ་ཞལ་ལུང་གི་མྱོང་ཁྲིད་རྒྱས་པར་སྩལ། དེ་ནས་འགར་ཐར་ནས་ཆིབས་ཁ་བསྐྱོད་དེ་ལམ་བར་གྱི་སྐྱ་སེར་བགྲང་བ་ལས་འདས་པ་ལ་མཐོ་རིས་དང་ཐར་པའི་ས་བོན་བསྐྲུན་པར་མཛད་ཅིང་རིམ་གྱིས་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་ཕེབས།   དེ་ནས་རྗེ་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ཡོས་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དེ་མོ་སྤྲུལ་པའི་སྐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སོགས་ལ་བསྙེན་པར་རྫོགས་པའི་སྡོམ་པ་གནང༌།    ངེ་ནས་བཟུང་སྟེ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཟམ་མ་ཆད་པ་ལྟ་བུར་སྩལ་ཞིང༌། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号