ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དེ་ནས་ཤིང་མོ་གླང་གི་ལོ་སྡེ་སྣོད་འཛིན་པ་མང་པོས་གསོལ་བ་བཏབ་ནས།   དད་ལྡན་ཆིག་སྟོང་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་བཞི་སྟ་གོན་དང་བཅས་པ་རྒྱས་པར་གནང༌། དེའི་ཚེ་དབང་དངོས་གཞིའི་ཉིན་ནམ་མཁའ་ཤིན་ཏུ་དྭངས་པ་ལས་མེ་ཏོག་གི་ཆར་བབས་པ་བྱུང་ཞིང༌། རིག་པ་འཛིན་པ་འགའ་ཞིག་ལ་ཡེ་ཤེས་པ་ཕེབས་པའང་བྱུང་བས་ཀུན་མི་ཕྱེད་པའི་དད་པ་ཐོབ་བོ།  །མཉྫུ་ཤྲྰིས་གསོལ་བ་བཏབ་ནས་མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་དང༌། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྦས་དོན་ཀུན་གསལ་གཉིས་རྩ་འགྲེལ་སྦྲགས་ནས་གནང་བས་རྗེ་བདག་ཉིད་ཆེན་པོའི་བསྟན་པའི་སྙིང་པོ་ཉམས་པ་གསོ་བར་མཛད་དེ་རྗེའི་བསྟན་པ་ལ་བཀའ་དྲིན་ཆེ་བར་མཛད་དོ།   །དེ་ནས་ཆུ་ཁྱི་ལོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་སྐབས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་དང་བཀའ་དྲིན་དྲན་པའི་དད་གུས་ཤུགས་དྲག་པོ་ཐུགས་ལ་འཁྲུངས་པས་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་མགུར་དབྱངས་འདི་ལྟར་མཛད་དོ། །གནས་ས་འཛིན་མཐོན་པོ་ལྷུན་ཆགས་སྤོ།   །རྗེ་བདེ་གཤེགས་ཀུན་གྱིས་བྱིན་གྱིས་བརླབས།  །དོན་ཡེ་ཤེས་རང་སྣང་སྒྱུ་འཕྲུལ་གྱི། །དཔལ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྲུབ།   །རི་སྨན་ལྗོངས་དྲི་བཟང་ངད་པ་འཐུལ། །དུས་གསུམ་དུ་མེ་ཏོག་ལྡིང་ཁང་བཀྲ།   ཤིང་གཡུ་ལོ་རྒྱས་པའི་ཚང་ཚིང་གིས།   །རྗེ་བླ་མའི་མཛེས་སྐུ་ཡིད་ལ་ཤར།   །ཆབ་ལྷུང་ལྷུང་འབབ་པའི་ཉལ་འགྲོའི་སྒྲ།   །ཡིད་འཁོས་སུ་ཕེབས་པའི་འདབ་ཆགས་སྐད།   །ཆོས་ལེགས་བཤད་དར་དིར་སྒྲོགས་པ་ཡིས། །རྗེ་བླ་མའི་གསུང་དབྱངས་ཡིད་ལ་དྲན།   །སྟོན་གཡའ་དང་བྲལ་བའི་དགུང་སྔོན་སྤོར།   །སྤྲིན་དཀར་གསལ་ལང་ལོང་རྩིབས་ཤར་བསྒྲེངས། །ཉི་གཞོན་ཀྱི་འོད་སྣང་ལམ་ལམ་འདིས།   །རྗེ་བླ་མའི་མཁྱེན་བརྩེ་ཡིད་ལ་ཤར། །སྐུ་གསལ་རྫོགས་མཚན་དཔེའི་རྒྱན་གྱིས་སྤྲས།   །གསུང་ཟབ་རྒྱས་གདམས་པས་འདོད་པ་འཇོ།   །ཐུགས་འོད་གསལ་ཆོས་ཀུན་གཟིགས་མོ་ཅན། །རྗེ་བློ་བཟང་གྲགས་པ་སྲས་དང་བཅས།   །སྔོན་ཐུགས་དམ་ཇི་ལྟར་བཅས་པ་བཞིན།  །མགོན་དཔུང་གཉེན་སླད་དུ་འདིར་གཤེགས་ལ། །ཀུན་བཟང་གི་མཆོད་པ་རྒྱ་མཚོའི་ཚོགས།   །དབྱིངས་བདེ་ཆེན་ངང་དུ་བཞེས་སུ་གསོལ། །ཞིང་རྣམ་དག་བྱིན་རླབས་གཡང་དུ་ཆགས། །ཉམས་དགའ་བདེའི་འབྲོག་གི་རི་བོ་ཆེར།  །རྗེ་རྒྱལ་བས་ལུང་བསྟན་དགའ་ལྡན་ཞེས། །ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་འདིར།   །ཐུགས་བདེ་སྟོང་དབྱེར་མེད་ངང་ཉིད་ལ།   །ཡུལ་ཀུན་རྫོབ་འཇའ་ཚོན་ཅི་ཡང་བཀྲ།    །སྐུ་གཅིག་ལས་རབ་འབྱམས་སྤྲུལ་པའི་སྤྲིན།   །ཆད་མུ་མཐའ་བྲལ་བར་འགྱེད་བཞིན་དུ།   །ཆོས་མདོ་སྔགས་ཟབ་དང་རྒྱ་ཆེའི་ལམ།   །ཐར་འདོད་ཀྱི་འཇུག་ངོགས་གང་ཡིན་པ།    །ཚིག་སྒྲ་སྤྱིར་མ་ལུས་འཁྲུལ་མེད་དུ།    །སྐལ་ལྡན་གྱི་འགྲོ་ལ་རྗེན་པར་བསྟན།   །རྗེ་བླ་མ་ཁྱེད་གྱི་བཀའ་དྲིན་ལས།    །བཀའ་མདོ་རྒྱུད་མ་ལུས་གདམས་པར་གོ། །མཐར་བྱང་ཆུབ་ཉེ་བའི་ལམ་ངོ་མཐོང༌། །ཕྱོགས་གོལ་སར་ཤར་བའི་འཁྲུལ་པ་ཟད།   །མགོན་ཁྱོད་ཀྱི་རྣམ་པར་ཐར་པ་ལ།   །འབངས་རྗེས་སུ་ཞུགས་པའི་གདུལ་བྱ་བདག   །དྲིན་ལེགས་པར་བསམ་པའི་མོས་གུས་ཀྱིས།   །ཡིད་ཁོང་ནས་བསྐྱོད་པའི་རེ་ལྟོས་ཞུ།  །ཕ་མི་མངོན་བདེ་ཆེན་དབྱིངས་སུ་གཤེགས།   །བུ་སྐལ་མེད་འཁོར་བའི་འདམ་འདིར་ལུས།  །ད་མགོན་སྐྱབས་བོར་བའི་སྨྲེ་སྔགས་ཀྱི།   །ངག་གདུང་དབྱངས་འདི་ལ་གསན་དུ་གསོལ།   །ཕར་འགྲོ་བའི་སྤྱོད་ཚུལ་ལ་བལྟས་ན།   །ཕྱི་རབ་བྱུང་ཆོས་པར་རློམ་ན་ཡང༌།  །ནང་ཚེ་འདི་ཁོ་ནའི་ནང་ཤས་ལ།   །ཁོང་ཁྱིམ་པ་ལས་ཀྱང་ཞེན་པ་ཆེ།   །ཕལ་སྐྱེ་བོ་ནག་པོའི་ལས་ལ་དགའ། །ངན་གཡོ་ཅན་མགོ་འཕང་མཐོ་ལ་བྲིན།   །དུས་སྙིགས་མར་སྤྱོད་པའི་ངང་ཚུལ་འདིས། །སྙིང་རུས་པའི་གཏིང་ལ་ནད་དུ་ཐིངས། །ཚུར་རང་གི་ངང་ཚུལ་ལ་བལྟས་ན། །ཕྱི་དགེ་སྦྱོང་ཚུལ་འཆོས་ཀྱིས་མཛེས་ཤིང༌། །ཆོས་སྡེ་སྣོད་ཟབ་མོ་ཐོས་ན་ཡང༌།   །ནང་ཤེས་རྒྱུད་མ་དུལ་ཤིང་ལྟར་རེངས། །དབང་ཡུལ་གྱི་སྣང་བ་གང་ཤར་ལ། །དྲན་ཤེས་དང་གཉེན་པོ་མཐུ་ཆུང་བས།   །ཡིད་དུག་གསུམ་དབང་དུ་ཤོར་ཤོར་ཏེ།   །རྫས་མི་གཙང་གང་བའི་གསེར་བུམ་བཞིན།   །ལར་དལ་འབྱོར་ལྡན་པའི་མི་ལུས་འདིས།  །སྔར་ངན་སོང་རྒྱུ་ཚོགས་བསྒྲུབས་བསྒྲུབས་ནས།   །དོན་རང་གཞན་ཕན་ངེས་རྣམ་དཀར་གྱི།  །གདངས་ཆ་ཤས་ཙམ་ཡང་མ་མཆིས་སོ།   །བདག་ཡུལ་ངན་དུས་ཀྱི་ཐ་མར་སྐྱེས།  །ལས་གྱི་ནས་འདའ་བའི་ངང་ཚུལ་འདི། །ཕ་བླ་མ་ཁྱེད་ཀྱིས་ཉེར་དགོངས་ལ།   །ཐུགས་བརྩེ་བའི་ལྕགས་ཀྱུས་གཟུང་དུ་གསོལ། །ཚེ་འདི་ཕྱི་བར་དོ་གང་དུ་ཡང༌།   །རྗེ་གཅིག་ཆོག་ཁྱེད་རང་འཁྱེན་ལགས་པས།  །སྐྱབས་རེ་སས་བསླུ་བ་མ་མཛད་པར། །མགོན་དཔུང་གཉེན་མཛོད་ཅིག་བླ་མ་མཁྱེན།   །སྤྱིར་འགྲོ་བ་ཀུན་ལ་བུ་ལྟར་བརྩེ།   །སྒོས་ཉམ་ཐག་བདག་གི་ཕ་ལགས་ན།    །སྐུ་མཚན་དཔེས་བརྒྱན་པའི་དཀྱིལ་འཁོར་དེ།   །འདིར་མངོན་སུམ་སྣང་པར་བསྟན་དུ་གསོལ། །དུས་གནས་སྐབས་ཀུན་ཏུ་ཕན་ངེས་པའི། །གསུང་གདམས་ངག་རྣ་བར་སྩལ་དུ་གསོལ།   །ཐུགས་དམིགས་མེད་བདེ་བ་ཆེན་པོ་དང༌།  །ཡིད་རོ་གཅིག་འདྲེས་པར་བྱིན་གྱིས་རློབས།   །ཚེ་མི་རྟག་ནུབ་ཀའི་ཉི་མ་འདྲ།  །ནོར་ལོངས་སྤྱོད་རྩྭ་རྩེའི་ཟིལ་པར་མཚུངས།   །གཏམ་སྙན་གྲགས་ལུང་སྟོང་རླུང་གི་སྒྲ། །ལུས་ལང་ཚོ་སྟོན་མཐའི་མེ་ཏོག་བཞིན།   །ལར་འཁོར་བ་སྤྱི་དང་བྱེ་བྲག་གི།   །མཚང་ངན་པའི་ངང་ཚུལ་ཀུན་མཐོང་ནས། །བློ་གཏིང་ནས་ཆོས་ལ་ཕྱོགས་པ་དང༌།   །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས།   །ཐོག་མེད་ནས་དྲིན་གྱིས་བསྐྱངས་བསྐྱངས་པའི།   །མ་རིགས་དྲུག་སེམས་ཅན་ཉམ་ཐག་ལ།   །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བློས།   །རྒྱུད་ལྷག་པར་ཕྱུག་པར་བྱིན་གྱིས་རློབས།   །ཆོས་གང་ཤར་ངོ་ལ་ཕར་བལྟས་ཚེ།   །རང་རྟོག་བཏགས་རི་མོ་ཙམ་ཞིག་ལས།  །གཤིས་སྤྲོས་བྲལ་གནས་ལུགས་ཆེན་པོ་དེ།   །དུས་མྱུར་དུ་རྟོགས་པར་བྱིན་གྱིས་རློབས།   །ཕྱི་སྣང་བ་ལྷ་དང་ལྷ་མོར་ཤར།  །ནང་སེམས་རྒྱུད་བདེ་སྟོང་རོལ་པས་ཚིམས།   །མཆོག་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་གྱིས།   །ཚེ་འདི་ལ་གྲོལ་བར་བྱིན་གྱིས་རློབས།   །རྒྱུད་ཉོན་མོངས་འཕེལ་བའི་བསམ་གཏན་དགྲས།   །རྒྱང་རིང་དུ་དབེན་པའི་གནས་བཟང་པོ། །ཉམས་བག་ཕེབས་བདེ་དགའ་བསྐྱེད་པའི་སར།  །ཟབ་དོན་ལ་གཞོལ་བར་བྱིན་གྱིས་རློབས།   །ཆོས་སྡོམ་པ་གསུམ་གྱི་བླང་དོར་ལས།   །ཕྱིར་ཕྱོགས་པའི་སྡིག་ལྟུང་དྲི་མ་དང༌།རྐྱེན་བར་གཅོད་ཕྱི་ནང་འཚེ་བ་ཀུན།   །དུས་མྱུར་དུ་ཞི་བར་བྱིན་གྱིས་རློབས།    །ལྷ་འཇམ་དཔལ་ཞི་ཁྲོ་བཀའ་སྔོད་སོགས།   །སྐུ་ཅིར་ཡང་སྟོན་པའི་རྫུ་འཕྲུལ་གྱིས།   །རྐྱེན་མཐུན་པའི་ལས་ཀུན་བསྒྲུབ་པ་དང༌།   །སྐྱབས་གཡེལ་བ་མེད་པར་མཛད་དུ་གསོལ། །བདག་ལུས་ངག་ཡིད་ལ་གསང་གསུམ་གྱི།   །དཔལ་བྱིན་རླབས་ནུས་མཐུ་ཀུན་སྩོལ་ལ། །སྒོ་གསུམ་གྱིས་ཅི་བྱེད་སེམས་ཅན་དང༌། །རྗེ་ཁྱེད་ཀྱི་བསྟན་ལ་ཕན་པར་ཤོག   །ཆོས་མདོ་སྔགས་སྒྲ་ཡིས་ས་སྟེང་ཁྱབ།   །དོན་སྒྲུབ་རྒྱུད་བསྟན་པའི་ཉི་མ་ཤར།   །འབྲེལ་ཚད་ལ་ཕན་བདེའི་དངོས་གྲུབ་འཕེལ།   །ཡིད་ཅི་བསམ་འགྲུབ་པའི་བཀྲ་ཤིས་སྩོལ།   །ཞེས་པའོ།   །དེ་ནས་བྲག་གཡབ་གདུང་ཁང་སྐུ་སྐྱེས་གསོལ་བ་བཏབ་ནས་དགེ་འདུན་ཆིག་སྟོང་སྐོར་ལ་རྗེ་ཉིད་ཀྱི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་གནང༌།   བར་སྐབས་ཤིག་བུང་བ་མང་པོ་མེ་ཏོག་ལ་འཁོར་ཏེ་འཕུར་ལྡིང་གིས་མེ་ཏོག་གི་ཟེའུ་འབྲུའི་བཅུད་གཞིབ་ཅིང་རྒྱུད་མང་སྙན་པའི་སྒྲ་སྒྲོག་པ་གཟིགས་ཤིང་གསན་པས་སྣང་བ་དཔེ་ཆར་ཤར་བའི་ཉམས་མགུར་འདི་ལྟར་མཛད་དེ།   །ཡིད་ཅི་འདོད་དངོས་གྲུབ་མ་ལུས་པའི།   །དོན་བདེ་བླག་སྩོལ་མཛད་བླ་མ་དང༌།  །ལྷ་ངག་གི་དབང་ཕྱུག་ཡབ་ཡུམ་ལ།   །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས།    །ཤ་མི་གཙང་རྫས་ཀྱི་གོང་བུ་ལ།   །བློ་གཏད་མེད་སྦྲང་བུ་མང་པོ་ཞིག །ཟས་ཞིམ་པོར་རློམ་ནས་ཟ་ཟིར་འདུ།  །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།    །མནོག་ཆུང་བ་ཚེ་འདིའི་ཕུན་ཚོགས་ལ།    །བློ་ཅོལ་ཆུང་འགྲོ་བ་མང་པོ་ཞིག །ཐབས་དུ་མའི་སྒོ་ནས་འཚོལ་ན་ཡང༌།   །ཡུད་ཙམ་ལས་ཕན་པར་ངས་མ་མཐོང༌། །སྟག་ཆུང་གི་བུང་བ་གཞོན་ནུ་དེས།  །མདངས་ལྡན་གྱི་མེ་ཏོག་གཅིག་ནས་གཅིག   །ཡུད་ཙམ་ལ་འདོར་ལེན་བྱེད་པ་མཐོང༌།   །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།   །སྙིགས་དུས་ཀྱི་སྐྱེ་བོ་མང་པོ་ཞིག །སེམས་མ་དག་རང་གི་སྣང་ཚུལ་གྱིས།   །སྐད་ཅིག་ལ་དགྲ་གཉེན་འགྱུར་བ་མཐོང༌།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号