ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
བློ་བརྟན་པའི་གྲོགས་པོ་ངས་མ་རྙེད།   །ཕྱི་ཁ་དོག་མཚར་བའི་གཡུ་སྦྲང་ཚོ། །ནང་ངན་སྐྱགས་ཟོས་པའི་ཆ་ཤས་ཀྱི། །ཁུར་ལྩི་བ་ཐོགས་ནས་ཟློས་གར་རྩེ།  །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།   །ཤ་རུས་དང་རྣག་ཁྲག་གཤང་གཅི་སོགས།  །རྫས་མི་གཙང་ཁོ་ནའི་རྐྱལ་བ་ལ།   །སྒོ་དབང་པོའི་བུ་ག་དོད་ཙམ་འདིར།   །བྱི་དོར་གྱིས་འགྱིང་བ་ངོ་རེ་ཚ།   །སྐད་ཟིར་ཟིར་སྒྲོག་པ་བུང་བའི་གླུ།   །འཕྲལ་རྣ་བའི་ཡུལ་དུ་སྙན་མོད་ཀྱི།   །དུས་ནམ་ཡང་ཕན་པའི་དོན་གྱིས་སྟོང༌།    །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།   །ངོ་བསྟོད་དང་བཟང་པོའི་གྲགས་པ་དེ། །འཕྲལ་ཡིད་ཀྱི་ཡུལ་དུ་དགའ་ན་ཡང༌།   །གྲག་ཙམ་ནས་གར་སོང་མེད་པར་ཡལ། །ཕུགས་ཕན་པའི་ཆ་ཙམ་ངས་མ་མཐོང༌།   །དབྱར་ལང་ཚོས་དྲེགས་པའི་རྐང་དྲུག་ཚོ། །ཡུད་ཙམ་ཞིག་དགའ་མགུར་ལྡིང་ན་ཡང༌།   །ད་བསེར་བུས་འཇོམས་ལ་མངོན་དུ་ཕྱོགས།   །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།  །ལུས་ལང་ཚོ་རྒྱས་པའི་འཇོ་སྒེག་གིས།   །དུས་ད་ལྟ་རང་སེམས་དྲེགས་ན་ཡང༌། །མཐར་འཆི་བདག་ཕོ་ཉས་དབང་མེད་དུ།   །   གཤིན་ཕ་རོལ་ཡུལ་དུ་ནམ་འཁྲིད་ན།   །ཁོང་འདུ་ཤེས་འཁྲུལ་པའི་བྷྲ་མ་རཿ   །སྨན་ག་པུར་ངད་ལ་མི་བསྙེན་པར།   །རྫས་ཕྱི་སའི་དྲི་ལ་ངང་གིས་འདུ།   །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ།   །སྙིགས་དུས་ཀྱི་སྐྱེ་བོ་ཕལ་མོ་ཆེ། །ཚུལ་གཟུར་གནས་དམ་པའི་ཕྱོགས་ལ་བྱོལ།  །ངན་གཡོ་ཅན་ནོར་དང་ལྡན་པ་ལ།   །ཡིད་རེ་ལྟོས་འཆའ་བ་ཨ་རེ་འཁྲུལ།  །ཁོང་ཁྲེལ་མེད་སྦྲང་རྩི་འདོད་པ་ཚོ།   །རང་རྟེན་གྱི་མེ་ཏོག་གཞོན་ནུ་མའི། །བཅུད་ཅི་འདོད་དྲངས་ནས་མོད་ལ་འདོར།   །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ། དེང་ཕྱི་ཐག་མེད་པའི་སྐྱེ་བོ་ཕལ།  །རང་ཕན་བདེར་སྦྱོར་བའི་དཔྱོད་ལྡན་དང༌།   །གྲོགས་བཟང་པོས་དྲིན་གྱིས་བསྐྱངས་ན་ཡང༌།  །ཕྱིར་དགྲ་ཡི་ཕྱོགས་བཞིན་འདོར་བ་མང༌།   །བློ་གུ་ཡངས་རྐང་དྲུག་གཞོན་ནུ་ཚོ།   །གནས་གྲོགས་ལ་ཞེན་པས་མ་བཅིངས་པར། །རང་གང་སྐྱིད་ཕྱོགས་ལ་རྩེ་ཞིང་འགྲོ།  །དཔེ་འདི་དང་མཚུངས་པའི་དོན་གྱི་གླུ། །ཡུལ་འདོད་ཡོན་འཆིང་བས་མ་བཅིངས་པར།     གནས་ཉམས་སུ་དགའ་བ་དབེན་པའི་ཚལ།   དོན་བསམ་སྒོམ་རྣལ་འབྱོར་ལྷུར་ལེན་པར། མི༌ཁོ་བོ་སྙིང་ནས་ཡིད་སྨོན་འཆའ།   །དུས་དབྱར་གྱི་ཟླ་བ་ཐ་མའི་ཚེ།   །དམར་སེར་གྱི་མེ་ཏོག་འཛུམ་གྲོལ་ཞིང༌།  །སྟེང་དྲོ་འཇམ་ཉི་མ་གུང་ཞིག་ལ།   །ཡིད་སྐྱོ་གྲོགས་བུང་བ་མང་པོ་ཞིག །ལང་ལོང་གི་ཟློས་གར་རྩེ་བ་ན།   །དཔེ་སྦྲང་རྩིར་སྤྱོད་པའི་སྣང་ཚུལ་རེར།   །དོན་རྐང་པར་བཅད་པའི་མགྲིན་གླུ་འདི།   །བདག་དབྱངས་ཅན་དགྱེས་པའི་རྡོ་རྗེས་སྦྱར།  །ཞེས་པའོ།  །དེ་ནས་ལྷ་བཙུན་ཐོ་ཡོན་དར་རྒྱས་ཀྱིས་གསོལ་བ་བཏབ་ནས་དགེ་འདུན་སྟོང་དང་ལྔ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ། དེ་ནས་རྟ་ཚག་རྗེ་དྲུང་གིས་གསོལ་བ་བཏབ་ནས་རྗེ་རིན་པོ་ཆེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལྗགས་ལུང་དང༌། ས་སྐྱའི་གསེར་ཆོས་བཅུ་གསུམ་སོགས་ཆོས་བཀའ་མང་དུ་སྩལ། དེ་ནས་ཆུ་བཟང་སྤྲུལ་པའི་སྐུས་གསོལ་བ་བཏབ་ནས་དད་ལྡན་སུམ་བརྒྱ་སྐོར་ལ་ཚེ་དཔག་མེད་ལྷ་དགུའི་དབང་སྟ་གོན་དང་བཅས་པ་སྩལ་ཞིང་ཉུང་བསྡུས་ཤིག་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཡང་སྩལ།   དེ་ནས་ཇུན་སྒར་པའི་དགེ་སྒྲུབ་པ་མི་སྣ་ཕོན་ཆེ་འབྱོར་པའི་ཚེ་ཇུན་སྒར་གྱི་མཁན་པོ་ཁྲི་ཐོག་པ་དགེ་འདུན་གྲགས་པས་ཞལ་གདམས་ཤིག་དགོས་ཞེས་ནན་ཆེན་པོས་བསྐུལ་པ་ལ་བརྟེན་ནས་རྗེ་རིན་པོ་ཆེའི་བསྟན་པའི་སྙིང་པོ་ལ་ཉམས་ལེན་བྱེད་ཚུལ་གྱི་གནད་ཀྱི་ཞལ་གདམས་དང༌།  དད་ལྡན་ཁྱིམ་པ་དག་ལ་ཕན་གདགས་ཚུལ་སོགས་གནད་དོན་ཚང་བའི་ཞལ་གདམས་འདི་ལྟར་གནང་སྟེ། བསྟན་པ་དང་མཇལ་བའི་མི་ལུས་རྣམ་པར་དག་པ་ནི་ཐོབ། གཞུང་ལུགས་ཆེན་མོ་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བླང་དོར་བྱ་བའི་གནད་ཀྱང་ལེགས་པར་མཁྱེན་པ་ཡིན་པས་ན། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར།   །ཞེས་གསུངས་པ་ལྟར། སྔར་ཐོས་པའི་དོན་རྣམས་རང་གི་རྒྱུད་སྟེང་དུ་བསྐོར་ནས་ཉམས་སུ་བླངས་ཏེ་སེམས་ཁོ་ན་འདུལ་བའི་ཐབས་སུ་འགྲོ་བ་ཞིག་མཛད་དགོས་ལ། དེ་ཡང༌། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།   །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ།  །ཞེས་གསུངས་པ་ལྟར། རབ་ཚེ་འདིའི་གཉེན་བཤེས་འཁོར་སློབ་སྦྱིན་བདག་སོགས་ཀྱི་འགྲོགས་འདྲིས་ཐམས་ཅད་སྤངས་ནས་དབེན་པའི་རི་སུལ་དུ་ལུས་ལ་དྲང་སྲོང་གི་རྒྱལ་མཚན་འཆང༌། ངག་བླ་མ་ལྷའི་གསོལ་འདེབས་དང་གསང་སྔགས་ཟབ་མོའི་བཟླས་བརྗོད་ལྷང་ལྷང་བ། དཀོར་ཟས་དང་གྲིབ་ཀྱིས་མ་སྦགས་པས་རིག་པ་དང་སིང་ངེ། སེམས་ཚེ་འདིའི་རེ་དོགས་གང་གིས་ཀྱང་མ་བཅིངས་པས་གུ་ཡངས། སྒོ་གསུམ་སྡིག་ལྟུང་དང་མ་འདྲེས་པས་བློ་བདེ།   སེམས་ཆོས་དང་འདྲེས་པའི་ཉམས་ལེན་རྡོ་རུས་ཐུག་པས་ཉམས་དགའ་ཡལ་ལེ་བ་བྱུང་ན།   མདུན་མ་ལ་དེ་ལས་ལེགས་པ་གཞན་ཅི་ཞིག་ཡོད།   མི་ལུས་ཐོབ་པའི་གོ་བཅད་པ་ཡིན་མོད།   དེ་ལྟ་ནའང་རང་རེ་འཆད་སྤེལ་གྱི་བྱ་བ་རྒྱ་ཆེན་པོ་ལ་ཞུགས་པའི་གཞན་དབང་ཅན་ལ་དེ་ལྟ་བུའི་འཁྲི་བ་རྦད་ཆོད་ཅིག་འབྱུང་བར་དཀའ་ནའང༌།  འཕྲལ་གྱི་འདོད་ཡོན་ཟར་ཟིར་ཐམས་ཅད་ལ་བདག་དེ་རིང་རང་ཡང་མི་འཆི་བའི་ཆ་མེད་པ་ལ་འདི་དག་བྱུང་བས་ཅི་རང་བྱེད་སྙམ་དུ་ཞེ་ནས་ཆགས་ཞེན་གྱི་འཆིང་བ་ལྷོད་གང་ཐུབ་དང༌། སྔར་རང་དོན་ལ་དེ་ཙམ་འབད་དུང་བྱས་ཀྱང་ཕན་གང་ཡང་མ་ཐོགས།   གཞན་དོན་སྙིང་དུ་བཅངས་ན་ད་གཟོད་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་ཡིན་པ་ལ་སྔོན་ཆད་དཀའ་ལ་དོན་མེད་པའི་བྱ་བས་འདས།  ད་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་ཁོ་ན་ལ་ཕན་ཐོགས་པ་ཞིག་བྱེད་སྙམ་པའི་བསམ་པ་བཟང་པོ་དང་དེ་ལྟར་ཤོག་ཅིག་སྙམ་པའི་སྨོན་ལམ་དུས་རྟག་པར་ཡང་ནས་ཡང་དུ་གསལ་བཏབ།   དགེ་སྦྱོར་ཐམས་ཅད་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་ཀྱང་ཟིན་པར་བྱས་ནས་གཙོ་བོར་གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཟབ་མོ་དང་འབྲེལ་བར་རྟག་པར་ལྷའི་ང་རྒྱལ་དུ་རེ་བ་དང༌། བཟླས་བསྙེན་སོགས་ལ་འབད་པར་མཛད་ན་དེ་བས་ལྷག་པ་གཞན་དུ་ཅི་ཞིག་ཡོད་པས་ཡུལ་ཕྱོགས་གང་དུ་གནས་དང་དབེན་མི་དབེན་ལ་མ་བལྟོས་པར་སེམས་ཀྱི་དགེ་སྦྱོར་འདི་ཁོ་ན་གཙོ་བོ་ཡིན་མོད།   ལྷག་པར་བསྟན་པ་རྫོགས་ལྡན་གྱི་དུས་ལ་བསླབ་གཞི་ཡོངས་སུ་རྫོགས་པ་བསྲུངས་བ་ལས། དེང་སང་བསླབ་པའི་སྣ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པ་བཞིན་དུ་བླ་མ་དགེ་བའི་བཤེས་གཉེན་དང༌། གྲྭ་ས་ཆེན་པོ་མང་དུ་བཞུགས་པའི་གནས་ལས་ཕྱོགས་མཐར་བསྟན་པའི་ཁུར་བསྣམས་ན་ཕན་ཡོན་ལྷག་པར་ཆེ་བས་ཕྱོགས་དེར་གཏན་ཆགས་པར་བཞུགས་པའི་འདུན་པར་འཆད་སྤེལ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ལ་མ་ཞུམ་པའི་སྙིང་སྟོབས་བསྐྱེད་པར་མཛོད།   ཕྱོགས་དེའི་སྐྱེ་བོ་ཕལ་མོ་ཆེ་སྣོད་རུང་གི་གཙོ་བོ་ཆོས་ལ་དད་པ་ཤིན་ཏུ་ཆེ་ཞིང་བརྟན་པ་དང་ལྡན་པ་ཡིན་འདུག་གཤིས།   རབ་ཏུ་བྱུང་བ་རྣམས་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་བཅས་པ་ཕྲ་མོ་ཚུན་ཆོད་ཀྱང་ལག་ལེན་ལ་འདེབས་གང་ཐུབ་དང༌། བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ལ་དེང་སང་གཏམ་ཙམ་ཞིག་ལས་ལག་ལེན་བྱེད་མི་སྲིད་མཐའ་རུ་འདུག་པས་ན། སྡོམ་པ་དེ་གཉིས་ལའང་བསླབ་ཚུལ་སོགས་རང་རང་གི་སྣོད་རུང་རྣམས་ལ་ལེགས་པར་འཁྲིད་ནས་བླང་དོར་བྱེད་ཐུབ་པ་ཞིག་དང༌། སྡོམ་པ་ལས་འགལ་བའི་ཉེས་ལྟུང་བྱུང་བའང་ཉིན་མོ་བྱུང་བ་རྣམས་ནུབ་མོ་དང༌།ནུབ་མོ་བྱུང་བ་རྣམས་ནངས་པར་དཀོན་མཆོག་གི་རྟེན་ལ་སོགས་པའི་དྲུང་དུ་སྤྱི་བཤགས་དང་ཕྱིར་བཅོས་ལྟུང་བཤགས་ལ་སོགས་པའི་སྒོ་ནས་བཤགས་པ་བྱེད་དགོས་པའི་བསླབ་བྱ་ནན་ཏན་མཛད་ནས་ལག་ལེན་ལ་ཐེབས་པ་ཞིག་བྱུང་ན་རྒྱུད་དག་པ་དང་ངོ་ཚ་ཁྲེལ་ཡོད་སྐྱེ་བ་སོགས་ཀྱི་དགོས་པ་ལྷག་པར་ཆེ་བ་ཡིན།   གཞན་ཡང་མདོ་སྔགས་ཀྱི་གཞུང་ལུགས་ཆེན་མོ་རྣམས་ལ་བསླབ་སྦྱངས་བྱེད་དུ་བཅུག་ནས་དེའི་དོན་རྣམས་ལག་ལེན་ལ་ཐེབས་པའི་ཕྱིར་བྱང་ཆུབ་ལམ་གྱི་རིམ་པ་ལ་སོགས་པའི་འཁྲིད་ཚུལ་བསྟན་ནས་ཐོས་པ་ཁ་ཕྱིར་བལྟས་ཀྱི་སྒྲ་སྤྱི་ཙམ་ལ་མ་སོང་བར་རྒྱུད་ལ་ཕན་ཐོགས་པའི་ཐབས་སུ་འགྱུར་ངེས་པ་ཞིག་མཛོད།   ཁྱིམ་པའི་རིགས་ཀྱང་དུས་བཟང་ལ་བསྙེན་གནས་སྨྱུང་གནས་སོགས་ཀྱི་བསླབ་པ་ལ་འགོད་པ་དང་།   རྒྱུན་དུ་དཀོན་མཆོག་གི་རྟེན་ལ་མཆོད་པ།   ཕྱག་སྐོར། དམིགས་བརྩེ་མ་དང་རིགས་གསུམ་མགོན་པོ། སྒྲོལ་མའི་གཟུངས་ལ་སོགས་པའི་ངག་བཟླས་ལ་བརྩོན་པ། འདུལ་ལུང་གི་གླེང་གཞི་དང༌། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号