ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་བའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ།    །ཞེས་བསྔགས་པ།   ཁྲི་རིན་པོ་ཆེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། འོལ་ཁ་གྱང་སར་དུ་ཤིང་མོ་གླང་གི་ལོ་སྐུ་འཁྲུངས།   གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་གཞུང་ལུགས་ཆེན་མོ་རྣམས་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དེ་ནས་རྒྱུད་སྟོད་དུ་ཕེབས་ཏེ་སྤྱིར་གསང་སྔགས་རྒྱུད་སྡེ་བཞི་ག་ལ་སྦྱངས་ཤིང་ཁྱད་པར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ལ་ལེགས་པར་སྦྱངས།    དེ་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་ཤིང་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་ནས་ཉམས་སུ་བཞེས་ཏེ་མྱོང་བ་ཐོན་པར་མཛད།   གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཏེ་མདོ་སྔགས་གཉིས་ཀ་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན་རྒྱུད་སྟོད་ཀྱི་ཁྲི་ལ་ཕེབས་ཏེ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་མཛད་པ་རྣམ་ཐར་བཟང་པོ་རྣམས་རྗེས་སུ་བསྐྱངས་ཏེ་སྡོམ་པ་གསུམ་གྱི་བཅས་མཚམས་རྣམ་པར་དག་པ་ལ་གནས་ནས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་ལེགས་པར་བསྐྱངས་ཤིང་ཤར་རྩེ་ཆོས་རྗེ་མཛད།   དེ་ནས་དགུང་ལོ་ང་བཞི་པ་ས་ཕོ་རྟའི་ལོ་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་རྗེ་བདག་ཉིད་ཆེན་པོའི་མཛད་པ་རྣམ་ཐར་རྣམས་རྗེས་སུ་བསྐྱངས་ཏེ་དགུན་དུས་ལམ་རིམ་ཆེན་མོ་འཆད་པ་དང༌།   ལྷ་ལྡན་སྨོན་ལམ་ཆེན་མོའི་དུས་སྐྱེས་རབས་སོ་བཞི་པ་གཟབས་བཤད་དུ་མཛད་ཅིང༌། རྒྱུད་དུ་གསེར་ཁྲིའི་སྟེང་ནས་རྒྱ་བོད་ཧོར་གསུམ་གྱི་དད་ལྡན་རྣམས་ཀྱིས་རྗེ་རིན་པོ་ཆེའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་མཆོད་ཅིང་བསྙེན་བཀུར་བའི་དགེ་བ་རྣམས་ཆུད་མི་ཟ་ཞིང་རྒྱ་ཆེར་སྤེལ་ཕྱིར་བསྔོ་བ་ཡོན་བཤད་ནར་མར་མཛད་པ་དང༌། ཕྱོགས་ཕྱོགས་ནས་འདུས་པའི་ཆོས་དོན་གཉེར་ཅན་མང་པོར་རྗེའི་མདོ་སྔགས་ཀྱི་མན་ངག་རྣམས་རྒྱ་ཆེར་སྤེལ་ཞིང་ལྷག་པར་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལན་མང་དུ་གནང་སྟེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་བཙུན་བྱམས་པ་མ་གོན་པོའི་སྐུ་བརྙན་གསེར་ཟངས་ལས་བསྒྲུབས་པ་ཆེ་ལེགས་བཞེངས་པ་སོགས་ཕྱི་རབས་ཀྱི་མིག་ལྟོས་སུ་ཆེ་བའི་ཕྱག་རྗེས་བཟང་པོ་འཇོག་པར་མཛད། དེ་ནས་དགུང་ལོ་དྲུག་ཅུར་ཕེབས་པ་ཤིང་ཕོ་བྱི་བའི་ལོ་ཁྲི་ཐོག་བཞག་ནས་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས་ཆོས་རྗེ་བདེ་བ་ཅན་པ་ཞེས་གྲགས། རྗེ་འདི་པ་འཕྲིན་ལས་ཆེ་བར་བྱུང་བས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཀྱང་བསྙེན་པར་རྫོགས་པའི་མཁན་པོ་ཞུས་ཤིང་ཆོས་མང་དུ་གསན།  མལ་གྲོ་རིན་ཆེན་གླིང་དང༌།ཕག་མོ་ཆོས་སྡེ་སོགས་དགེ་འདུན་གྱི་སྡེ་མང་པོ་བསྐྱངས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དོ།   །དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་རེ་གསུམ་པ་མེ་མོ་ཡོས་ཀྱི་ལོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞིང་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཁྲི་རིན་པོ་ཆེ་དགེ་ལེགས་དཔལ་བཟང་ལ་གསོལ་བ་འདེབས་ཤིང་ཁྲི་རིན་པོ་ཆེ་འདིའི་རྣམ་ཐར་ལྟར་རྗེ་རིན་པོ་ཆེའི་ལྟ་གྲུབ་བསྲེ་ལྷད་མེད་པར་བཟུང་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་བྱའོ།   །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号