ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   ཀུན་མཁྱེན་བློ་བཟང་བསྟན་པའི་རྒྱ་མཚོ་ཆེར།   །མཚམས་སྤྲིན་ལ་འགྲན་ངུར་སྨྲིག་གསར་པ་ཡི། །སྦྲང་རྩིའི་རྒྱལ་མཚན་འཛིན་པའི་པད་དཀར་ཅན། །སྤྲུལ་བས་འགྲོ་བ་འདྲེན་ལ་གསོལ་བ་འདེབས།   །ཞེས་བསྔགས་པ་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ནི། འཕྱོང་རྒྱས་འཕྱིང་བར་སྟག་རྩེར་ཡབ་ཧོར་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕེམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་སྦྲུལ་ལ་སྐུ་འཁྲུངས།   འཁྲུངས་ཙམ་ཉིད་ནས་བྱིས་པའི་རྒུད་པ་མཐའ་དག་ལས་འདས་ཏེ།   འགྲོ་བ་རྣམས་ལ་ཆོས་སྟོན་པའི་ཕྱག་རྒྱ་མཛད་པ་སོགས་བསམས་བཞིན་དུ་སྤྲུལ་པའི་སྐུ་གཟུང་བའི་ངང་ཚུལ་གསལ་བར་བསྟན། ཇོ་བོ་རྗེ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སོགས་ལྷ་དང་བླ་མ་དམ་པ་མང་པོའི་ཞལ་གཟིགས།བཀའ་གདམས་གླེགས་བམ་ལས་གསལ་བར་ལུང་བསྟན་པ་ལྟར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། ཆོས་སྐྱོང་ཁག་རྣམས་མཐུན་པར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ངོས་ཟིན། དེ་སྐབས་དུས་གཟིར་པས་གེགས་དབང་དུ་སོང་དོགས་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྡེ་སྲིད་གཙང་པ་ལ་ཞུ་མཁས་ཀྱིས་རྩོལ་བ་ཆེན་པོ་མཛད་དེ་འབྲས་སྤུངས་སུ་གདན་འདྲེན་པའི་བཀོད་པ་མཛད་ནས་དགུང་ལོ་དྲུག་པ་ཆུ་ཁྱི་ཧོར་ཟླ་གཉིས་པའི་ཉེར་ལྔ་ལ་གངས་ཅན་འཛིན་མའི་རྒྱན་གཅིག་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྡེ་སྲིད་བསོད་ནམས་ཆོས་འཕེལ། སེ་འབྲས་ཀྱི་བླ་མ་དཔོན་སློབ་རྣམས་དང༌། དགེ་འདུན་འདུས་པ་རྒྱ་མཚོ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁོག་ཏུ་བརླམས་པ་སོགས་ཀྱིས་ཕེབས་བསུ་སེར་སྦྲེང་བསམ་གྱིས་མི་ཁྱབ་པ། སྐྱེ་བོ་ཁྲི་ཕྲག་བརྒལ་བའི་ཁྲོམ་བཅས་དགའ་ལྡན་ཕོ་བྲང་དུ་ཕེབས། དགུང་ལོ་དགུ་བར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང༌། ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན་མཛད་དེ་དགེ་ཚུལ་བཞེས་ནས་མཚན་བློ་བཟང་རྒྱ་མཚོར་གསོལ། དེ་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཐོག་མར་དགེ་ཚུལ་གྱི་བསླབ་བྱ་དང༌།   ཆོས་སྤྱོད་རྣམས་ཀྱི་ལུང༌།   ཡི་དམ་གྱི་དབང་ཆེན་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་དབང་དང་རྗེས་གནང་མང་པོ་དང༌། ལམ་རིམ་ཆེ་ཆུང་གི་ལུང་སོགས་ལུང་མཐའ་ཡས་པ་གསན།   ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ལ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་ཆོས་མང་དུ་གསན་ཏེ་རྒྱུན་གྱི་ཡོངས་འཛིན་དུ་བསྟེན། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱང་ཡོངས་འཛིན་དུ་བསྟེན་ནས་ཆོས་མང་དུ་གསན། གཞན་ཡང་ཡོངས་འཛིན་མང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང༌།   རིགས་པའི་གནས་ལྔ་ལའང་སྦྱངས་པ་མཐར་ཕྱིན་པར་མཛད། དེ་ནས་དགུང་ལོ་ཉེར་གཉིས་སུ་ཕེབས་པ་ས་ཕོ་སྟག་གི་ལོ་ཟླ་བ་གསུམ་པའི་ཚེས་ལྔའི་ཉིན་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཐུབ་དབང་སླར་ཡང་གངས་རིའི་ཁྲོད་དུ་བྱོན་པ་ལྟ་བུར་གྱུར་ཏོ། །དེ་ནས་དགུང་ལོ་ཉེར་ལྔ་པ་ལྕགས་མོ་སྦྲུལ་གྱི་ལོ་ཀོ་ཤི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་གཙང་སྡེ་སྲིད་བཅོམ་ནས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ཏེ་ཀུན་མཁྱེན་ལྔ་པ་ཆེན་པོ་འདིའི་ཕྱག་ཏུ་ཕུལ། ཕོ་བྲང་ཆེན་པོ་པོ་ཏ་ལ་བརྩིགས་ཏེ་བཞུགས་ཡུལ་མཛད།  བོད་ཀྱི་ལྷ་ཅིག་འཕགས་པ་ཐུགས་རྗེ་ཆེན་པོ་ལོ་ཀེ་ཤྭ་རའི་སྐུ་རང་བྱུང་ཡང་ཕེབས་ནས་ཕོ་བྲང་དུ་བཞུགས། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཡོངས་འཛིན་དུ་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་རྒྱས་པར་གསན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གདན་དྲངས་ནས་སྤྱི་བཀའ་རྡོ་རྗེ་འཕྲེང་བ་དང༌། ཟུར་བཀའ་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་དང་རྗེས་གནང་མཐའ་ཡས་པ་དང༌། དབེན་ས་བཀའ་འབུམ་གྱི་ལུང་སོགས་དབེན་ས་སྙན་རྒྱུད་ཀྱི་མན་ངག་རྣམས་ཀྱང་ལེགས་པར་གསན།   ཀཽ་ཤྲྰི་བསྟན་འཛིན་ཆོས་རྒྱལ་གྱིས་གདན་དྲངས་ནས་གཙང་ཕྱོགས་སུ་ཕེབས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ལ་ཆོས་ཀྱི་བདུད་རྩི་སྩལ་ཞིང༌། མཆོད་ཡོན་གཉིས་ཀས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གུས་འདུད་དང་བསྙེན་བཀུར་རྒྱ་ཆེན་པོ་མཛད། སེར་སྐྱ་བགྲང་བ་ལས་འདས་པ་ལ་ཞལ་གྱི་དཀྱིལ་འཁོར་བསྟན་ཅིང་ཆོས་ཀྱི་བདུད་རྩི་སྩལ་ནས་མཐོང་ཐོས་དྲན་རེག་ཐམས་ཅད་རྗེས་སུ་འཛིན་པར་མཛད།   དགུང་ལོ་སོ་དྲུག་ཏུ་ཕེབས་པ་ཆུ་ཕོ་འབྲུག་གི་ལོ་ཤར་ཕྱོགས་རྒྱ་ནག་ཕོ་བྲང་དུ་ཕེབས་ཏེ་རྒྱ་དང་ཧོར་སོག་གི་སྐྱེ་བོ་བགྲང་བ་ལས་འདས་པའི་དོན་མཛད། སླར་ཕོ་བྲང་དུ་ཕེབས་ནས་མཐའ་དབུས་སྐྱེ་འགྲོ་བགྲང་བ་ལས་འདས་པ་ལ་རང་རང་གི་དབང་པོ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་ལྷག་པར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བགྲང་བ་ལས་འདས་པ་སྩལ། ཆོས་འཁོར་ཡང་རྩེ་སོགས་ཆོས་གྲྭ་ཆེན་པོ་མང་པོར་འཇམ་མགོན་བླ་མའི་བསྟན་པའི་རྒྱུན་གསར་འཛུགས་མཛད། སྔགས་གྲྭའི་དགེ་འདུན་གྱི་སྡེ་ཡང་མང་དུ་བཙུགས་ཏེ་ཀུན་མཁྱེན་ལྔ་པ་ཆེན་པོས་གསར་འཛུགས་མཛད་པའི་གླིང་ཆེན་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་ལྟར་དང༌།   གཞན་ཡང་སྔར་ཡོད་པའི་དགེ་འདུན་གྱི་སྡེ་རྣམས་ལ་ཆོས་གཞི་གནང་སྟེ། གོང་འཕེལ་དུ་མཛད། དགེ་འདུན་གྱི་སྡེ་གང་ན་ཡོད་པ་ཐམས་ཅད་བཅའ་ཁྲིམས་དམ་པོར་མཛད། གདུལ་བྱའི་ཁམས་དང་བསམ་པ་ལ་གཟིགས་ནས་གསང་སྔགས་སྔ་འགྱུར་གྱི་ཆོས་ཀྱང་མང་དུ་གསན་ཞིང་གངས་རིའི་ལྗོངས་གྱི་སའི་ཆ་ཐམས་ཅད་དུ་སྐུ་གསུང་ཐུགས་རྟེན་མང་དུ་སྤེལ། རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཕྱིར་དགེ་འདུན་གྱི་སྡེ་རྣམས་སུ་རེ་མོས་ཀྱིས་བཀའ་འགྱུར་གསུང་སྒྲོག་རྒྱུན་མི་འཆད་དུ་མཛད། ཇོ་བོ་ཤཱཀྱ་མུ་ནེ་ལ་རིན་པོ་ཆེ་ལས་གྲུབ་པའི་དབུ་རྒྱན་གསར་དུ་བསྒྲོན། བོད་ཁམས་བདེ་ཐབས་སུ་མཆོག་དམན་བར་མ་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་བཟླ་བ་དང༌།   དགེ་འདུན་གྱི་སྡེ་རྣམས་སུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ཐུགས་དམ་བསྐུལ་བའི་ཆོ་ག་དང༌། གནས་བརྟན་ཆེན་པོ་བཅུ་དྲུག་མཆོད་པའི་ཆོ་ག་རྒྱུན་མི་འཆད་པའི་གཞི་བཙུགས་ཤིང་བཀའ་འདོམས་ཆེ་བར་མཛད། རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཕྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་ཕྱོགས་གཅིག་ཏུ་དྲིལ་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང༌། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད་ཕུལ་ཕྱུང་དགོངས་རྒྱན།   དམིགས་བརྩེ་མའི་ཊྰིཀྐ།    ཕར་ཕྱིན་བློ་བཟང་དགོངས་རྒྱན། དབུ་མའི་རྣམ་བཤད། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ།   འདུལ་བའི་ལས་ཆོག་གསེར་མདོག་རྣམ་རྒྱལ། སོ་ཐར་གྱི་བསླབ་བྱ། མདོ་ཆོག་ཡིད་བཞིན་དབང་རྒྱལ། གནས་བཅུའི་ཆོ་ག གཟུངས་འབུལ་ལག་ལེན།   པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སོགས་བླ་མ་གོང་མའི་རྣམ་ཐར་ཁག་མང་པོ་དང༌། གསན་ཡིག་གངྒྰའི་ཆུ་རྒྱུན་དང༌། རྒྱལ་བ་མཆོག་ཉིད་ཀྱི་རྣམ་ཐར་དུ་ཀུ་ལའི་གོས་བཟང་དང༌། བོད་ཁམས་ལུགས་གཉིས་ཀྱིས་སྐྱོང་ཕྱིར་རྒྱལ་རབས་དང་ཁྲིམས་ཡིག   ལྷག་པའི་ལྷ་མང་པོའི་སྒྲུབ་ཐབས་སོགས་བཀའ་རྩོམ་པོད་སུམ་ཅུ་སྐོར་བཞུགས་སོ།  །དེ་ལྟར་གངས་རིའི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་ཀུན་མཁྱེན་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་བྱང་ཕྱོགས་གངས་རིའི་ཁྲོད་འདི་ལུགས་གཉིས་ཀྱིས་བསྐྱངས་ཏེ་བསྟན་འགྲོའི་དོན་རླབས་ཆེན་མཛད་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་རེ་དྲུག་ཏུ་ཕེབས་པ་ཆུ་ཕོ་ཁྱིའི་ལོ་ཞི་བར་གཤེགས་སོ།   །མཛད་པ་རྣམ་ཐར་ཆེས་ཞིབ་པར་ནི་༧རྒྱལ་བ་མཆོག་ཉིད་ཀྱིས་མཛད་པའི་རྣམ་ཐར་དུ་ཀུ་ལའི་གོས་བཟང་དུ་གསལ་བ་ལྟར་རོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས༧རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང་༧རྒྱལ་བ་མཆོག་འདིས་གངས་ཅན་གྱི་གདུལ་བྱ་རྣམས་ལ་ཞལ་གདམས་སུ་སྩལ་བ་འཇམ་དཔལ་ཞལ་ལུང་ལས། མ་དག་སྣོད་ཀྱི་སྐྱོན་སྤངས་གཟུར་གནས་ཀྱི། །རྣ་བར་དམ་པའི་ཆོས་ཀྱི་དབྱངས་སྙན་པོ། །ཡོངས་འཛིན་ཞལ་གྱི་སྒོ་ལས་ཉེར་ཐོས་པ། །བསྐལ་པར་བསྒྲུབས་པའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་རྒྱ་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་ཆེ་བ་བཞི་ལྡན་ཆོས།   །མཆོག་དམན་འགྲོ་ལ་རིས་མེད་ཕན་པའི་སྨན། །བདུད་རྩིའི་སྤུན་ཟླ་གཉིས་པ་རྙེད་དཀའི་ལམ། །ལམ་མཆོག་འདི་འདྲ་ཐོས་བསམ་སྒོམ་གསུམ་གྱིས། །ཉམས་སུ་བླང་བྱར་ཡོད་པའི་སྐལ་བཟང་རྣམས། །མནོག་ཆུང་ཚེ་འདིའི་མདུན་མ་རྒྱང་བསྲིངས་ཏེ། །ཞེན་ལོག་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས། །འདུ་འཛིས་དབེན་པའི་ས་འཛིན་མཐོན་པོའི་ངོས། །སྤང་ལྗོངས་ནགས་ཚལ་མེ་ཏོག་ཁོར་ཡུག་ཅན། །རྡོ་བའི་སྤྱིལ་ཆུང་རང་ཤོང་ཁང་བུ་རུ། །གྲིབ་མ་གཉིས་པའི་གྲོགས་དང་ལྷན་ཅིག་པར།   །ལྷུང་ལྷུང་དལ་གྱིས་འབབ་པའི་ཉལ་འགྲོ་དང༌། །བག་ཕེབས་རི་དྭགས་རྒྱུ་བའི་སྐད་གཉིས་ལས། །གཞན་དུ་དུག་གསུམ་བསྐྱེད་པའི་ལོང་གཏམ་གྱིས། །བསམ་གཏན་ཚེར་མའི་བྱེད་པོ་དམིགས་སུ་མེད།  །ཕྱག་དར་ཁྲོད་པའི་གོས་དང་བསོད་སྙོམས་ཀྱིས། །ཉེར་འཚོ་དཀོར་ནག་དུག་ཆུས་མ་སྦགས་པས། །རྣམ་དཀར་དགེ་ལ་བསྐུལ་ནུས་ལུས་ངག་ཡིད། །གཏན་གྱི་བདེ་སྒྲུབ་མདུན་མའི་ཡང་རྩེར་སོན། །ཞེས་གསུངས་པ་ལྟར་དལ་རྟེན་ལན་ཅིག་ཐོབ་པའི་སྐབས་འདིར་ཚང་ལ་མ་ནོར་བའི་ལམ་ལ་བག་ཆགས་ཅི་ཐེབས་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号