ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྗེ་ཐམས་ཅད་མཁྱེན་པས་བཀའ་གདམས་གཞུང་པའི་ལམ་རིམ་གསན་བརྒྱུད་ལས། བ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   དགེ་བཤེས་སྟོན་པ་ནས་དགེ་བཤེས་པོ་ཏོ་བ། དེ་ནས་གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོའི་བར་གྱི་བརྒྱུད་རིམ་དེ་ནི་རྗེ་ཐམས་ཅད་མཁྱེན་པས་བཀའ་གདམས་གཞུང་པའི་ལམ་རིམ་གསན་བརྒྱུད་ཡིན་ལ། བཀའ་གདམས་གདམས་ངག་པར་གྲགས་པ་དགེ་བཤེས་སྟོན་པ་ནས་སྤྱན་སྔ་ཚུལ་ཁྲིམས་འབར་ལ་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་ནི།གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར།།ཞེས་བསྔགས་པ།དགེ་བཤེས་སྤྱན་སྔ་བ་ནི་ཉན་གྱི་སྣང་ར་སྒང་དུ་ཡབ་ཤཱཀྱ་རྡོ་རྗེ་དང༌། ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་ཆུ་མོ་བྱའི་ལོ་ལ་འཁྲུངས། མཚན་སྟག་ཚབ་འབར་ཞེས་བཏགས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་བརྟས་པས་གཞན་གྱིས་བསྐུལ་བ་ལ་མ་བལྟོས་པར་སྐྱེས་བུ་གསུམ་གའི་ལམ་གྱི་གནད་རྣམས་ལ་བག་ཆགས་སད་དེ་བྱིས་པའི་དུས་སུ་སྤྱིར་འདུས་བྱས་འདི་ཐམས་ཅད་སྡོད་པའི་མཐུ་མེད་པར་འཇིག་པ་དང༌། ཁྱད་པར་རང་གི་ལུས་མྱུར་དུ་འཇིག་པའི་ངང་ཚུལ་དྲན་ནས་རྒྱུན་དུ་བཤུམ་པ་ཞིག་བྱུང་བས་ཡུམ་དེས་ཁྱོད་འཇིགས་མི་དགོས་མྱུར་དུ་ཤི་འགྲོ་སྙམ་པའི་བློ་དེ་སླར་བརྗེད་འགྲོ་ཟེར་སྤྱན་སྔའི་ཡུམ་དེ་ནི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་ཡིན་པར་གྲགས་པས་དེང་སང་རང་ཅག་ཐ་མལ་པ་རྣམས་ལ་བླ་མ་རེའི་བཀའ་དྲིན་ལས་འཆི་བ་དྲན་པའི་བློ་རིབ་ཙམ་རེ་བྱུང་ཡང་སྣང་ཤས་མཐུ་ཆེ་བས་ཆུ་ལ་དབྱུག་གུས་བྲིས་པ་ལྟར་དེ་མ་ཐག་བརྗེད་ནས་རྟག་འཛིན་གྱི་དབང་དུ་འགྲོ་བའི་ངང་ཚུལ་དེ་ཡུམ་དེས་བརྗོད་པའོ།   །དེ་དུས་ཡུམ་གྱིས་པང་དུ་ཁྱེར་ནས་སློབ་དཔོན་གྲོང་འདུལ་བ་ཅིག་ལ་ཕུང་པོ་ལྔའི་རབ་བྱེད་གསན་པས། ཕུང་པོ་འདི་ལྔར་འབྱེད་ཚོད་ཀྱིས་མཐར་སྟོང་པ་ཉིད་ཇུ་འདུག་སྙམ་སྟེ་བདག་མེད་པའི་ལྟ་བ་རང་འཁྲུངས་སུ་བྱུང༌། གཞན་ཡང་བྱིས་པའི་གནས་སྐབས་དེར་ལྷག་པའི་ལྷ་མང་པོའི་སྣང་བ་ཡང་ཡང་འཆད་བ་ཞིག་བྱུང༌། །ལོ༌བཅུ་གཉིས་ལོན་ཙ་ན་རྣལ་འབྱོར་མ་གོང་མོ་སྒང་བ་བྱ་བ་བྱོན་ནས་གདམས་ངག་ཅིག་གསུངས་པས་མྱོང་བ་ཁྱད་པར་ཅན་སྐྱེས་པ་ཞིག་བྱུང་སྟེ།   དེ་ནི་རང་བཞིན་གྱི་རྣལ་འབྱོར་མས་བྱིན་གྱིས་བརླབས་པ་ཡིན་པར་གསུངས།   ཡང་ལན་ཅིག་ཙ་ན་ར་ལུག་འཚོར་རི་ཞིག་གི་རྩེར་བྱོན་པས།   ད་སྟེ་ལོ་བརྒྱ་ཐམ་པ་ན་འདི་ནས་མཐོང་བའི་མི་ཐམས་ཅད་འཆི་བ་ཡིན་དགོངས་ཐུགས་ཕྱུང་བའི་མགུར་གསུངས་པ་རི་ཞོལ་གྱི་བཅས་མི་བ་རྣམས་ལ་སྙན་པར་བྱུང་ནས། འོར་ཆེ་སྟག་ཚབ་འབར་སྙན་རང་སྙན་ད་དུང་ཞིག་ལོངས་དང་ཟེར་བས། ང་མ་དགའ་ཆེས་ནས་བླངས་པ་ལ་ཁོང་ད་དུང་ལོངས་ཟེར་ཨང་གསུང༌།   དེ་ནས་དགུང་ལོ་བཅོ་བརྒྱད་པ་ལ་སྟོད་ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་དྲུང་དུ་རབ་ཏུ་བྱུང༌།   མཚན་ཚུལ་ཁྲིམས་འབར་དུ་བཏགས།    དེར་ཡུམ་གྱི་རྨི་ལམ་དུ་དུང་དཀར་ཞིག་བུས་པ་འཛམ་བུ་གླིང་པ་ཐམས་ཅད་ཀྱིས་ཐོས་པ་ཞིག་བྱུང་བས།ངའི་བུ་འདི་ལ་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་ཅིག་འོང་བར་འདུག་ཟེར།   སློབ་གཉེར་མཛད་དུས་ཚ་ཐོག་དགོན་པར་བྱོན་པའི་ཞོར་ལ།   ཇོ་བོ་སྙེའི་ན་མོ་ཆེར་བཞུགས་པ་དང་མཇལ།   སེམས་བསྐྱེད་གསུང་བ་གསན། དེ་དུས་ཇོ་བོས་འདི་པའི་སྤྱི་བོར་ཕྱག་བཞག སཾ་སྐྲྀ་ཏའི་སྐད་དུ་བཀྲ་ཤིས་ཀྱི་ཚིགས་བཅད་མང་པོ་མཛད། གསེར་གླིང་པའི་བུམ་པ་པདྨའི་ཆུཾ་ཅན་གནང༌། ངའི་ཆོས་རྒྱུད་འཛིན་པ་ཅིག་འོང་གསུང༌། དེ་ནས་ལན་ཆ་རབ་དང༌།   རུག་པར་སྡེ་སྣོད་ཀྱི་གསན་སྦྱོང་མང་དུ་མཛད།   རྒྱ་གར་རྡོ་རྗེ་གདན་ཆོས་ཀྱི་འབྱུང་ཁུངས་ཡིན་པས་དེར་འབྱོན་དགོངས་ཏེ་སྐད་དོད་དང་རྒྱ་ཡིག་མང་དུ་བསླབས།   དེའི་དུས་སུ་མདོ་སྡེ་གཟིགས་པས་ཆོས་ཐོག་ཏུ་ཧྲིལ་ཧྲིལ་འགྲོ་བར་བྱུང་བས་སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་སར་འགྲོ་བ་ལ་བླ་མ་མི་དགོས་པར་སྣང་སྙམ་པ་བྱུང༌།ཕྱིས་སུ་བསམས་ཙ་ན་སྔར་གྱི་དེས་གར་ཡང་མི་ཕྱིན་པར་འདུག་གསུང༌།དེའི་དུས་སུ་ཡུམ་རུག་པར་བྱོན་ནས་རུག་པའི་བན་དེ་རྣམས་ལ་འདི་ནི་དགྲས་བདས་པ་ཡིན།འདི་འདྲེས་བདས་པ་ཡིན།སྙིང་ནས་ཆོས་བྱ་བསམ་ནས་རབ་ཏུ་བྱུང་བ་ནི་ཁྱོད་དང་སློབ་དཔོན་ཞང་བཙུན་གཉིས་ཡིན་ཁྱོད་ཆོས་གཤའ་མ་ཞིག་བྱེད་ན་ར་སྒྲེང་དུ་དགེ་བཤེས་སྟོན་པའི་སྤྱན་སྔར་འགྲོ་གསུངས་ནས་ཡུམ་གྱིས་ཁྲིད་དེ་དགུང་ལོ་ཉེར་ལྔ་པ་ལ་དགེ་བཤེས་སྟོན་པ་དང་མཇལ།སྤྱན་སྔའི་ཞལ་ནས། ངའི་མ་དེ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པས་འདིར་བསྐྱལ་བ་ཡིན་གསུང༌།   དེའི་ཚེ་དགེ་བཤེས་སྟོན་པ་ལ་ལམ་གྱི་འགྲོ་ཆོས་ཞུས་ནས་རྒྱ་གར་དུ་རྣལ་འབྱོར་པ་ཅིག་ལ་གཏུག་སྙམ་དུ་དགོངས་པ་ལ་དགེ་བཤེས་སྟོན་པའི་ཞལ་ནས།   ཁྱོད་རྒྱ་གར་དུ་མ་འགྲོ་ངས་ཐུགས་ལ་གདགས་ཀྱི་གསུང་།    དགེ་བཤེས་སྟོན་པས་ཐུགས་ལ་འདོགས་ན་རྒྱ་གར་དུ་འགྲོ་དོན་མི་འདུག་དགོངས་པ་བྱུང་ནས་བཤེས་གཉེན་སྟོན་པ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ་བཀའ་དང་དགོངས་འགྲེལ་ཐམས་ཅད་ཀྱི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་གསན་པས་ལམ་གྱི་རིམ་པའི་དམིགས་སྐོར་རྣམས་བསམ་དུ་བཏུབ་པར་བྱུང་བ་ལ། དགེ་བཤེས་སྟོན་པའི་ཞལ་ནས།  དུས་ཚོད་འདི་ཙ་ན་ཤོག་གསུང་བས་སྤྱན་སྔར་ཕྱིན་དུས་གྲོག་པོའི་གསེབ་ལ་ཉི་མ་བྱུང་བ་དེ། སྤྱན་སྔའི་ན་བཟའ་ལ་ཤར་བས་བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི་གཟུགས་མང་པོ་བྱུང་བས་རྟེན་འབྲེལ་ཤིན་ཏུ་བཟང་གསུངས་ནས་མཉེས་པ་ཡིན།   དགེ་བཤེས་སྟོན་པ་དེ་ཕར་ཕྱིན་གསུང་བའི་དུས་སུ་སྐུ་མཆེད་གསུམ་ཀ་པ་ལི་གཅིག་ལ་གཟིགས་པ་ཡིན་པར་གདའ། དགེ་བཤེས་སྟོན་པ་གྲུབ་མཐའ་ཞིག་གསུང་བ་གསན་དུ་བྱོན་པས། སྟོན་པའི་ཞལ་ནས། ང་ཁྱོད་ལ་སྒོམ་ཆེན་ཞིག་རེ་བ་ཡིན། ཁྱོད་རང་ནང་དུ་སྒོམས་ཤིག་གསུང་བས། སྤྱན་སྔས་ཕྱག་མཛད་ནས་བྱོན་པ་དང༌། སྟོན་པའི་ཞལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱ་བ་དེ་ཁོ་འདྲ་བ་ཞིག་ལ་ཟེར་བ་ཡིན་གསུངས། ཡོངས་རྫོགས་རྣལ་འབྱོར་པའི་ཞལ་ནས། དགེ་བཤེས་སྟོན་པས་ཐུགས་ལ་འདོགས་པར་སྣང་བས། ཁྱེད་རང་གསང་སྔགས་ཀྱི་ཆོས་ཞུས་ན་འོང་གསུང་བས། སྐུ་མཆེད་གཞན་གཉིས་ཀྱི་དྲོའི་དུ་བ་རེང་བྱུང་དུས་སྤྱན་སྔས་དྲོ་ཐོན་པར་བྱས། དེར་དགེ་བཤེས་སྟོན་པ་དྲོའི་དུས་བཞེས་སྐྱོ་སུན་རེ་གསོལ་བས།   དེ་དུས་སུ་གདམས་ངག་ཞུས་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདམས་པ་མ་ལུས་པ་གནང་བ་ཡིན།    སྤྱན་སྔའི་ཞལ་ནས།ཡོངས་རྫོགས་རྣལ་འབྱོར་པ་འདི་ང་ལ་བཀའ་དྲིན་ཆེ་གསུང༌།  ཡང་དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བོ་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ།  

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号