ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྗེ་ཐམས་ཅད་མཁྱེན་པས་བཀའ་གདམས་གཞུང་པའི་ལམ་རིམ་གསན་བརྒྱུད་ལས། བ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
འདོད་ཆགས་ཀྱི་གཉེན་པོར་གསུངས་པ་རྣམས་ཀྱིས་ཞེ་སྡང་འཇོམས་མི་ནུས།    ཞེ་སྡང་གི་གཉེན་པོར་གསུངས་པ་རྣམས་ཀྱིས་འདོད་ཆགས་འཇོམས་མི་ནུས་པས་ཉོན་མོངས་སོ་སོའི་གཉེན་པོ་སོ་སོར་བསྟེན་དགོས་པ་ཡིན་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་བྱེད་ནུས་པའི་ཆོས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་སྟོང་པ་ཉིད་སྒོམ་པ་འདི་ཡིན་གསུངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བའི་མན་ངག་དབུ་མའི་གདམས་ངག་རྣམས་ལེགས་པར་གནང༌། དེ་ལྟར་དང་པོར་དགེ་བཤེས་སྟོན་པ་དང་མཇལ་བ་ནས་ནམ་གཤེགས་ཀྱི་བར་འབྲལ་མེད་དུ་ལོ་བརྒྱད་བསྟེན།   དེ་ནས་དགེ་བཤེས་སྟོན་པ་སྐུ་གཤེགས་པས་ཐུགས་ངལ་ཆེན་པོ་བྱུང་བ་ན། ནུབ་གཅིག་རྨི་ལམ་ན་ཉི་མ་ཞིག་ལུས་ལ་ཤར་བ་རྨིས།དེ་དགེ་བཤེས་སྟོན་པའི་ཡོན་ཏན་མ་ལུས་པ་རང་གིས་ཐོབ་པ་ཡིན་ཨང་སྙམ་པ་བྱུང༌།   དེ་ནས་ཐུགས་དགོངས་ལ་རྣལ་འབྱོར་པ་གོང་འོག་འདི་རྣམས་ལ་ཇོ་བོའི་ཡོན་ཏན་མ་ལུས་པ་མངའ་བ་ཡིན་སྙམ་ནས་བསྟེན་ཏེ་རྣལ་འབྱོར་པ་ཆེན་པོ་དེ་བདེན་པ་གཉིས་དང་ལས་ཁ་ཚར་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང༌། དགོན་པ་བ་དེ་སྒོམ་སྐྱོན་སེལ་བ་དང་ཆོས་ཟབ་མོ་ཐམས་ཅད་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང༌།   རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དེ་གྲུབ་མཐའ་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང༌།   དེ་ནས་སྤྱན་སྔ་བས་ར་སྒྲེང་དུ་ཇོ་བོའི་སློབ་མ་རྣལ་འབྱོར་པ་ཆེན་པོ་དང༌།   དགེ་བཤེས་དགོན་པ་བ་སོགས་བསྟེན་ཅིང་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་དཀའ་སྤྱད་དྲག་པོའི་སྒོ་ནས་བརྩོན་པ་ལྷུར་མཛད། དེ་དུས་སྤྱན་སྔ་བ་འཚོ་ཆས་ཤིན་ཏུ་བཀྲེན་པས་ན་བཟའ་རྣམས་ཧྲལ་ཧྲུལ་དུ་གྱུར་ཏེ་མཐང་གོས་ལ་ཀོ་བའི་ལྷན་པ་བྱས་པས་སྤྱན་སྔ་ཀོ་ཤམ་པ་ཞེས་གྲགས་པ་བྱུང༌། ངེས་འབྱུང་ཤུགས་དྲག་པོས་རྒྱུད་བསྐུལ་ནས་མཚན་མོ་མནལ་ཡེ་མེད་པར་ལམ་རིམ་སྒོམ་པ་ལ་ཁོར་ཡུག་ཏུ་འབད་པས་རྣལ་འབྱོར་པ་ཆེན་པོས་བག་རེ་ཆོགས་དེ་ཙམ་བརྩོན་པ་ཆེས་ན་ཁམས་ལོག་ཉེན་ཡོད་གསུང་བ་ལ།   སྤྱན་སྔས་དེ་ལྟ་ལགས་ཏེ། དལ་འབྱོར་འདི་རྙེད་པར་དཀའ་བས་ཞེས་གསུངས་སྤྱན་སྔ་བ་ཐུགས་དམ་ལ་འཇུག་རེས་ཀྱིས།གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།   །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར།    །ཞེས་འཇུག་པ་ནས་གསུངས་པ་དེ་ལན་རེ་བཏོན་ཏེ་དལ་འབྱོར་རྙེད་དཀས་རྒྱུད་བསྐུལ་ཏེ་འཇུག ཡང་སྤྱན་སྔས་བྱ་ཡུལ་པ་ལ་དལ་བ་འབྱོར་པ་མིའི་ལུས་ཐོབ་པ་དྲན་ནམ་ཞེས་ཡང་ཡང་གསུང་བར་མཛད་དེ། དལ་འབྱོར་དོན་ཆེ་རྙེད་དཀའ་དང་ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ་སྐད་ཅིག་ཀྱང་ཡེངས་ལོང་མེད་པར་ལམ་རིམ་སྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་དོ།   །དེ་ལྟར་སྒྲུབ་པ་དར་དྲག་ལ་རྒྱུན་རིང་བ་མཛད་པས་ལམ་གྱི་རིམ་པ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཞིང༌།   མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་འཆར་བ་ཇི་བཞིན་དུ་སངས་རྒྱས་དང་བྱང་སེམས་མང་པོས་ཞལ་བསྟན་ནས་དངོས་སུ་བྱིན་གྱིས་བརླབས།   ནངས་ཅིག་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ཕྱག་ཏུ་བུམ་པ་བསྣམས་པ་ཅིག་བྱོན་ནས་སྐུ་ཁྲུས་གསོལ་བས་སྐུ་ལུས་ཀྱི་མི་གཙང་བ་ཐམས་ཅད་སངས་ཀྱིས་དག་པའི་སྣང་བ་བྱུང༌། ལན་ཅིག་ཁོང་རང་ཇོ་བོ་མི་གཡོ་བ་ཞྭ་ཐེབ་ཆུང་ཆུང་གསོལ་བ་གཅིག་ཏུ་གཟིགས་སོ།  །སྤྱན་སྔ་བ་འདི་ནི་རིག་གནས་མཐའ་དག་ལ་མཁས་པ་ཞིག་སྟེ།  རྒྱ་ཡིག་རང་ཡང་རིགས་མི་འདྲ་བ་བདུན་ཙམ་མཁྱེན།    ངས་ལོ་ཙཱ་བྱས་ཀྱང་འབྲིང་པོ་ཞིག་འོང་ངམ་སྙམ་པ་ཡིན།  ངས་ཐེག་པ་ཆེན་པོ་གསང་སྔགས་ལ་ཕན་ཡོན་ཆེ་ཟེར་བ་རྣམས་ལ་བསྙེན་པ་ཚད་དུ་མ་བསྐྱལ་བ་མེད།    ལས་ཚོགས་རྣམས་ལའང་ཉམས་སུ་མ་བླངས་པ་མེད།   སཱཙྪ་གཅིག་པུའང་རི་དེའུ་ཙམ་བཏབ་པ་ཡིན། སྤང་སྤོས་གཅིག་པུའང་ཁང་པ་གང་བ་ཙམ་གཏམས་པ་ཡིན་གསུང༌།དེ་ནས་ཤིང་མོ་ཕག་གི་ལོ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་དུས་ལོ་དགོན་པ་གདབ་པར་དགོངས་ནས་རྒྱ་ཡོན་བདག་ལ་རྨི་ལམ་བརྟག་པ་ཞུས་པས།  རྒྱའི་ཞལ་ནས་ཆོས་བགྲེས་པོ་ཞིག་ཡུལ་དུ་འགྲོ་ཟེར་བ་བྱུང༌།    སྤྱན་སྔའི་ཞལ་ནས་རྨི་ལམ་རྣོ་གསུང་སྐད།  དེ་ནས་ཉན་དུ་བྱོན།    ཡོན་བདག་བྱ་རྗེ་སྟོད་པས་མར་གྱི་མེ་ཏོག་མང་པོ་ཕུལ་བས་ངའི་ཡོན་བདག་དཔལ་གསུམ་ཕུ་བ་གསུངས་ནས་མཉེས། དེ་ནས་ལོའི་གཙུག་ལག་ཁང་ཀ་བཞི་མ་བཞེངས། རྟེན་གཙོ་ལ་དགེ་བཤེས་སྟོན་པ། རྣལ་འབྱོར་པ་ཆེན་པོ།དགོན་པ་བ་གསུམ་གྱི་ནང་རྟེན་དུ་དངུལ་གྱི་གདུང་ཁང་དང༌།  གསེར་འབུམ་གཡུ་ཕྲ་ཅན། ཕྱི་རྟེན་དུ་མཆོད་རྟེན་གསུམ་བཞེངས། དེ་རྣམས་ཀྱི་རྩིག་འཕྲེང་རེ་རེ་ལ་རབ་ཏུ་གནས་པ་ལན་རེ་རེ་མཛད་ཅིང་སློབ་དཔོན་ནཱ་ག་པོ་ངྷིས་ཀྱང་དེ་བཞིན་དུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ལགས། བྱ་ཡུལ་བས་སྤྱན་སྔ་ལ།སློབ་དཔོན་ནཱ་ག་བོ་ངྷི་ཞལ་གཟིགས་ཟེར་བ་མེད་དམ་ཞུས་པས། ཨ་ན་མ་བཙུན་ཆུང་འདྲ་འདྲིར་བཅུག་པའི་ཆོས་མི་འདྲི་བར།འདིར་མ་བཅུག་པའི་དེ་འདྲ་བས་ཅི་བྱ་གསུངས་ནས་མ་གནང༌།ཡང་ཞུས་པས་ངས་སློབ་དཔོན་ནཱ་ག་བོ་ངྷིའི་ཞལ་མཐོང་ཆོས་ཐོས་ཁྱོད་རང་ཡང་གསོལ་བ་ཐོབ་དང་བྱིན་གྱིས་རློབ་པ་ཡིན་གྱི་གསུང༌། སྔོན་ར་སྒྲེང་དུ་བྱོན་པ་ཅིག་ལ་ཕ་བོང་ཐང་ན་ཡར་སློབ་དཔོན་ནཱ་ག་བོ་ངྷི་དགེ་བཤེས་སྟོན་པའི་རྣམ་པར་བྱས་ནས་བཞུགས་པ་ཞལ་གཟིགས།   དེ་ནས་གར་བཞུད་ཆ་མེད་པར་བཞུད། ང་རང་དད་གུས་ཆུང་བས་ལན་སྙམ་ནས་གསོལ་བ་ཤུགས་དྲག་བཏབ་པས་དངོས་སུ་བྱོན་ནས་བྱིན་གྱིས་བརླབས།ཆོས་བཞི་ཚན་བཞི་ལ་སོགས་པ་གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ་ལོ།།དེ་ནས་དགེ་བཤེས་སྤྱན་སྔ་བས་སྨྱུག་རུམ་དུ་བྱོན་ཏེ་ཕ་བོང་དཀར་ལེབ་བྱ་བའི་སྟེང་ནས་བྱ་ཡུལ་གྱི་རྒྱབ་རི་གཟིགས་པས།རི་དེ་རྒྱལ་བའི་གཙུག་ཏོར་འདྲ། ། ཡན་ལག་བརྒྱད་ལྡན་ཆུ་བོ་འབབ།   །དེ་ཡི་ཤར་ལྷོའི་ཕྱོགས་མཚམས་ན། །ཚེ་དང་ལྡན་པའི་དགོན་གནས་ཡོད།   །རི་བྱ་ཡུལ་ཡུལ་བ་ཕ་གིའི་ཐད་དུ་གཙུག་ལག་ཁང་བཞེངས་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱིས་ཞེས་ལུང་བསྟན།  དེར་ཞབས་རྗེས་ཀྱང་བྱོན།དེ་ནས་ཅུང་ཟད་བསྙེལ་བའི་དུས་ཤིག་རྣལ་འབྱོར་པ་ཆེན་པོ་གར་གཤེགས་གསུངས། དེ་ནི་རྣལ་འབྱོར་པ་ཆེན་པོ་དང་མཇལ་བར་ངེས།ཡང་ལན་ཅིག་ཉི་མ་ཤར་ཨང་གསུང༌། ལན་ཅིག་འཁོར་ལོ་འཁོར་ཨང་གསུང༌།ཅི་ལགས་ཞུས་པས།འཇམ་དཔལ་བརྟན་པའི་འཁོར་ལོ་གསུང༌། ད་སྔར་མ་མྱོང་པའི་བདེ་བ་ཅིག་མྱོང་བར་སྣང་གསུང༌།དེ་ནས་དགུང་ལོ་བདུན་ཅུ་དོན་གཅིག་པ་ཆུ་མོ་ལུག་གི་སྨལ་པོ་ཟླ་བའི་ཚེས་ཉི་ཤུ་གཅིག་ལ་ཞི་བར་གཤེགས།དེ་ནས་ལོ་པའི་སྡེ་པ་རྣམས་ཀྱིས་སྤུར་བརྐུས་ནས་གདན་འདྲེན་རྩིས་བྱས་པ་ལ་གདན་འདྲེན་མ་ཐུབ་པར་གཙང་ཁ་དེར་ཞུགས་ལ་ཞེན། དེའི་ཚེ་སྤྱན་སྔའི་ཐུགས་ནམ་མཁའ་ལ་བྱོན་ཏེ་བྱ་ཡུལ་བ་ཆེན་པོ་སྨྱུག་རུམ་གྱི་གདོང་དེ་ན་གསོལ་བ་འདེབས་ཀྱིན་བཞུགས་པའི་པང་དུ་བྱུང་བས་ཐུགས་ཀྱི་གཏོད་ས་ང་རང་ཡིན་སྙམ་དུ་དགོངས་པ་བྱུང་གསུངས།   དེ་ལྟར་སེམས་དཔའ་ཆེན་པོ་སྤྱན་སྔ་བ་འདིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དེ་དགེ་འདུན་གྱི་སྡེ་མང་དུ་བཙུགས།སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་བཞེངས། སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ལམ་གྱི་རིམ་པའི་ཁྲིད་གནང་སྟེ་ཚོགས་པ་བདུན་བརྒྱ་ཙམ་འདུས་པས་བསྟན་པ་འཛིན་པའི་སློབ་མ་མང་དུ་བྱུང་ཞིང་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་མེད་པའི་ཐུགས་སྲས་ནི་བྱ་ཡུལ་པ་ཆེན་པོ། སྟོད་ལུང་པ་ཆེན་པོ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号