ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
སྡོམ་པ་གསུམ་གྱི་བཅས་མཚམས་དག་པ་ཉམས་ལེན་གྱི་མཐིལ་དུ་བྱས་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་འབད་པར་བྱའོ།   དེ་ལྟར་རྒྱལ་དབང་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོས་དགུང་ལོ་ཞེ་དགུའི་བར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་ལྔ་བཅུ་ལ་ཕེབས་པ་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ་དབོ་ཟླ་བའི་ཚེས་གསུམ་གྱི་ཉིན་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་དང༌།   གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་པའི་ངང་ཚུལ་མངོན་སུམ་དུ་བསྟན་ཏེ་ཆོས་ལ་བསྐུལ་བ་སོགས་དགོས་པ་ཁྱད་པར་ཅན་མང་པོ་ཞིག་གཟིགས་ནས་ཐ་མལ་སྣང་ངོར་བསྟན་པའི་གཟུགས་སྐུའི་བཀོད་པ་བསྡུས་ཏེ་རེ་ཤིག་འོད་གསལ་ཆོས་སྐུའི་ངང་དུ་བཞུགས།    དེ་ནས་འོད་གསལ་དེ་ལས་བཞེངས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་མི་ཕམ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་ཏེ་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་གསང་བ་ཟབ་མོའི་གནས་ལས་བརྩམས་ཏེ་བཀའ་བགྲོ་བར་མཛད་པ་དང༌།   གཞན་ཡང་སྤྲུལ་པ་བྱེ་བ་ཕྲག་བརྒྱས་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་ཕེབས་ཏེ་རྒྱལ་བ་སྲས་བཅས་རྣམས་མཆོད་ཅིང་བཀའ་བགྲོ་བར་མཛད། དེ་ནས་ཡུན་རིང་པོ་ནས་ཐུགས་བསྐྱེད་པའི་དམ་བཅའ་འགྱུར་བ་མེད་པ་དང༌།    ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་ཀྱང་ཐུགས་རྗེ་བསྐུལ་བའི་མཐུས་མྱུར་བར་ཞིང་འདིར་སྤྲུལ་པའི་སྐུ་བཟུང་སྟེ་གངས་རིའི་ཁྲོད་ཀྱི་འགྲོ་བ་མཐའ་དག་མགོན་དང་བཅས་པར་མཛད་དེ། དེ་ཡང་མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ་སོགས་མདོ་རྒྱུད་དུ་མ་ནས་བྱང་ཕྱོགས་ཁ་བ་ཅན་འདི་མགོན་པོ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་ལམ་ཅིག་མིན་པར་བསྔགས་ཤིང༌། ཇི་ལྟར་བསྔགས་པ་ལྟར་མགོན་པོ་སྤྱན་རས་གཟིགས་ཀྱི་ཐབས་མཁས་ཀྱི་སྤྲུལ་པ་བགྲང་བ་ལས་འདས་པས་བྱང་ཕྱོགས་གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་བཙུགས། སྐྱེ་འགྲོའི་བདེ་སྐྱིད་ཐམས་ཅད་འཕེལ་བར་མཛད།    ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་རིའི་ཁྲོད་ཀྱི་འགྲོ་བ་རྣམས་སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ལྷག་པར་མགོན་པོ་སྤྱན་རས་གཟིགས་ཉིད་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཤ་སྟག་ལ་བཀོད་པས་དབུས་གཙང་དག་པའི་ཞིང་ཞེས་གྲགས་ཤིང༌།   རྒྱལ་བས་ཤེར་ཕྱིན་གྱི་མདོ་སྡེ་ནས་ལུང་བསྟན་པ་ལྟར་ཕྱོགས་བཅུའི་ཞིང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་སྟོབས་དང་ལྡན་པ་བགྲང་བ་ལས་འདས་པ་ཞིང་འདིར་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་གྲོགས་སུ་བྱོན་ཏེ་རྒྱལ་བསྟན་ཡོངས་སུ་རྫོགས་པ་ཆེས་ཆེར་དར་བར་མཛད།   སླར་ཡང་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱུན་མི་འཆད་པས་བྱང་ཕྱོགས་གངས་རིའི་ཁྲོད་འདི་སྐྱོང་བར་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱུན་མི་འཆད་པར་རིམ་པར་བྱོན་པ་རྣམས་ཀྱིས་བོད་ཁམས་མགོན་དང་བཅས་པར་མཛད།   ལྷག་པར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞིང་བརྗེ་བ་ལ་ཉེ་བ་ན་མྱུར་དུ་སྤྲུལ་སྐུ་འཛིན་པར་ཐུགས་བསྐྱེད་ནས་ཐོབ་རྒྱལ་ལྷ་རི་སྒང་དུ་སྤྲུལ་སྐུ་འཛིན་པར་མཛད་དེ།   འདི་ལྟར་གང་དུ་འཁྲུངས་པའི་ཡུལ་དང༌། མཚན་ཇི་ལྟར་འབྱུང་བ་བཀའ་གདམས་གླེགས་བམ་ལས་ཡང་དང་ཡང་དུ་ལུང་བསྟན་ཅིང༌། རྒྱལ་བ་མཆོག་དེ་ཉིད་ཀྱིས་ཀྱང་འདི་ལྟར་འབྱུང་ངོ་ཞེས་གསལ་བར་ལུང་བསྟན་ཏེ།   རྒྱལ་བ་མཆོག་དེ་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ལ་དུས་འཁོར་གྱི་དབང་ཆེན་གནང་བའི་ཚེ་འཕྲིན་ལས་པ་ཆེན་པོ་ཕྱག་མཛོད་བློ་བཟང་ཚེ་དབང་གི་མནལ་ལམ་དུ། རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་ཐོབ་རྒྱལ་ལྷ་རི་སྒང་གི་གཟིམ་ཁང་དུ་ཕེབས་ནས་བཞུགས་པ་གསལ་བར་རྨིས། དེའི་ཚེ་དད་པ་ཚད་མེད་པ་སྐྱེས་ཤིང༌།   འོན་ཀྱང་འདིར་འབྱོན་པ་ཅི་ཡིན་སྙམ་པ་བྱུང་བ་ན་རྒྱལ་བ་མཆོག་དེའི་ཞལ་ནས།  གསུམ་ནས་ཡིན་གསུང་བ་ཞིག་གསལ་བར་རྨིས།   མནལ་སད་ནས་རྨི་ལྟས་ཇི་ལྟར་བྱུང་བ་ཡི་གེར་བྲིས་ཏེ་རྒྱལ་བ་མཆོག་ཉིད་ལ་བདག་ལ་རྨི་ལྟས་འདི་ལྟར་བྱུང་བ་ཅི་ལགས་ཞེས་ཞུས་པ་ན་རྒྱལ་བ་མཆོག་གི་བཀའ་ལས་ཁྱེད་རང་དུས་འཁོར་གྱི་གདུལ་བྱ་སྐལ་ལྡན་ཡིན་འདུག་པས་རྨི་ལྟས་བཟང་འདུག་གསུང་པ་ལས་རྒྱུ་མཚན་གསལ་བར་མ་གསུངས།དེ་ནི་རྒྱལ་བ་མཆོག་གི་སྤྲུལ་སྐུ་ལྷ་རི་སྒང་དུ་ཕེབས་པ་འཁྲུལ་མེད་ཀྱི་ལུང་བསྟན་ཏེ།    དུས་དེ་ནས་ལོ་གསུམ་སོང་བ་ན་རྒྱལ་བ་མཆོག་ཞིང་གཤེགས་ནས་ལྷ་རི་སྒང་དུ་ངོ་མཚར་པའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྤྲུལ་པའི་སྐུ་ཕེབས།   ལོ་གསུམ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་དང༌། འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་གཉིས་ཀྱིས་འཁྲུལ་མེད་དུ་ངོས་བཟུང་ནས་འཛམ་གླིང་ཆེ་དགུ་ཡོངས་ཀྱིས་མཆོད་པས་མདུན་བསུས་ཏེ་ཕོ་བྲང་ཆེན་པོའི་གསེར་ཁྲིར་མངའ་གསོལ།   གངས་ཅན་མགོན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ། ནོར་འཛིན་གྱི་ཁྱོན་ཐམས་ཅད་དུ་དར་ཕྱར་བ་དང༌།   བཀྲ་ཤིས་པའི་གླུ་དབྱངས་ལེན་པ་དང༌། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་དགའ་སྟོན་རྒྱ་ཆེན་པོ་བསྒྲུབས།   སྔོན་ཡུན་རིང་པོ་ནས་མགོན་པོ་སྤྱན་རས་གཟིགས་ཀྱི་རིགས་ཀྱི་ཅོད་པན་ནི་རྒྱལ་བ་འོད་དཔག་མེད་ཡིན་པ་ལྟར་དུས་འདིར་ཡང་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་རིགས་ཀྱི་ཅོད་པན་དུ་བཞེས་ནས་སྡོམ་གསུམ་རིམ་གྱིས་བཞེས་ཤིང༌།    དབང་ལུང་མན་ངག་མཐའ་ཡས་པ་གསན། ཁོ་བོ་ཅག་ལས་ཀྱང་རྗེ་བདག་ཉིད་ཆེན་པོའི་སྙན་རྒྱུད་ཀྱི་མན་ངག་རྣམས་ལེགས་པར་གསན་ཏེ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞེངས་ཤིང་འཇམ་མགོན་བསྟན་པའི་སྙིང་པོ་ལ་གཞན་དྲིང་མི་འཇོག་པའི་ཐུགས་ངེས་བརྟན་པོ་འཁྲུངས་པའི་ཚུལ་བསྟན་ཏེ་འཇམ་མགོན་བསྟན་པའི་སྲོག་ཤིང་དུ་གཡོ་བ་མེད་པར་བཞུགས་ཤིང༌།   གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་ཆོས་སྲིད་གཉིས་ཀའི་བདག་པོར་མངའ་གསོལ་ཏེ་ནོར་འཛིན་ཡངས་པའི་ཁྱོན་མཐའ་དག་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་ཁྱབ་ཅིང་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་ཞབས་ཟུང་འགྱུར་བ་མེད་པར་བཀོད་ནས་མཐའ་དབུས་སྐྱེ་འགྲོ་ཡོངས་ལ་ཆོས་ཀྱི་བདུད་རྩི་སྩོལ་བཞིན་པར་བཞུགས་སོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号