ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈    སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང༌།   །ཞེས་བསྔགས་པ། མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི།   གཙང་རྟ་ནག་རང་བྱུང་དུ། ཡབ་ནམ་མཁའ་དཔལ་བཟང་དང༌།    ཡུམ་ཆོས་སྐྱབས་འབུམ་གཉིས་ཀྱི་སྲས་སུ་མཛེས་བྱེད་ཀྱི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་དེ་སྐུ་འཁྲུངས།   གཞོན་ནུ་ཉིད་ནས་ཆོས་ཀྱི་བག་ཆགས་བརྟས་པས་ཀློག་ཡིག་སོགས་ཚེགས་མེད་པར་མཁྱེན་ཅིང༌། ཁྱིམ་གྱི་གནས་ནི་ཉེས་པ་དུ་མའི་འབྱུང་གནས་སུ་རིག་ནས།   སྤྱིར་འཁོར་བའི་ཕུན་ཚོགས་མཐའ་དག་དང༌།   ཁྱད་པར་ཁྱིམ་གྱི་འདུ་འཛི་དང་ལོངས་སྤྱོད་ལ་མ་ཆགས་པར་དགུང་ལོ་བཅུ་གསུམ་པ་ན་བྲག་དམར་ཆོས་སྡིངས་སུ། ཆོས་རྗེ་བློ་གྲོས་མགོན་པོ་བས་མཁན་པོ་དང༌། བྱང་སེམས་ཆོས་འཕེལ་རྒྱལ་མཚན་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་སྟེ་མཁན་སློབ་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི་བཅས་མཚམས་ལས་ནམ་ཡང་མི་འདའ་ཞིང༌།   རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་གཉིས་ལས་ཐོག་མར་སྡེ་སྣོད་གསུམ་ལ་ཐོས་པ་བྱ་དགོས་པར་གཟིགས་ནས་རི་ཁུད་ཆོས་སྡེར་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་འཚོལ་བ་ལ་ཞུགས་སོ།   །དམ་པ་འདི་རི་ཁུད་ཆོས་སྡེར་བཞུགས་པའི་དུས་སུ་མཁས་གྲུབ་ཤེས་རབ་སེངྒེ་དང༌།   ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང༌།   འདུལ་འཛིན་བློ་གྲོས་སྦས་པ་རྣམས་ཀྱང་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་དང་ཡོན་བདག་ཆེན་པོ་དགེ་སྦྱོང་དཀར་པོ་སོགས་ཀྱིས་གདན་དྲངས་ཏེ་ཞལ་འཛོམ་ནས་སྡེ་སྣོད་གསུམ་དང་དེ་དག་གི་དགོངས་འགྲེལ་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ཀྱི་ཆོས་སྒྲ་རྒྱ་ཆེར་སྒྲོག་པར་མཛད། དེ་དུས་རི་ཁུད་ཆོས་སྡེ་ན་མཁས་གྲུབ་ཆེན་པོ་གོང་དུ་སྨོས་པ་དེ་དག་དང་དེ་དག་གི་ཐུགས་སྲས་སེམས་དཔའ་ཆེན་པོ་མང་པོ་འཚོགས་ཏེ་ཐམས་ཅད་ཀྱང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཚེ་འདིའི་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྡེ་སྣོད་གསུམ་གྱི་ཆོས་སྒྲ་བརྒྱུད་མར་སྒྲོག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་འདྲ་བ་ཞིག་ཡོད་ཅེས་མཁས་གྲུབ་ནོར་བཟང་རྒྱ་མཚོ་ཉིད་གསུང་ངོ༌།   །དེ་ནས་དམ་པ་འདིས་གྲྭ་ཚང་ཆེན་མོ་སོགས་སུའང་ཐུགས་གཉེར་ལ་བྱོན་ཏེ་གཞུང་ལུགས་རྣམས་ལ་སྦྱངས་པས་རིང་པོར་མ་ཐོགས་པར་རིགས་ལམ་ལ་མཁས་པར་གྱུར་ཅིང༌།     དེ་ནས་འཆུམས་བདེ་ཆེན་དང༌། ཆོས་འཁོར་སྒང་སོགས་སུ་བྱོན་ནས་གཞུང་ལུགས་རྣམས་ལ་ཐོས་པ་རྒྱ་ཆེར་བཙལ་ཞིང༌།ཀུན་མཁྱེན་ཤེས་རབ་རིན་ཆེན་སོགས་བཤེས་གཉེན་དམ་པ་དུ་མ་ལ་དབང་ལུང་མན་ངག་དུ་མ་གསན། དེ་ནས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་ཞབས་ལ་གཏུགས་ཏེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་དཔལ་ཨ་ཏི་ཤ་དང༌།   ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་གཉིས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལེགས་པར་གསན་ནས་ཐུགས་རྒྱུད་ལ་སྦྱར་ཏེ་མྱོང་བ་ཐོན་པར་མཛད། གཞན་ཡང་ཕར་ཕྱིན།   དབུ་མ། འདུལ་བ། མངོན་པ་རྣམས་དང༌།   ལྷག་པར་ཚད་མ་རྣམ་འགྲེལ་ལ་ཞིབ་ཏུ་སྦྱངས་ཏེ།   གཞུང་ལུགས་ཆེན་པོ་དེ་དག་གདམས་ངག་ཏུ་འཆར་ཚུལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་ཞལ་ནས་གསུངས་པ་མཐའ་དག་ལེགས་པར་གསན་ཏེ་རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར། དེ་ནས་དབུས་སུ་ཕེབས་ནས་གསང་ཕུ་སོགས་སུ་ཕེབས་ཏེ་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པས་ས་སྟེང་ཁྱབ་པར་གྱུར།   དེ་ནས་དམ་པ་འདི་དགུང་ལོ་སོ་ལྔ་ལ་བབ་པ་ན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ།    ཆོས་ཀྱི་རྗེ་བློ་གྲོས་ཆོས་སྐྱོང་བས་མཁན་པོ།   ཆོས་རྗེ་གྲགས་འོད་པས་ལས་སློབ། རོང་པོ་བློ་བཟང་པས་གསང་སྟོན་མཛད་དེ། བསྙེན་པར་རྫོགས་ཏེ་རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པའི་དཔལ་ཐོབ་སྟེ་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར་ཏོ།   །དེ་ནས་ཆོས་རྗེ་བློ་གྲོས་ཆོས་སྐྱོང་སོཌ་བཤེས་གཉེན་དུ་མ་ལ་རྗེ་ཐམས་ཅད་མཁྱེན་པའི་གསུང་རྣམས་ཀྱི་ལུང་སོགས་མདོ་སྔཌ་ཀྱི་ཆོས་མང་དུ་གསན།   དེ་ནས་དགུང་ལོ་སོ་བདུན་ལ་འོལ་ཁར་ཕེབས་ཏེ།   དབེན་གནས་རིན་ཆེན་སྒང་དུ་ཆོས་རྗེ་ཆོས་གྲགས་པ་ལ་ཆོས་མང་དུ་གསན་ནོ། །དེ་ལྟར་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་རྒྱ་ཆེར་མཛད་དེ་གདམས་པའི་གཏེར་དུ་གྱུར་པ་ན་ཚེ་འདིའི་འཁྲི་བ་ཕྲ་མོའང་མེད་པར་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་མཚུངས་པར་སྲོག་འཚོའི་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་གཙོ་བོར་དབེན་གནས་རིན་ཆེན་སྒང་དང་གཞན་ཡང་ཨེའི་ཏེའུ་ར་དང༌།   འོལ་ཁ་ཆོས་ལུང་དང༌།   རྒྱ་སོག་ཕུ་དང༌། ལྷ་སྡིངས་སོགས་རྗེ་རིན་པོ་ཆེའི་སྒྲུབ་གནས་རྣམས་སུ་ལོ་བཞི་བཅུ་ཙམ་གྱི་བར་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་ཏེ་རྒྱུ་ཚོགས་ཚང་བའི་ཉམས་ལེན་ལ་འབད་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཉམས་ལེན་མཐར་ཕྱིན་ཞིང༌།  རིམ་ལྔ་དང་སྦྱོར་དྲུག་སོགས་བླ་མེད་ཀྱི་ལམ་རིམ་གཉིས་ལ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པ་དང༌། ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ཤིང༌།   གཟུངས་དང༌། སྤོབས་པ་དང༌། མངོན་པར་ཤེས་པ་སོགས་ཡོན་ཏན་མཐའ་ཡས་པ་ཐོབ་སྟེ་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་གྱུར་ནས་ཐུན་བཞིའི་རྣལ་འབྱོར་འཆག་མེད་ཀྱི་ངང་ནས་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་ལམ་རིམ་གྱི་ཁྲིད་དང༌།   སྔགས་ཀྱི་དབང་ལུང་མན་ངག་མཐའ་ཡས་པ་སྩལ་ཞིང་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན།   པད་དཀར་ཞལ་ལུང༌།   དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་གནད་དོན་གསལ་བར་སྟོན་པ་རིམ་ལྔ་ཡང་གསལ་སོགས་ལེགས་བཤད་མང་དུ་མཛད་ཅིང༌།   གཙོ་བོར་འཇམ་མགོན་བླ་མའི་སྒྲུབ་རྒྱུད་ཀྱི་བསྟན་པ་བཟུང་སྟེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་ཕྱིར་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་ནས།    འཇམ་མགོན་བླ་མའི་མན་ངག་ལ་བརྟེན་ནས་ཟུང་འཇུག་གྲུབ་སྟེ་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་པ་ན་དགུང་ལོ་གོ་གཅིག་ཏུ་ཕེབས་པ་ཆུ་བྱ་ཟླ་བ་དྲུག་པའི་ཉེར་ལྔ་ལ་སྐུའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་ལ་སོགས་པ་དག་པའི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་པ་བྱེ་བ་ཕྲག་བརྒྱར་སྟོན་ཅིང་བཞུགས་སོ། །བདག་ཉིད་ཆེན་པོ་འདི་ལ་རྒྱུད་འཛིན་སློབ་མ་མང་དུ་བྱུང་བ་ལས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའོ།    །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་ནོར་བཟང་རྒྱ་མཚོ་ལ་གསོལ་བ་འདེབས་ཤིང༌།མཁས་གྲུབ་ཆེན་པོ་འདིའི་རྣམ་ཐར་ལྟར་སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་ཉམས་པ་མེད་པར་བསྲུང་བ་གཞིར་བཞག་ནས་ཚེ་འདིའི་འཁྲི་བ་བཅད་དེ་དབེན་པའི་གནས་སུ་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་ལེན་སྙིང་པོར་བྱའོ།   །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号